Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་བདེན་པའི་སྟོབས་བཟློག་གནམ་ཐོག་འབར་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་བདེན་པའི་སྟོབས་བཟློག་གནམ་ཐོག་འབར་བ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་བདེན་པའི་སྟོབས་བཟློག་གནམ་ཐོག་འབར་བ།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་བདེན་པའི་སྟོབས་བཟློག་གནམ་ཐོག་འབར་བ་ཞེས་བྱ་བ་བཞུགས་སོ༔

ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ༔ དམར་གྱི་གཏོར་མ་བརྗིད་ལྡན་བཤམས༔ ཇ་ཆང་ཁྲག་གིས་ཕུད་མཆོད་དང་༔ དགྲ་བོའི་མིང་གཟུགས་ཤ་དུམ་དང་༔ སྨན་རཀ་གཏོར་མའི་གྱ་ནོམ་བསྟབས༔ བྷྱོཿབྷྱོ༔བྷྱོ༔ སྐྱེ་མེད་དབྱིངས་ལས་འགགས་མེད་ཡེ་ཤེས་རྩལ༔ ཐོགས་མེད་ཐུགས་རྗེས་དྲག་པོའི་སྐུར་བཞེངས་ལ༔ མགོན་མེད་བདག་སོགས་བར་ཆད་བཟློག་པའི་ཕྱིར༔ དབྱེར་མེད་མཐུ་སྟོབས་ནུས་པའི་བྱིན་ཆེན་ཕོབས༔ འབྲུ་གསུམ་རྡོ་རྗེའི་རྒྱས་བཏབ་དམ་ཉམས་རོ༔ སྲོག་དབུགས་དྲོད་རླངས་མ་ཡལ་དབང་པོ་ཚང་༔ ཕྱི་ནང་གསང་བའི་མཆོད་པ་འདོད་དགུར་འཇོ༔ རྩ་གསུམ་དམ་ཉམས་དགྱེས་པའི་རྫས་སུ་འབུལ༔ ཀུན་ཏུ་བཟང་པོ་སྒྱུ་འཕྲུལ་དྲ་བའི་གར༔ གཅིག་ཏུ་འདུས་པ་བླ་མ་རིན་པོ་ཆེ༔ མངོན་སྤྱོད་མཐུ་ཡི་བཀའ་བབ་བླ་རབས་བཅས༔ ཐུགས་བསྐྱེད་མ་གཡེལ་བཟློག་པའི་འཕྲིན་ལས་མཛོད༔

༈ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བྱམས་དང་བརྩེ་བའི་བྱིན་རླབས་ནུས་མཐུ་སྩོལ༔ ཞེ་སྡང་འཁྲུགས་པའི་དམག་གི་གཡུལ་ངོ་བཟློག༔

༈ དམོད་པ་ནི༔ རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི༔ སྔོན་ལས་འཕྲལ་རྐྱེན་ཀུན་ཏུ་བརྟགས་པ་ལས༔ གཟུང་འཛིན་གཞན་དབང་མེད་བཞིན་འཁྲུལ་པ་ཡི༔ ནད་གདོན་བགེགས་དང་བར་དུ་གཅོད་པ་ཀུན༔ ཕྱིར་ཟློག་མངོན་སྤྱོད་སྟོབས་ཀྱི་ཕྲིན་ལས་མཛོད༔ ལུས་དང་སྲོག་ལ་འཚེ་བའི་ནད་རིགས་ཟློག༔ ལོག་པའི་ལམ་དུ་འདྲེན་པའི་གདོན་བགེགས་ཟློག༔ གདུག་ཅིང་གཏུམ་པའི་སྡེ་བརྒྱད་འབྱུང་པོ་ཟློག༔ མ་རུངས་རྒྱལ་བསེན་དམ་སྲིའི་གཡོ་འཁྲུགས་ཟློག༔ མེ་ཆུ་དུག་མཚོན་བརྒྱད་གཉིས་འཇིགས་པ་ཟློག༔ གློ་བུར་ཡེ་འདྲོག་ཐན་དང་ལྟས་ངན་ཟློག༔ འབྱུང་བཞི་འཁྲུགས་པས་སྣོད་བཅུད་རྒུད་པ་ཟློག༔ བྱད་ཕུར་རྦོད་གཏོང་ཀེག་བྱུར་ཕུང་སྲི་ཟློག༔ ཕྱི་ནང་འཁྲུགས་རྩོད་མཁའ་འགྲོའི་སུན་མ་ཟློག༔ མཐའ་བཞིའི་དམག་དཔུང་བསྟན་ལ་འཚེ་བ་ཟློག༔ གངས་ཅན་སྐྱེ་འགྲོའི་བདེ་སྐྱིད་འཕྲོག་པ་ཟློག༔ མདོར་ན་མི་མཐུན་མི་འདོད་ཉེར་འཚེ་ཀུན༔ ཟློག་གོ་དྲག་པོ་ཟོར་གྱི་གཏོར་མས་ཟློག༔ བསྒྱུར་རོ་དགྲ་བགེགས་དམ་སྲིའི་སྟེང་དུ་སྒྱུར༔ ཟློག་སྒྱུར་ཡོངས་གྲུབ་འོད་གསལ་ཆེན་པོའི་དབྱིངས༔ མི་ལྡོག་ཕྱག་རྒྱས་འདེབས་པའི་ཕྲིན་ལས་མཛོད༔ ལྷ་ཚོག་ཀུན་ལ་སྦྱར་རོ༔

༈ གུ་རུ་ནད་སེལ་སྨན་བླའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ དུག་གསུམ་ནད་སེལ་བདུད་རྩིའི་ནུས་མཐུ་སྩོལ༔ ཕུང་ལྔ་བདག་ཏུ་འཛིན་པའི་བར་ཆད་བཟློག༔ གུ་རུ་སྨུག་འཛིན་ནོར་བདག་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ སྣང་སྲིད་གཏེར་དུ་ཤར་བའི་ནུས་མཐུ་སྩོལ༔ ཞེན་ཆགས་སེར་སྣས་གདུང་བའི་བར་ཆད་བཟློག༔

༈ གུ་རུ་ཡི་དམ་བཀའ་བརྒྱད་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བདག་མེད་གནས་ལུགས་རྟོགས་པའི་ནུས་མཐུ་སྩོལ༔ འཁྲུལ་བ་ཨ་འཐས་འཆིང་བའི་བར་ཆད་བཟློག༔ ༈ གུ་རུ་ཟིལ་གནོན་དྲག་རྩལ་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ སྣང་བ་ལྷ་སྐུར་ཤར་བའི་ནུས་མཐུ་སྩོལ༔ ཚོགས་བརྒྱད་རང་རྒྱུད་རྟག་འཛིན་བར་ཆད་བཟློག༔

༈ གུ་རུ་སེངྒེ་སྒྲ་སྒྲོག་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཡུལ་ཅན་ཡེ་ཤེས་འཆར་བའི་ནུས་མཐུ་སྩོལ༔ འབྲོག་ཆེན་བར་དོའི་གཡང་སའི་བར་