Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ཚེ་དབང་རྡོ་རྗེའི་སྲོག་རྫོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ཚེ་དབང་རྡོ་རྗེའི་སྲོག་རྫོང་།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ཚེ་དབང་རྡོ་རྗེའི་སྲོག་རྫོང་།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ཚེ་དབང་རྡོ་རྗེའི་སྲོག་རྫོང་ཞེས་བྱ་བ་བཞུགས་སོ༔

ན་མོ་གུ་རུ་པདྨ་དྷེ་ཝ་ཌཱཀྐཱི་ནི་ཡེ༔ ཚེ་དབང་རིག་འཛིན་པད་འབྱུང་རྗེ༔ སྙིགས་མའི་འགྲོ་ལ་ཐུགས་བརྩེ་བས༔ སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི༔ ཚེ་དབང་རྡོ་རྗེའི་སྲོག་རྫོང་བསྟན༔ ཚེ་ཟད་རྩ་བའི་རྒྱུ་གསུམ་ནི༔ ཚེ་རྟེན་ཡལ་དང་དྭངས་མ་ཉམས༔ ལས་ཀྱི་འཕེན་པ་རྫོགས་པ་སྟེ༔ ཐམས་ཅད་དེ་ལ་མ་འདུས་མེད༔ ལྷ་འདྲེས་བླ་ཁྱེར་གདོན་གྱིས་བརྐུས༔ སྡེ་བརྒྱད་གདུགས་པས་འཕྲོག་པ་དང་༔ མཐུ་ལྡན་རྣམས་ཀྱིས་གཏོར་བ་དང་༔ གློ་བུར་འཇིགས་པས་གས་པའོ༔ སྡུག་བསྔལ་དྲག་པོས་ནོན་པ་དང་༔ ཁ་ཟས་སྤྱོད་ལམ་སྨན་ལོག་པ༔ འབྱུང་བ་དགྲ་གཤེད་ཉོན་མོངས་འཁྲུགས༔ རིམས་དང་གདོན་གྱིས་ཟིན་པ་དང་༔ མི་རབས་བརྒྱུད་པའི་ཚེ་སྲི་དང་༔ སྲོག་གཅོད་ལས་དང་བསོད་ནམས་ཟད༔ དམ་པའི་ཡུལ་ལ་སྨོད་པ་དང་༔ སྡིག་ཆེན་བསག་པའི་འབྲས་བུ་སྨིན༔ བར་ཆད་སེལ་བའི་ཟླ་མེད་ཐབས༔ ཚོགས་ཆེན་གསོག་དང་བཅུད་ལེན་བརྟེན༔ གཟུངས་སྔགས་བཟླ་དང་རྩ་རླུང་སྦྱང་༔ བྱིན་གྱིས་བརླབས་དང་ཏིང་འཛིན་སྒོམ༔ ས་མཱ་ཡ༔ རྡོ་རྗེའི་ཚེ་དབང་སྐུར་བ་ལ༔ རྫས་བསག་དཀྱིལ་འཁོར་བཞེངས་པ་དང་༔ དབང་སྐུར་མན་ངག་སྒོམ་པ་དང་༔ ཐུན་མཚམས་རྣལ་འབྱོར་བྱ་བའོ༔ དང་པོ་དམ་རྫས་བསོག་པ་ལ༔ འཆི་མེད་ཚེ་རིལ་ཚེ་ཆང་དང་༔ ཚེ་བུམ་ཚེ་རྟེན་ཚེ་སྲུང་ངོ༔ དཀྱིལ་འཁོར་ལ་ནི་ཐིག་རྡུལ་ཚོན༔ བུམ་པ་གཏོར་མ་སྒྲུབ་རྫས་བཤམས༔ ཚེ་དབང་བསྐུར་བའི་སྔོན་འགྲོ་དང་༔ དངོས་གཞི་རྗེས་རིམ་བཀྲ་ཤིས་སོ༔ མན་ངག་བསྐྱེད་རིམ་སྔགས་རིམ་དང་༔ རྫོགས་རིམ་ཚེ་ཡི་ལས་སྦྱོར་རོ༔ ཐུན་མཚམས་གླུད་སོགས་མཆོད་སྦྱིན་དང་༔ རྟེན་བཞེངས་ལམ་བཅོས་ཟམ་པ་འཛུག༔ སཱཙྪཱ་དར་ཅོག་ཕྱར་བའོ༔ འཆི་མེད་ཚེ་ཡི་རིལ་བུ་ནི༔ ཕོ་མོའི་ཐོད་པ་མཚན་ལྡན་འམ༔ ཡང་ན་རིན་ཆེན་བུམ་པ་རུ༔ ཨ་བར་སྐྱུར་གསུམ་དབང་པོ་ལག༔ རྒུན་བྲུམ་ར་མཉེ་ར་མོ་ཤག༔ དཀར་པོ་ཆིག་ཐུབ་སྒ་སེར་དང་༔ ཤུ་དག་ཅོང་ཞི་བྲག་ཞུན་དང་༔ མར་གསར་གླ་རྩི་ག་བུར་བཅས༔ སྦྲང་རྩིས་དྲིལ་ལ་རིལ་བུ་བྱ༔ སྦྱོར་ཚད་དང་པོ་བཞི་བོ་མཉམ༔ གཉིས་པ་བཞི་མཉམ་དང་པོའི་ཕྱེད༔ ཕྱི་མ་བཞི་མཉམ་གཉིས་པའི་ཕྱེད༔ ལྷག་མ་གསུམ་ནི་མཚོན་ཙམ་སྟེ༔ བོང་བསྐྱེད་དུག་མེད་ཟས་སྣ་སྦྱར༔ སྤྲོས་མེད་རྣམས་ལ་དང་པོ་བཞི༔ ཟས་ལ་སྦྱར་བས་འདོད་དོན་འགྲུབ༔ ཨ་རུ་ར་ནས་སྦྲང་རྩིའི་བར༔ སྨན་སྣ་བཅུ་དྲུག་རྡོ་རྗེའི་རྫས༔ དགའ་བ་བཅུ་དྲུག་ལང་ཚོ་རྒྱས༔ ཚེ་འཕེལ་བཅུད་ལེན་རྒས་པ་བྲལ༔ རྡོ་རྗེའི་ཚེ་ལ་དབང་ཐོབ་འགྱུར༔ རྟེན་འབྲེལ་རྫས་ནི་དཀར་གསུམ་དང་༔ འབྲུ་ཡི་བྱེ་མར་མངར་གསུམ་སྦྱར༔ ཡང་ན་མར་གྱི་རིལ་བུ་དྲིལ༔ ཚེ་གཡང་འཕེལ་བའི་རྫས་མཆོག་གོ༔ ས་མཱ་ཡ༔ ཚེ་ཆང་བདུད་རྩི་ལྔ་ཡི་སྐྱོབ༔ ཡང་ན་འབྲུ་སྣ་བསྙལ་བའི་ཆང་༔ དཀར་ཆོལ་མངར་དང་སྐྱུར་བ་༔ མར་དཀར་རིལ་བུ་ཉི་ཟླས་བརྒྱན༔ བདེ་སྐྱོང་སྣོད་དམ་རིན་ཆེན་སྣོད༔ གཙང་ཞིང་བཀྲ་ཤིས་ཡོལ་གོར་བཅུག༔ སྟོང་ཕྱོགས་རྟེན་འབྲེལ་བཅུད་ཆེན་པོ༔ མྱོང་བས་ཚེ་ཡིས་དཔལ་སྟེར་འགྱུར༔ ས་མཱ་ཡ༔ ཚེ་བུམ་གསེར་དངུལ་རིན་པོ་ཆེ༔ ངོས་ལ་བཀྲ་ཤིས་རེ་ཁས་མཚན༔ ཚེ་ཡི་གཟུངས་ཐག་དྲ་བ་འབྲེལ༔ ཁ་རྒྱན་སྨན་གྱི་ལྗོན་པས་མཛེས༔ སྟེང་དུ་རིགས་གྱི་བདག་པོའི་གཟུགས༔ སྲོག་ཡིག་ཕྱག་མཚན་རྡོ་རྗེའི་རྒྱ༔ ནང་དུ་འཆི་མེད་བཅུད་ཀྱིས་གཏམ༔ ཁམས་གསུམ་ཀུན་གྱི་བཅུད་སྡུད་པའི༔ ཚེ་ཡི་བུམ་པ་འཆང་ཙམ་གྱིས༔ ཚེ་དཔལ་ཤུགས་ཀྱིས་འགུགས་པ་ཡི༔ ཚེ་དཔག་མེད་མགོན་ཕྱག་རྒྱའོ༔ ས་མཱ་ཡ༔ ཚེ་ཡི་རྟེན་ནི་མདའ་དར་སྟེ༔ རིན་པོ་ཆེའམ་རྦ་སྨྱུག་ནི༔ མཚན་བཀྲ་ལེགས་པའི་ལག་ནས་འོངས༔ ཚིགས་གསུམ་སྲིད་གསུམ་སྲོག་གི་རྟེན༔ སྟོང་ནི་དམར་པོ་ཟངས་ལ་བྱ༔ སྒྲོ་ནི་ཕོ་རོག་གཤོག་པར་བྱ༔ རྩ་བ་ནག་པོ་ལྕགས་ལས་གྲུབ༔ འགྱུར་མེད་རྡོ་རྗེའི་རྒྱ་མདུད་ལྡན༔ རྣོ་བའི་ངར་ལྡན་མདེའུ་བྱ༔ སྐུ་རྟེན་རྒྱ་མདུད་གསུང་གཡེར་ཁ༔ ཐུགས་རྟེན་མེ་ལོང་གཙང་མ་དང་༔ ཡོན་ཏན་གསེར་གྱི་ཨ་ལོང་བྱ༔ འཕྲིན་ལས་རྣོ་བ་ལྕགས་ཀྱུ་དང་༔ འབྱུང་ལྔ་འགུགས་བྱེད་དར་ལྔ་དཔྱངས༔ ལྷ་ཡི་རྟེན་ནི་དམུ་ཐག་དཀར༔ དཔའ་བོའི་རྟེན་ནི་གཟི་ཡིན་ལ༔ དཔའ་མོའི་རྟེན་ནི་གྲོན་བུ་དང་༔ སྲུང་མའི་རྟེན་ལ་རུ་མཚོན་བཙུགས༔ བྱིས་པའི་ཚེ་རྟེན་མུ་མེན་ལ༔ དར་མའི་ཚེ་རྟེན་དུང་གི་ཤྭ༔ ཕོ་རྟེན་དུང་ལ་མོ་རྟེན་གཡུ༔ རྒན་པོའི་ཚེ་རྟེན་ས་ལེ་སྦྲམ༔ བླ་མའི་ཚེ་རྟེན་སྤོས་ཤེལ་ལོ༔ སྲིད་པའི་བྱང་བུ་མིག་དགུ་བཙུག༔ རབ་གནས་ལྡན་པ་གང་དུ་གནས༔ དེ་ལ་སྲིད་པའི་བླ་ཆགས་ཤིང་༔ དཔའ་བོ་མཁའ་འགྲོ་ཤུགས་ཀྱིས་འདུ༔ ཚེ་དཔལ་བརྟན་ཅིང་འཕེལ་བར་འགྱུར༔ ས་མཱ་ཡ༔ བཀྲ་ཤིས་ཚེ་ཡི་སྲུང་འཁོར་ནི༔ ཕྱི་ནས་མེ་རི་རྡོར་ཕྲེང་དང་༔ མུ་འཁྱུད་པྲེང་བ་རིམ་པ་གསུམ༔ རྡོ་རྗེ་རྒྱ་གྲམ་ལྟེ་བ་རུ༔ མུ་འཁྱུད་གསུམ་དབུས་དགའ་འཁྱིལ་བཀོད༔ སྔགས་ཀྱི་བཀོད་ཚུལ་འདི་ལྟ་སྟེ༔ དགའ་འཁྱིལ་ལ་ནི་ཡི་གེ་གསུམ༔ མུ་འཁྱུད་དང་པོར་ཚེ་དཔག་མེད༔ གཉིས་པ་ཐུགས་རྗེ་ཆེན་པོ་དང་༔ གསུམ་པར་པདྨ་འབྱུང་སྙིང་པོ༔ རྒྱ་གྲམ་རྩིབས་མཆན་བཞི་པོ་ལ༔ བསམ་པ་ལྷུན་གྲུབ་གསོལ་འདེབས་ཚིགས༔ མདུན་ནས་གཡས་སྐོར་ཆ་བཞིར་བགོས༔ དེ་ཕྱིར་མི་འཁྱུད་ཚེ་གཟུངས་དང་༔ དེ་ཕྱིར་ཡི་དམ་བཅུ་གསུམ་སྔགས༔ དེ་ཕྱིར་རྡོ་རྗེའི་གོ་ཁྲབ་སྟེ༔ མུ་འཁྱུད་རིམ་གསུམ་ཁེང་བར་འབྲི༔ སྲུང་རྫས་བཟང་དྲུག་འབྲས་བུ་གསུམ༔ བཙན་དུག་མུ་ཟི་གླ་བའི་རྩི༔ གནས་ཆེན་ས་དང་ཆུ་ཡིས་བྱུགས༔ དཔའ་བོ་དཔའ་མོའི་དབུ་སྐྲ་དང་༔ དམ་རྫས་བདུད་རྩི་ཆོས་སྨན་བཅུག༔ ཚོན་སྐུད་ལྔས་བསྡམ་གོས་དམར་གསོལ༔ རབ་གནས་ལྡན་པའི་སྲུང་འཁོར་དེ༔ གང་དུ་བཞུགས་པའི་ས་ཕྱོགས་སུ༔ ལྷ་ཀླུས་བཀུར་ཞིང་མཆོད་རྟེན་འགྱུར༔ སུ་ཡིས་བཅངས་ལ་རྩ་གསུམ་གྱིས༔ སྲུང་ཞིང་ཚེ་ཡི་བར་ཆད་སེལ༔ ཡང་ན་སྐུད་པ་དམར་པོ་ལ༔ ཚེ་ལྷས་སྔགས་བཏབ་མདུད་པ་བོར༔ དེས་ཀྱང་དུས་མིན་འཆི་ལས་སྐྱོབས༔ ས་མཱ་ཡ༔ ཚེ་ཡི་དཀྱིལ་འཁོར་བཀོད་པ་ནི༔ ཡི་དམ་བཅུ་གསུམ་སྤྱི་ལྟར་ལ༔ ཁྱད་པར་ཚེ་ཡི་ལས་སྦྱོར་སྐབས༔ ཚེ་བཅུད་འདུས་པའི་དགའ་བ་འཁྱིལ༔ འགྱུར་མེད་དོ་རྗེའི་རྒྱ་གྲམ་མཐིང་༔ གཞལ་ཡས་ཁང་བཟང་སྒོ་རྫོགས་པ༔ རྡོ་རྗེ་ལ་སོགས་སྲུང་འཁོར་དྲུག༔ སོ་སོར་རྟོག་པའི་ཡེ་ཤེས་འཕྲུལ༔ རྡུལ་ཚོན་དམར་ཤས་ཆེ་བ་བྱ༔ གཏོར་མ་འབྲང་རྒྱས་ཞལ་དཀར་དབུས༔ ཚེ་རིལ་གཡས་ལ་ཚེ་ཆང་གཡོན༔ ཚེ་མདའ་མི་འགྱུར་བྱང་ཏུ་གདབས༔ སྐུ་ཚབས་ཕྲེང་བ་མེ་ལོང་དང་༔ ཚེ་ཡི་བུམ་པ་མདུན་དུ་བཀོད༔ ལས་བུམ་རྟ་མགྲིན་སྐུ་བརྙན་བཞུགས༔ རྟེན་འབྲེལ་ཟབ་མོའི་ནུས་པ་ཡིས༔ ཚེ་ཡི་དཀྱིལ་འཁོར་བཀོད་ཙམ་གྱིས༔ ཚེ་ལྷས་བྱིན་འཕེབས་བར་ཆད་སེལ༔ ས་མཱ་ཡ༔ དངོས་གཞི་ཚེ་དབང་སྐུར་བ་ལ༔ བུམ་པ་སྒྲུབ་ཅིང་སྐུ་ཁྲུས་གསོལ༔ ཚེ་གླུད་བཏང་ཞིང་སྲུང་འཁོར་སྒོམ༔ གསོལ་འདེབས་བྱིན་དབབ་ཚེ་དབང་བསྐུར༔ ཚེ་བཅུད་བསྡུས་ཤིང་ཚེ་སྦས་ཤིང་༔ དམ་ཚིག་ཁས་ལེན་བཀྲ་ཤིས་བརྗོད༔

དང་པོ་བུམ་པ་སྒྲུབ་པ་ནི༔ ཧྲཱི༔ བདག་བདུན་དབྱེར་མེད་གཟུངས་སྔགས་འོད་ཟེར་ཀྱིས༔ ཚེ་འཛིན་བུམ་ལྷའི་ཐུགས་དམ་རྒྱུད་བསྐུལ་ཏེ༔ སྐུ་ལས་འོད་དང་གསུང་གི་སྔགས་ཀྱི་སྒྲ༔ ཐུགས་དམ་འགྱུར་མེད་བདེན་པས་ཚེ་བཅུད་བསྡུས༔ ལྷ་ཚོགས་བདེ་ཆེན་དགའ་བའི་མྱོས་པ་ལས༔ བདུད་རྩིས་རྒྱུན་བབ་བུམ་པ་ཡོངས་སུ་ཁེངས༔ ཟེར་རླངས་འོད་ཟེར་སྒྲུབ་རྫས་རྣམས་ལ་ཐིམ༔ འཆི་མེད་ཚེ་ལྷའི་བྱིན་རླབས་རྫས་མཆོག་གྱུར༔ རྩ་སྔགས་ལྷ་ཚོགས་སྔགས་རྣམས་དང་༔ ཚེ་ཡི་ཛྲབ་དབྱངས་འདི་བཞིན་སྒྲོགས༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་པུཎྱེ་ཛྙཱ་ན་ཨཱ་ཡུར་སིདྡྷི་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཚེ་གཟུངས་བཏོན་ཅིང་ཚེ་འགུགས་བྱ༔ ས་མཱ་ཡ༔ ཚེ་ཆུས་ཁྲུས་གསོལ་བྱ་བ་ནི༔ ཧྲཱི༔ འཆི་མེད་དཔལ་སྟེར་མགོན་པོ་ཚེ་དཔག་མེད༔ ཚེ་ཡི་རིག་འཛིན་གྲུབ་པ་པདྨ་འབྱུང་༔ ཚེ་ལྷ་རབ་འབྱམས་གསང་གསུམ་བདུད་རྩི་ཡིས༔ ཚེ་གེགས་ནད་གདོན་སྡིག་སྒྲིབ་ཞི་གྱུར་ཅིག༔ དམ་ཉམ་རོ་ཡུག་དམེ་གྲིབ་ཞི་གྱུར་ཅིག༔ བདུད་བཙན་རྒྱལ་པོའི་གནོད་པ་ཞི་གྱུར་ཅིག༔ དམུ་དང་ཐེའུ་རང་གནོད་པ་ཞི་གྱུར་ཅིག༔ ལྷ་ཀླུ་སྡེ་བརྒྱད་འཁོན་གྲིབ་ཞི་གྱུར་ཅིག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ལས་བྱུང་བའི༔ འཇིགས་པ་བརྒྱད་དང་བཅུ་དྲུག་ཚེ་ཡི་གེག༔ ཚེ་ལྷ་རྩ་གསུམ་བདེན་པས་ཞི་བ་དང་༔ འཆི་མེད་རྟག་བརྟན་ཚེ་ལ་དབང་གྱུར་ཅིག༔ ཁྲུས་ཆུ་ལན་གསུམ་བཏུང་ཞིང་བཤལ༔ འཐུང་ཚེ་བྱིན་རླབས་ཞུགས་པ་དང་༔ ཁ་བཤལ་ཚེ་ན་ཐོག་མེད་ནས༔ སྒོ་གསུམ་སྲོག་གཅོད་ལས་ངན་སྦྱང་༔ ཚེ་གཟུངས་བཏོན་ཅིང་ཚེ་ཁྲུས་ཀྱིས༔ ཚེ་ཡི་གནོད་པ་མ་ལུས་པ༔ མཁའ་ལ་སྤྲིན་དེངས་ལྟར་འགྱུར་བའི༔ ཟབ་པའི་གདམས་པ་ཨེ་མ་ཧོ༔ ས་མཱ་ཡ༔ འཆི་སླུ་ཚེ་གླུད་གཏོང་བ་ནི༔ དགོད་དང་ན་དང་འཇིགས་པའི་ཚུལ༔ སྐྱེ་མཆེད་ཚང་བའི་གླུད་གཟུགས་གསུམ༔ རང་གི་གོས་རྙིང་སྐྲ་སེན་བཅུག༔ ནམ་མཁའ་ལན་ཆགས་སྒྲོན་མེ་དང་༔ འདོད་པའི་གཟུགས་རིས་སྣ་ཚོགས་བྱ༔ ཤ་དུམ་ཟས་སྣ་གོས་སྣ་སོགས༔ ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་རླབས༔ འབྲུ་གསུམ་བརྒྱ་རྩས་སྦྱང་སྤེལ་བསྒྱུར༔ བདེ་གཤེགས་རིན་ཆེན་མང་གཟུགས་མཛེས༔ འཇམ་ཀླས་འཇིགས་ཀུན་བྲལ་བ་བཞིས༔ བདེན་པ་བརྗོད་ཅིང་འདི་ལྟར་བསྔོ༔

ཀྱེ༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས༔ བླ་མ་ཡི་དང་མཁའ་འགྲོ་དང་༔ བསྟན་སྲུང་བདེན་ཚིག་འགྲུབ་རྣམས་ཀྱིས༔ བགེགས་རིགས་མགྲོན་རྣམས་ཐུགས་རྗེས་ཟུངས༔ ཚེ་སྲོག་ནོར་ཀྱི་ལན་ཆགས་པའི༔ སྣང་ཞིང་སྲིད་པའི་ལྷ་འདྲེའི་ཚོགས༔ འབྱུང་བ་ལྔ་ལ་དབང་བྱེད་ཅིང་༔ ཚོགས་བརྒྱད་རང་གཟུགས་སྡེ་བརྒྱད་རྣམས༔ ཉོན་ཅིག་རྒྱལ་བའི་བཀའ་ལ་ཉོན༔ དེ་རིང་ཡོན་གྱི་བདག་པོ་ཡི༔ ཚེ་སྲོག་སླུ་བའི་གླུད་འདི་གཏོང་༔ མི་ལས་ལྷག་པའི་གླུད་གཟུགས་འདིས༔ ལན་ཆགས་བདག་པོ་ཚིམ་པར་མཛོད༔ བཟུང་བ་ཐོང་ལ་བཅིང་བ་ཁྲོལ༔ བསྡམ་ལ་ཀློད་ལ་མནན་པ་འཁྱོག༔ ལན་ཆགས་བུ་ལོན་འཁོར་གྱུར་ཅིག༔ སྐྱེ་བ་མི་ལ་འབྱུང་བ་གླུད༔ ཁྱེར་ཅིག་ཁྱེར་ཅིག་གླུད་བདག་རྣམས༔ ལོ་བདག་སྲོག་བདག་ཞེན་པ་རྣམས༔ དྲན་དང་གཟུང་དང་བསམ་དང་རེག༔ གློད་དང་ཞི་དང་གྲོལ་བར་མཛོད༔ ཨ་ཨ་ཨ༔ དེ་ལྟར་ལན་གཅིག་བྱ་ནུས་ན༔ འཆི་བ་སླུ་ལ་ཚེ་གེགས་སེལ༔ མཐའ་མ་དྲག་པོའི་ཐུན་གྱིས་གདབ༔ གསོན་བདུད་བར་ལག་འགྱེལ་བར་བྱ༔ དེ་ནས་སྲུང་འཁོར་འདི་ལྟར་སྒོམ༔ ཨ༔ ལྷ་འདྲེར་འཛིན་པ་རང་སར་དེང་༔ རྟོག་མེད་ངང་ལས་ཡེ་ཤེས་རྩལ༔ འབྱུང་ལྔ་རྡོ་རྗེ་ཡེ་ཤེས་གུར༔ ཕྱོགས་མཚམས་མེད་པར་ཀུན་ཏུ་གཏམ༔ བཛྲ་ཙཀྲ་རཀྵ་བྷྲཱུྃ༔ སྣང་སྲིད་ལྷ་དང་གཞལ་ཡས་ཁང་༔ རང་ཉིད་དྲག་པོའི་ང་རྒྱལ་བསྐྱེད༔ སྲུང་བྱ་གནམ་ལྕགས་རྡོ་རྗེ་སྒོམ༔ ཐམས་ཅད་ཆོས་སྐུའི་ཀློང་དུ་སྦ༔ ས་མཱ་ཡ༔ ཚེ་དབང་སྐུར་བར་གསོལ་འདེབས་ནི༔ ཨེ་མ་ཧོ༔ སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་བླ་མ་རྗེ༔ ཚེ་དཔག་མེད་མགོན་ཨོ་རྒྱན་པདྨ་འབྱུང་༔ དུས་མིན་འཆི་བྲལ་རྡོ་རྗེའི་སྐུ་སྒྲུབ་ཕྱིར༔ འཆི་མེད་རྡོ་རྗེ་ཚེ་ཡི་དབང་སྐུར་སྩོལ༔ ནན་གྱིས་གསོལ་བ་བཏབ་པའི་པའི་ཚེ༔ བླ་མས་གནང་བ་སྦྱིན་པ་ནི༔ ཧོ༔ མཁའ་ཁྱབ་འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཕྱིར༔ མྱང་འདས་རྡོ་རྗེའི་སྐུ་མཆོག་སྒྲུབ་པ་ལེགས༔ དུས་མིན་འཆི་བའི་བདུད་ལས་རྒྱལ་བའི་ཐབས༔ རྡོ་རྗེ་ཚེ་ཡི་དབང་མཆོག་ཁྱོད་ལ་སྦྱིན༔ སློབ་མ་དགའ་བ་ཆེན་པོ་ཡིས༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ སྒོ་གསུམ་གུས་པ་ཆེན་པོ་ཡིས༔ ཡན་ལག་བདུན་ཀྱི་ཚོགས་གསོག་བྱ༔ ས་མཱ་ཡ༔

ཡེ་ཤེས་ཚེ་ལྷའི་བྱིན་དབབ་ནི༔ ཨ༔ སློབ་མའི་ཕུང་ཁམས་སྐྱེ་མཆེད་ཀུན༔ ཡེ་སྟོང་སྤྲོས་པ་བྲལ་བའི་ངང་༔ སྙིང་པོ་ཧྲཱི༔ཡིག་དམར་པོ་ལས༔ འོད་འཕྲོས་བྱིན་བསྡུས་འོད་ཕུང་གྱུར༔ སྐད་ཅིག་མཁའ་ལ་འཇའ་ཤར་བཞིན༔ སློབ་མ་པདྨ་བདེ་བ་ཆེ༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཅན༔ མཚན་དཔེའི་དཔལ་འབར་གཞོན་ནུའི་ཚུལ༔ ཚེ་ཡུམ་ལྷ་ལྕམ་དཀར་མོས་འཁྲིལ༔ ཡབ་ཀྱིས་བྷནྡྷ་ཚེ་བུམ་དང་༔ ཡུམ་ཀྱིས་མདའ་དར་ཚེ་བུམ་བསྣམས༔ ཡབ་ཡུམ་གཉིས་མེད་ལོངས་སྐུའི་ཆས༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས༔ རང་བཞིན་དག་པའི་ཞིང་མཆོག་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་ཏུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ མ་གཡེལ་མ་གཡེལ་ཐུགས་རྗེ་ཅན༔ བསྐུལ་ལོ་བསྐུལ་ལོ་གནས་འདིར་བྱོན༔ མཛོད་ཅིག་མཛོད་ཅིག་བར་ཆད་སོལ༔ སྩོལ་ཅིག་སྩོལ་ཅིག་བྱིན་ཆེན་ཕོབས༔ འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས༔ ལུས་ལ་རྡོ་རྗེའི་ཚེ་དབང་སྐུར༔ ངག་ལ་གཞོམ་མེད་སྔགས་རྒྱས་ཐོབ༔ ཡིད་ལ་བདེ་སྟོང་ཡེ་ཤེས་བསྐྱེད༔ དུས་མིན་འཆི་བའི་བར་ཆད་ཟློག༔ འབྱུང་ཁམས་དབང་དུ་བསྒྱུར་བ་དང་༔ འཕོ་མེད་འོད་གསལ་མངོན་ཏུ་གྱུར༔ ཚེ་དང་སྨོན་ལམ་དབང་བཅུ་ཐོབ༔ རྟག་བརྟན་རྡོ་རྗེའི་སྐུ་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ དེ་ལྟར་གདུང་བའི་དབྱངས་ཀྱིས་བསྐུལ༔ སྐུ་དང་ཡིག་འབྲུ་ཕྱག་མཚན་དང་༔ ཐིག་ལེ་བདུད་རྩི་ཆར་བཞིན་བབས༔ གསང་གསུམ་ཕྱག་རྒྱ་སློབ་མར་བསྟིམ༔ མེ་ཏོག་ཕུལ་ཞིང་མིག་རས་བསལ༔ རང་བྱུང་ཡེ་ཤེས་ལྷ་ཞལ་བསྟན༔ ས་མཱ་ཡ༔ དངོས་གཞི་ཚེ་དབང་བསྐུལ་བ་ལ༔ མཎྜལ་ཕུལ་ཞིང་གསོལ་བ་བཏབ༔

ཀྱེ༔ འཆི་མེད་སྐུ་རྙེས་ཚེ་ཡི་ལྷ༔ མི་ཤིག་གཞོམ་བྲལ་ཚེ་ཡི་དཔལ༔ འཆི་མེད་ཡེ་ཤེས་ཚེ་ཡི་དབང་༔ ཚེ་ལྡན་བདག་ལ་སྩལ་དུ་གསོལ༔ གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ བླ་མ་ཚེ་དཔག་མེད་པ་ཡི༔ སྨིན་མཚམས་མཛོད་སྤུའི་དཀྱིལ་འཁོར་ནས༔ དབང་ལྷ་སྤྱན་དྲངས་དབང་བསྐུར་གྱུར༔ སྨིན་བྱེད་བུམ་པའི་དབང་སྐུར་ནི༔ ༀ༔ དབྱིངས་ཀྱི་བུམ་པ་ཟླུམ་པོ་རུ༔ འོད་གསལ་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བུམ་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཕྲེང་བ་གཏད་ལ་འདི་ལྟར་དམིགས༔ ཨཱཿ གྲགས་སྟོང་སྔགས་ཀྱི་ཕྲེང་བ་ལ༔ བརྗོད་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ གསང་དབང་ཡོངས་རྫོགས་ཐོབ་པར་ཤོག༔ མེ་ལོང་ཐོག་ལ་འདི་ལྟར་དམིགས༔ ཧཱུྃ༔ སྐྱེ་མེད་ཡེ་ཤེས་མེ་ལོང་ལ༔ སྤྲོས་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཤེར་དབང་ཡོངས་རྫོགས་ཐོབ་པར་ཤོག༔ མཉམ་པར་བཞག་ཅིང་འདི་ལྟར་བརྗོད༔ ཧོ༔ མཚོན་དུ་མེད་པའི་ཆོས་དབྱིངས་ལ༔ བསལ་བཞག་བྲལ་བའི་ངང་ནས་ལྟོས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ནི༔ བསམ་དུ་མེད་དོ་ཨ་ལ་ལ༔ དེ་ཡིས་བརྡ་ཡི་དབང་བཞི་ཐོབ༔ ས་མཱ་ཡ༔ བཀྲ་ཤིས་ཚེ་ཡི་དབང་མཆོག་ལ༔ ཚེ་བཅུད་དངོས་གྲུབ་འགུགས་པ་ནི༔ ཧཱུྃ་ཧྲཱི༔ སྤྲོས་པའི་སྒྲིབ་བྲལ་ཆོས་ཉིད་རྡོ་རྗེའི་ཐུགས༔ བདེ་ཆེན་འགྱུར་བ་མེད་པ་རྡོ་རྗེའི་གསུང་༔ འོད་གསལ་མཚན་དཔེར་ཤར་བ་རྡོ་རྗེའི་སྐུ༔ རྡོ་རྗེ་གསུམ་གྱིས་ཚེ་དཔལ་བྱིན་ཆེན་ཕོབས༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་༔ བསྟན་སྲུང་ནོར་ལྷ་རྒྱ་མཚོའི་ངོ་བོ་ཉིད༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ གསང་གསུམ་ཚེ་དང་ཡེ་ཤེས་བྱིན་ཕོབས་ཅིག༔ རྒྱལ་བ་སྲས་བཅས་དྲང་སྲོང་བྱིན་རླབས་ཁུག༔ ཚངས་དང་བརྒྱ་བྱིན་ཕྱོགས་སྐྱོངས་གཟི་དཔལ་ཁུག༔ འབྱུང་བའི་བཅུད་དང་རིན་ཆེན་ནུས་པ་ཁུག༔ རྡོ་རྗེའི་ཚེ་དབང་བྱིན་རླབས་དངོས་གྲུབ་སྩོལ༔ ཚེ་དཀྱིལ་གནས་ཁང་འདི་ལ་བྱིན་ཆེན་ཕོབས༔ ཚེ་རྫས་དམ་རྫས་འདི་ལ་བཅུད་གཅིག་སྐྱེད༔ ཚེ་རྟེན་མདའ་དར་འདི་ལ་ཚད་གཅིག་སྟོན༔ ཚེ་ལྡན་བདག་ལ་ཚེ་དབང་བྱིན་ཆེན་ཕོབས༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔

དཀྱིལ་འཁོར་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཚེ་དགྲའི་གཡུལ་བཟློག་དམར་ནག་མེ་ཕྲེང་རྩལ༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་ལྷ་ཚོགས་ཀྱིས༔ ཕྱོགས་སྐྱོང་སྡེ་བརྒྱད་ལག་ནས་ཚེ་གཡང་ཁུག༔ ཞེ་སྡང་འཁྲུགས་པའི་རྐྱེན་ལས་གྱུར་བ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ དུག་གསུམ་ཚེ་ནད་ཀུན་སེལ་མཛད་སྨན་གྱི་ལྷ༔ ཨོ་རྒྱན་སྨན་གྱི་བླ་མའི་ལྷ་ཚོགས་གྱིས༔ དྲང་སྲོང་རིག་འཛིན་ལག་ནས་ཚེ་གཡང་ཁུག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ལས་བྱུང་བའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བསོད་རྒྱས་མཛད་ཆུ་དབང་དྲྭ་བ་སྡོམ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ལྷ་ཚོགས་ཀྱིས༔ གནོད་སྦྱིན་ནོར་བདག་ལག་ནས་ཚེ་གཡང་ཁུག༔ སེར་སྣ་འགྱུར་གེགས་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་སྲི་འདུལ་མཛད་དཔལ་ཆེན་སྒྲུབ་སྡེ་བརྒྱད༔ ཨོ་རྒྱན་ཡི་དམ་ལྷ་ཚོགས་འཁོར་བཅས་ཀྱིས༔ ཚོགས་བརྒྱད་གཟུང་འཛིན་གཞན་དབང་ལས་གྱུར་པའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བདུད་འཇོམས་མཛད་ཟིལ་གནོན་དྲག་པོ་རྩལ༔ ཨོ་རྒྱན་གཞི་བདག་གཉན་པོའི་ལྷ་ཚོགས་ཀྱིས༔ སྣང་སྲིད་ལྷ་འདྲེའི་ལག་ནས་ཚེ་གཡང་ཁུག༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་གདོན་དཔུང་འཇོམས་གསང་བདག་སེངྒེའི་སྒྲ༔ ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མའི་ཚོགས༔ འདོད་ཁམས་འཁོར་བའི་གནས་ནས་ཚེ་གཡང་ཁུག༔ རྣམ་གཡེངས་འཕོ་བཅས་རྟོག་པའི་དབང་གྱུར་པའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བཅུད་སྤེལ་མཛད་པདྨ་བཛྲ་རྩལ༔ ཨོ་རྒྱན་འབྱུང་བ་བཞི་བདག་ལྷ་ཚོགས་ཀྱིས༔ སྣོད་བཅུད་འབྱུང་བའི་ཁམས་ཀྱི་ཚེ་ཁུག་ཅིག༔ བྱིང་རྨུག་འཕྲོ་རྒོད་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་རྐུན་སྟོབས་འཕྲོག་ཁྲོ་མཆོག་རྟ་མགྲིན་ནག༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་ལྷ་ཚོགས་ཀྱིས༔ ས་བདག་ཤ་ཟའི་ལག་ནས་ཚེ་ཁུག་ཅིག༔ ཐེ་ཚོམ་རྣམ་པར་རྟོག་པའི་གཞན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བསེན་མཐར་བྱེད་རྡོ་རྗེ་ཁྲོ་བོ་ལོད༔ ཨོ་རྒྱན་རྡོ་རྗེ་གུར་གྱི་ལྷ་ཚོགས་ཀྱིས༔ མི་དང་མི་མིན་ལག་ནས་ཚེ་གཡང་ཁུག༔ བསམ་སྦྱོར་ངན་པའི་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ ཚེ་བྱུར་སེལ་མཛད་ཐུགས་ཆེན་པདྨ་རྒྱལ༔ ཨོ་རྒྱན་སྣང་མཐའི་སྤྲུལ་བའི་ལྷ་ཚོགས་ཀྱིས༔ འཇིག་རྟེན་ཆེ་རྒུའི་ལག་ནས་ཚེ་ཁུག་ཅིག༔ རེ་དོགས་རྣམ་རྟོག་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་ཟད་བསྲིང་མཛད་སངས་ཚེ་དཔག་མེད༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ལྷ་ཚོགས་ཀྱིས༔ འཕགས་པ་བྱང་སེམས་ཕྱག་ནས་ཚེ་ཁུག་ཅིག༔ རྨི་ལམ་འཁྲུལ་བའི་རྐྱེན་དུ་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བརྟན་འགྱུར་མེད་ཆོས་སྐུ་ཀུན་ཏུ་བཟང་༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ལྷ་ཚོགས་ཀྱིས༔ ཕྱོགས་བཅུའི་སངས་རྒྱས་ཞིང་ནས་ཚེ་ཁུག་ཅིག༔ དངོས་ཞེན་འཛིན་པ་དམ་པོའི་རྐྱེན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་འཕེལ་ཡིད་བཞིན་ནོར་བུ་བདེ་བ་ཆེ༔ ཨོ་རྒྱན་ཐུགས་རྗེ་འགྱུར་མེད་ལྷ་ཚོགས་ཀྱིས༔ བརྒྱུད་གསུམ་རིག་འཛིན་ཕྱག་ནས་ཚེ་ཁུག་ཅིག༔ ༔ སྙེམས་འཕྲིག་དམ་སེལ་ངན་པའི་རྐྱེན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ མགྱོགས་མ་རྣམ་བཞི་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཛ༔ རང་སྣང་དཀྱིལ་འཁོར་ཤར་སྒོ་ནས༔ མྱོགས་མ་དཀར་མོ་ལྕགས་ཀྱུ་མ༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཁྲག་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ཧཱུྃ༔ རང་སྣང་དཀྱིལ་འཁོར་ལྷོ་སྒོ་ནས༔ མྱོགས་མ་སེར་མོ་ཞགས་པ་མ༔ གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཤ་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ བྃ༔ རང་སྣང་དཀྱིལ་འཁོར་ནུབ་སྒོ་ནས༔ མྱོགས་མ་དམར་མོ་ལྕགས་སྒྲོག་མ༔ ཀླུ་དབང་ལག་ནས་ཚེ་ཁུག་ལ༔ དྲོད་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ཧོ༔ རང་སྣང་དཀྱིལ་འཁོར་བྱང་སྒོ་ནས༔ མྱོགས་མ་ལྗང་མོ་དྲིལ་བུ་མ༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ དབུགས་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ མདའ་དར་ཕྱོགས་བཞི་དབུས་ལྔར་གཡབ༔ ཚེ་དཔལ་སྦུབས་ཆུ་དྲངས་པ་ལྟར༔ འཇའ་དང་འོད་དུ་ཀྱི་ལི་ལི༔ བསྟིམ་པས་གཟི་བྱིན་ཆེར་འབར་བསམ༔ མཆིལ་མ་མིད་ཅིང་བུམ་ཅན་འཛིན༔ ལྟེ་འོག་རིག་པ་ཕུར་ཚུགས་གཏད༔ འཆི་བདག་གཤིན་རྗེའི་ཁར་ཚུད་ཀྱང་༔ ཞག་བདུན་ཚེ་ནི་བསྲིང་བར་འགྱུར༔ ཚེ་འགུགས་འདི་ཉིད་བརྒྱ་རྩ་བརྒྱད༔ ཉིན་གཅིག་བཏོན་པས་ཚེ་གེགས་སེལ༔ ཞག་རེར་ཚར་གསུམ་མ་ཆད་ན༔ ཚེ་ལོ་བརྒྱ་ལ་ཐེ་ཚོམ་མེད༔ ས་མཱ་ཡ༔ གུ་ཧྱ༔

ཚེ་འབྲང་བུམ་པ་མགོ་ལ་བཞག༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་ཚེ་ལྷ་རྒྱ་མཚོའི་ཡེ་ཤེས་བྱིན༔ ཚེ་ཡི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་བས༔ ཚེ་ལྷའི་གསང་གསུམ་ཡོན་ཏན་རྫོགས་པར་ཤོག༔ འཆི་མེད་ཚེ་རིལ་གཡས་སུ་གཏད༔ ཧཱུྃ་ཧྲཱི༔ སྣང་བའི་ཆོས་ཀུན་འཛིན་ཞེན་བྲལ་བ་ལས༔ འཁོར་འདས་བཅུད་བསྡུས་འཆི་མེད་ཚེ་རིལ་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རྡོ་རྗེའི་ཚེ་ལ་མངའ་བརྙེས་ཤོག༔ ཚེ་ཆང་བདུད་རྩི་གཡོན་ཏུ་གཏད༔ ཧཱུྃ་ཧྲཱི༔ སྟོང་པའི་ཆོས་ཀུན་དབྱིངས་སུ་ཞུགས་པ་ལས༔ འཕོ་བཅས་རྣམ་རྟོག་གཅོད་པའི་ཚེ་ཆང་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ བདེ་སྟོང་རྡོ་རྗེའི་ཚེ་ལ་མངའ་བརྙེས་ཤོག༔ བླ་ཚེ་དབྱིངས་སུ་སྦ་བ་ནི༔ ཚེ་ཡི་སྙིང་པོ་ཨ་དཀར་པོ༔ ཉི་ཟླ་ཁ་སྦྱོར་ནང་དུ་བཅུག༔ ཡེ་ཤེས་ལྔ་ཡི་འོད་ཀྱིས་བསྡམ༔ རྡོ་རྗེ་གསུམ་གྱི་རྒྱ་ཡིས་བཏབ༔ མདའ་དར་རྒྱ་གྲམ་གནས་ལྔར་བཞག༔ ཧཱུྃ་ཧྲཱི༔ གཅིག་འཛིན་བདག་ལྟའི་ཚེ་ཡི་ཀེགས༔ ཀུན་ཁྱབ་ཡེ་ཤེས་སྟོབས་ཀྱིས་བཅོམ༔ ཆོས་སྐུ་གཅིག་གི་བྱིན་གྱིས་བརླབས༔ ཐིག་ལེ་གཅིག་གི་ཀློང་དུ་སྦ༔ གཉིས་འཛིན་མཚན་མའི་ཚེ་ཡི་ཀེགས༔ གཉིས་མེད་ཡེ་ཤེས་སྟོབས་ཀྱིས་བཅོམ༔ སྐུ་གཉིས་དག་པས་བྱིན་གྱིས་བརླབས༔ གཉིས་སྣང་བྲལ་བའི་ཀློང་དུ་སྦ༔ དུག་གསུམ་ཆགས་སྡང་ཚེ་ཡི་ཀེགས༔ ཡེ་ཤེས་གསུམ་ལྡན་སྟོབས་ཀྱིས་བཅོམ༔ སྐུ་གསུམ་བདེན་པས་བྱིན་གྱིས་བརླབས༔ ཁམས་གསུམ་ཀློང་གྲོལ་དབྱིངས་སུ་སྦ༔ སྐྱེ་བཞིར་ཨ་འཐས་ཚེ་ཡི་ཀེགས༔ ཡེ་ཤེས་བཞི་སྦྱོར་སྟོབས་ཀྱིས་བཅོམ༔ སྐུ་བཞིའི་བདེན་པས་བྱིན་གྱིས་བརླབས༔ འབྱུང་བཞི་རང་དག་ཀློང་དུ་སྦ༔ དུག་ལྔ་འཁྲུགས་པའི་ཚེ་ཡི་ཀེགས༔ རྒྱལ་བ་རིགས་ལྔས་སྟོབས་ཀྱིས་བཅོམ༔ དབྱིངས་ལྔ་དག་པའི་ཀློང་དུ་སྦ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཏིཥྛ་བྷྲཱུྃ༔ མཐའ་མར་དམ་ཚིག་ཁས་ལེན་ནི༔ ཀྱེ༔ ཚེ་ལྷ་རྒྱལ་བ་སྲས་བཅས་དགོངས༔ གསང་བ་སྤྱི་དང་ཁྱད་པར་ཏུ༔ རྡོ་རྗེ་ཚིག་གི་དམ་ཚིག་ནི༔ ཞེ་སྡང་སྲོག་གཅོད་མི་བྱ་ཞིང་༔ སྲོག་སླུ་སྦྱིན་པ་གཏོང་བ་དང་༔ རྡོ་རྗེའི་བཟླས་པ་བུམ་ཅན་འཛིན༔ རྩ་བ་ཡན་ལག་དམ་ཚིག་ཀུན༔ གཙོ་བོའི་བཀའ་བཞིན་བདག་གིས་སྲུང་༔ གཏང་རག་མཎྜལ་བྲན་དུ་འབུལ༔ འགྲོ་དོན་སྨོན་ལམ་གདབ་པ་ནི༔ ཧོ༔ རབ་འབྱམས་འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ གསོལ་བཏབ་དབང་བླང་བསྙེན་པའི་དགེ་ཚོགས་ཀྱི༔ མཐའ་ཡས་འགྲོ་ཀུན་དུས་མིན་འཆི་ལས་གྲོལ༔ ཚེ་དཔག་མེད་པའི་གོ་འཕང་མངོན་གྱུར་ཤོག༔ བཀྲ་ཤིས་ཚེ་ཡི་ཤིས་བརྗོད་ནི༔ ཧོ༔ བཀྲ་ཤིས་ཚེ་ཡི་དཔལ་སྟེར་ཚེ་དཔག་མེད༔ བདེ་ཆེན་ཚེ་ལ་དབང་བསྒྱུར་པདྨ་རྒྱལ༔ འཆི་མེད་རིག་པ་འཛིན་པ་པདྨ་འབྱུང་༔ སྐུ་གསུམ་ཚེ་ལྷས་བཀྲ་ཤིས་ཚེ་གཡང་སྩོལ༔ བདེ་བ་ཆེན་པོ་པདྨ་བཛྲ་རྩལ༔ སྟོབས་ཀྱི་དབང་ཕྱུག་ཚེ་ལྷ་རྟ་མཆོག་དཔལ༔ ཚེ་ཡི་ཕྱག་རྒྱ་ལྷ་ལྕམ་ཡིད་འཛིན་མ༔ རྩ་གསུམ་ཚེ་ལྷས་བཀྲ་ཤིས་ཚེ་གཡང་སྩོལ༔ སེམས་མཆོག་བསྐྱེད་ཚེ་ལ་བར་ཆད་མེད༔ སྒྲུབ་པའི་དུས་སུ་ཚེ་ལྷས་དངོས་གྲུབ་སྩལ༔ མཐར་ཐུག་འཆི་མེད་རྡོ་རྗེའི་སྐུ་མཆོག་བརྙེས༔ དུས་གསུམ་དགེ་བའི་བཀྲ་ཤིས་ཚེ་གཡང་སྩོལ༔ འགྲོ་རྣམས་མཐོང་ཐོས་ཡིད་ལ་སྨོན་ཙམ་གྱིས༔ ཚེ་ལྷའི་བྱིན་རླབས་འབད་མེད་ཆར་བཞིན་སྙིལ༔ ཚེ་ཡི་ཀེགས་སེལ་དགེ་བའི་དཔལ་གྱིས་འཚོ༔ འཁོར་གསུམ་བཀྲ་ཤིས་ཚེ་གཡང་དཔལ་འབར་ཤོག༔ ཛ་ཡ་ཛ་ཡ་བི་ཛ་ཡ༔ ཛ་ཡནྟུ༔ ཚེ་དབང་ཟབ་མོ་འདི་ཐོབ་པས༔ དུས་མིན་འཆི་བའི་འཇིགས་པ་ཞི༔ ཚེ་འདིར་རྡོ་རྗེའི་སྐུ་མཆོག་བརྙེས༔ མཐའ་ཡས་འགྲོ་དོན་ལྷུན་གྲུབ་འགྱུར༔ ས་མཱ་ཡ༔ བསྐྱེད་པའི་རིམ་པ་བསྒོམ་པ་ལ༔ ལུས་ནི་ཆུ་ཟླ་ལྟ་བུ་ལ༔ ངག་ནི་སྟོང་པ་སྤྲིན་གྱི་སྒྲ༔ སེམས་ནི་ནམ་མཁའ་སྤྲིན་བྲལ་བཞིན༔ མི་རྟོག་ངང་གནས་ལྟ་བུའོ༔ གཟུང་པ་ཡུལ་ལ་འཛིན་པ་སེམས༔ ཐམས་ཅད་མཁའ་ལ་འཇའ་ཡལ་ལྟར༔ དམིགས་བསམ་བརྗོད་བྲལ་ངང་ལ་འཇོག༔ དེ་ཡི་ངང་ལས་སྐད་ཅིག་གིས༔ གཞོམ་མེད་འོད་གསལ་རྡོ་རྗེའི་ཁམས༔ རིག་པ་ཧྲཱི༔ཡིག་དམར་པོར་གསལ༔ ཧྲཱི་ནི་ཡེ་ཤེས་ལྔ་དང་ལྡན༔ དེ་ལས་འོད་འཕྲོས་དོན་གཉིས་བྱས༔ འོད་ཟེར་འཆི་མེད་རྡོ་རྗེའི་སྐུ༔ པདྨ་བདེ་ཆེན་ལོངས་སྤྱོད་རྫོགས༔ ཡབ་ཡུམ་བདེ་བ་ཆེན་པོར་རོལ༔ སྤྱི་བོར་རིགས་བདག་ཚེ་དཔག་མེད༔ པདྨ་ཞི་ཁྲོའི་དཀྱིལ་འཁོར་ལྷ༔ དྭངས་པའི་མཚོ་ལ་ཟླ་གཟུགས་བཞིན༔ སྟོང་གསལ་འགག་མེད་སྐུ་རུ་བཞེངས༔ གསལ་བ་གསུམ་ལྡན་དཀྱིལ་འཁོར་ནི༔ ཡེ་ནས་རང་རིག་ང་ཡི་ཀློང་༔ སྣང་སྲིད་ཀུན་གྱི་སྤྱི་དཔལ་ཆེ༔ སོ་སོར་རྟོག་པའི་ཡེ་ཤེས་ཡིན༔ བརྡ་དོན་རྟགས་རྫོགས་ཆོས་སྐུའི་འཕྲུལ༔ སྒྱུ་མ་ལྟ་བུར་རྩལ་སྦྱང་བས༔ སྲིད་ཞི་གདོད་ནས་ད་སྟེ༔ མཉམ་བརྡལ་རིག་པའི་རང་ས་ཟིན༔ བསྐྱེད་པའི་རིམ་པ་མཐར་ཕྱིན་འགྱུར༔ ས་མཱ་ཡ༔ སྔགས་ཀྱི་རིམ་པ་བསྒོམ་པ་ལ༔ སྒྲ་ཀུན་རྡོ་རྗེ་གསུམ་གྱི་དབྱངས༔ དབུགས་ཀྱི་འབྱུང་འཇུག་གནས་པ་སྦྱར༔ འགྱུར་མེད་ཧཱུྃ་གི་བཟླས་པ་དང་༔ སྐྱེ་མེད་ཨ་ཡི་ཏིང་འཛིན་གྱི༔ འཁོར་འདས་ནཱ་དའི་ཀློང་དུ་རྫོགས༔ ངག་དང་འགོག་པ་ཡིད་བཟླས་ཀྱིས༔ གསུང་གི་བྱིན་རླབས་ངག་ལ་ཞུགས༔ ངག་སྒྲིབ་དག་ཅིང་བདེན་ཚིག་གྲུབ༔ རྡོ་རྗེ་སྔགས་ཀྱི་ཚེ་འགྲུབ་འགྱུར༔ ས་མཱ་ཡ༔

ཐབས་ལམ་རྫོགས་པའི་རིམ་པ་ནི༔ སྟོང་པས་ངང་ལས་རང་གི་ལུས༔ བདེ་ཆེན་རྡོ་རྗེ་ཡབ་ཡུམ་གསལ༔ སྤྱི་བོ་ཧྃ་དང་ལྟེ་བར་རྃ༔ རྔུབ་དགང་གཞིར་དང་འཕེན་པ་ཡིས༔ བུམ་པའི་རླུང་སྦྱོར་སྣ་ཚོགས་སྒོམས༔ རླུང་ལྔ་དབུ་མར་བཅིངས་པ་ཡིས༔ འབྱུང་བ་ལྔ་ལ་རང་བྱན་ཚུད༔ བདེ་ཆེན་རྡོ་རྗེའི་བཟླས་པ་ཡིས༔ འཆི་མེད་རྡོ་རྗེའི་ཚེ་འགྲུབ་འགྱུར༔ ནུས་ན་ཚེ་ལམ་ཕྱག་རྒྱ་ལ༔ འཁྱུད་དང་སྦྱོར་བས་བདེ་ཆེན་འདྲེན༔ སྣང་བ་སྟོང་པའི་དབྱིངས་སུ་ཞུགས༔ སྟོང་པ་འོད་གསལ་བདེ་བར་འཆར༔ ཆོས་ཀུན་བདེ་ཀློང་གཅིག་ཏུ་གྱུར༔ སྒོམ་པ་ནམ་མཁའ་གསུམ་ལ་བྱ༔ འབྲས་བུ་མ་བཙལ་གཞི་ལ་རྫོགས༔ རྫོགས་པ་ཆེན་པོའི་དགོངས་པའོ༔ ས་མཱ་ཡ༔ རྡོ་རྗེ་ཚེ་ཡི་ལས་སྦྱོར་ལ༔ སྲུང་དང་སྤེལ་དང་འཆི་མེད་སྒྲུབ༔ སྲུང་བ་རང་ལུས་རྡོ་རྗེ་བསྒོམས༔ ལྟེ་བར་ཐུགས་སྲོག་ཧྲཱི་དང་ཨ༔ ཡི་དམ་སྲོག་ལ་རང་སེམས་གཞུགས༔ སྣང་སྟོང་དབྱེར་མེད་ངང་དུ་འཇོག༔ མེ་ཡི་ཚྭ་ཚྭ་འོད་ཟེར་གྱིས༔ སྟོང་གསུམ་མ་ལུས་ཁྱབ་པར་བྱས༔ ཚེ་ཡི་གེགས་དང་བར་ཆད་བསྲེག༔ ལྕགས་ཀྱུ་ལྟ་བུའི་འོད་ཟེར་གྱིས༔ ཚེ་བཅུད་བསྡུས་ཏེ་སྙིང་པོར་བསྟིམ༔ ཐུན་མཚམས་སྒྱུ་མའི་ལྷ་སྐུར་ལྡང་༔ གནས་གསུམ་རྡོ་རྗེ་གསུམ་གྱིས་བསྲུང་༔ སྣང་གྲགས་རྟོག་པ་ལྷའི་རོལ་བར༔ བར་ཆད་མེད་དོ་སྲུང་འཁོར་ཆེ༔ ཚེ་སྤེལ་ཐབས་ལ་མཚན་བཅས་དང་༔ མཚན་མེད་སྒྱུ་མའི་རྣལ་འབྱོར་རོ༔ མཚན་བཅས་རྟེན་བཞེངས་དགེ་འདུན་མཆོད༔ སྲོག་སླུ་སཱཙྪཱ་གདབ༔ ལམ་འཕྲང་བཅོས་དང་ཟམ་པ་འཛུག༔ ཚེ་གཟུངས་དར་ལྕོག་འཛུག་པ་དང་༔ ཉིན་བཞིན་ཚེ་འགུག་ཚེ་དབང་ལེན༔ མཚན་མེད་བདེ་སྟོང་ཡེ་ཤེས་སྒོམ༔ འཆི་མེད་སྒྲུབ་པའི་ཐབས་ཟབ་མོ༔ རང་ལུས་ཡིད་དམ་ཡབ་ཡུམ་གསལ༔ ལུས་དབུས་རོ་རྐྱང་དབུ་མ་བསྒོམས༔ གནས་ལྔར་རྒྱལ་བ་སྐུ་ལྔ་བསྒོམས༔ སོ་སོའི་སྲོག་ཡིག་འོད་ཟེར་གྱིས༔ འབྱུང་བ་སོ་སོའི་བཅུད་དྲངས་སྟེ༔ བསྟིམ་དང་བསྲེ་དང་མཉམ་བཞག་པས༔ འབྱུང་བར་དབང་བའི་ཚེ་ཐོབ་འགྱུར༔ ལྟེ་བར་རྃ་དང་སྙིང་གར་ཧཱུྃ༔ ལྕེ་ཆུང་སུྃ་དང་དཔྲལ་བ་ཧྃ༔ འབར་དང་འཛགས་པའི་སྦྱོར་བ་ཡིས༔ བ་སྤུའི་རྩེ་ནས་རུས་པའི་གཏིང་༔ མ་ལུས་བདེ་བ་ཆེན་པོས་ཁྱབ༔ སྣང་ཞིང་སྲིད་པའི་ཆོས་ཐམས་ཅད༔ བདེ་བས་མ་ཁྱབ་གང་ཡང་མེད༔ བདེ་བ་དེ་ཡི་རང་རྩལ་གྱིས༔ ལྕེ་ཆུང་སུྃ་ལས་བདུད་རྩི་འཛགས༔ བུམ་ཅན་གྱི་སྦྱོར་བ་ཡིས༔ སེམས་ཚོར་ཆོས་ཉིད་ཡང་ཡང་བསྲེ༔ རྟོག་མེད་ངང་དུ་ཀློད་དེ་འཇོག༔ བདེ་བ་ཆེན་པོའི་བཅུད་ལེན་ནོ༔ ལྟེ་བར་གསེར་གྱི་སྒོང་ངའི་དབུས༔ ཨ་ཡིག་དཀར་པོ་འོད་འབར་བསམ༔ དེ་ལས་ཨ་ཡིག་མུ་ཏིག་ཕྲེང་༔ སྐར་མ་ལྟ་བུར་མཁའ་ཁྱབ་སྤྲོས༔ རྒྱལ་བ་བྱང་སེམས་འཇིག་རྟེན་སྐྱོང་༔ རིན་ཆེན་འབྱུང་བའི་བཅུད་རྣམས་ནི༔ རང་མདོག་བྱུང་བ་གཅིག་ཏུ་འདྲེས༔ ཐམས་ཅད་འོད་ཟེར་སྔོན་པོར་གྱུར༔ སྤྱི་བོའི་གཙུག་ནས་འཇའ་ཟུག་ལྟར༔ ལྟེ་བའི་ཨ་ལ་སིབ་སིབ་ཐིམ༔ སྣོད་བཅུད་སྟོང་བ་སྔོ་སེང་ངེ་༔ བསིལ་ལ་འཇམ་པ་བདེ་ལྷམ་མེ༔ སྣང་སྟོང་གཞི་མེད་རྩ་བྲལ་ངང་༔ འཇམ་རླུང་འཛིན་ཅིང་རང་ངོར་བལྟ༔ འཕོ་མེད་ནམ་མཁའི་བཅུད་ལེན་ནོ༔ བདེ་དང་སྟོང་པ་དབྱེར་མེད་པ༔ སྤྲོས་བྲལ་ཡེ་ཤེས་རང་ངོ་བསྐྱང་༔ མཚན་མེད་སྒྱུ་མའི་རྣལ་འབྱོར་སྟེ༔ བཅུད་ལེན་ཀུན་གྱི་སྙིང་པོའོ༔ ས་མཱ་ཡ༔ ཐུན་མཚམས་ཚེ་གླུད་སྤྱི་ལྟར་གཏོང་༔ རྟེན་བཞེངས་ཟམ་བཅོས་ཅི་བྱེད་ཀྱང་༔ དད་དང་སེམས་བསྐྱེད་གཙང་མས་བྱ༔ དུས་མིན་འཆི་བ་བཟློག་པའི་ཐབས༔ ཚེ་སྤེལ་སཱཙྪཱ་གདབ་པ་ནི༔ སྟོང་བའི་ངང་ལས་ས་ཆུ་རྣམས༔ པད་ཟླའི་སྟེང་དུ་བྷྲཱུྃ་ཡིག་ལས༔ རིན་པོ་ཆེ་ཡི་ཕུང་པོར་གྱུར༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ལྕགས་ཀྱུ་ལྟ་བའི་འོད་ཟེར་གྱིས༔ བདེ་གཤེགས་རྒྱལ་བའི་བྱིན་མཐུ་བཀུག༔ འཇིམ་པར་ཐིམ་པས་བྱིན་བརླབས་གྱུར༔ ༀ་ཨཱ༔་ཧཱུྃ་སྭཱ་ཧཱ༔ འབྱུང་ལྔ་སྐུ་ལྔས་བྱིན་གྱིས་བརླབས༔ ༀ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ འཇིམ་པ་བཅད་པས་ཚེ་ཀེགས་སེལ༔ ༀ་བཛྲོད་བྷ་ཝ་ཡ་སྭཱ་ཧཱ༔ ས་ལ་རིན་ཆེན་དབྱིབས་བཅོས་བྱ༔ ༀ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ༔ སྣུམ་བསྐུས་ཞལ་དཀར་ཚོགས་ཆེན་རྫོགས༔ ༀ་དྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ༔ བརྐོས་ཕོར་ཆོས་སྐུའི་ཀློང་དུ་ཞུགས༔ ༀ་བཛྲ་མུརྒ་ཏེ་ཨ་ཀོ་ཊ་ཡ་ཧཱུྃ༔ བརྡུང་པས་བག་ཆགས་སླར་མི་ལྡོག༔ ༀ་སརྦ་བིདྱཱ་སྭཱ་ཧཱ༔ ཡེ་ཤེས་གཟུངས་སུ་ཞུགས་པར་བསམ༔ ༀ་བཛྲ་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛ༔ ཚེ་ལྷ་རབ་འབྱམས་ཐིམ་པར་བསམ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་བྱིན་གྱིས་བརླབས༔ ༀ་དྷརྨཱ་ར་ཏེ་སྭཱ་ཧཱ༔ ཆོས་སྐུའི་ངང་ནས་གཟུགས་སྐུར་བཞེངས༔ ༀ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ༔ ཡེ་ཤེས་ལྷ་ཚོགས་བརྟན་ཅིང་བཞུགས༔ གྲོ་གའམ་ནི་ཤིང་ཤུན་དང་༔ དྲི་མེད་ཤོག་བུ་གཙང་མ་ལ༔ གསེར་རམ་གུར་གུམ་དྲི་བཟང་གིས༔ ཕྱི་མའི་སྔགས་ཚན་ལྔ་བོ་འབྲི༔ ཨ་ཡིས་རྒྱས་བཏབ་གཙང་སར་བསྐྱལ༔ དུས་མིན་འདི་ལས་རྣམ་པར་རྒྱལ༔ ས་མཱ་ཡ༔ རྡོ་རྗེའི་ཚེ་དར་སྦྲེང་པ་ནི༔ ཕྱོགས་བཞི་འབྱུང་བཞི་སྟེང་ནོར་བུ༔ འོག་ཏུ་རྡོ་རྗེ་རྒྱ་གྲམ་གདན༔ བཀྲ་ཤིས་རྫས་བརྒྱད་བཀྲམ་པའི་ནང་༔ སྟེང་དུ་རྡོ་རྗེའི་ཚིག་བདུན་དང་༔ བསམ་པ་ལྷུན་གྲུབ་གསོལ་འདེབས་བྱ༔ དཀྱིལ་དུ་བྷནྡྷ་ཚེ་བུམ་ནང་༔ ཨ་ཧྲཱི༔་སྙིང་པོ་འབྲུ་བཅུ་གཉིས༔ གཡས་གཡོན་ཡི་དམ་བཅུ་གསུམ་སྔགས༔ ཚེ་གཟུངས་ཚར་གྲངས་ཅི་མང་བྱ༔ འོག་ཏུ་བསམ་ལྷུན་སྨོན་ལམ་དང་༔ སྦྱིན་བདག་འདི་ཡི་ལོ་པ་སྟེ༔ མིང་དུ་འདི་ཞེས་བྱ་བ་ཡི༔ ཚེ་བསོད་དབང་ཐང་རླུང་རྟ་དར༔ བསམ་པ་ལྷུན་གྱིས་འགྲུབ་གྱུར་ཅིག༔ སྭ་སྟི་སིདྡྷི་ཛ་ཡནྟུ༔ དར་འདི་སྦྲེང་བའི་བསོད་ནམས་ཀྱིས༔ ཕྱོགས་ངན་མི་མཐུན་རྐྱེན་ལས་རྒྱལ༔ ཚེ་ཡི་ཀེགས་སྲི་ངན་པ་དང་༔ སྡེ་བརྒྱད་རྒྱལ་པོའི་གནོད་པ་དང་༔ ཞེ་སྡང་སྡུག་བསྔལ་དྲག་པོ་དང་༔ བསམ་སྦྱོར་ངན་པའི་རྐྱེན་དབང་གིས༔ ཚེ་ཡི་བར་ཆད་གྱུར་པ་ཀུན༔ སེལ་ཞིང་ཚེ་དང་བསོད་ནམ་རྒྱས༔ ལྷ་ཀླུ་དགའ་བས་སྡོང་གྲོགས་བྱེད༔ དཀོན་མཆོག་དགྱེས་པའི་བྱིན་རླབས་འབྱུང་༔ ཉིན་མོ་མི་དང་ཟས་ནོར་འདུ༔ མཚན་མོ་དཔའ་བོ་མཁའ་འགྲོ་འདུ༔ བསམ་དོན་འགྲུབ་པའི་གདམས་པའོ༔ ས་མཱ་ཡ༔ ཅེས་པ་འདི་ནི་གསང་བདག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་བསམ་པ་ལྷུན་གྲུབ་ཀྱི་ཆོས་སྡེ་སྟེ། གནས་ཐ་དད་པར་ཐོར་བུ་ཇི་རྙེད་ཅིག་དཀར་ཤོག་ལ་བཏབ་པའི་ཤོག་བྱང་རྣམས་གཅིག་ཏུ་བསྡུད་པ་པོ་ནི། རྗེ་བླ་མ་རིག་པ་འཛིན་པའི་སྐུ་ཚེ་དེ་ཉིད་དུ་དྲིན་གྱིས་བསྐྱངས་ཤིང་བཀའ་ཡི་སྡུད་པ་པོར་དབྱུགས་དབྱུང་ལུང་དུ་བསྟན་པ་མདོ་ཁམས་པ་སྟག་བླ་བསྟན་འཛིན་རྡོ་རྗེའོ། །བཀྲ་ཤིས་འཕེལ། ༎


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ཚེ་དབང་རྡོ་རྗེའི་སྲོག་རྫོང་།next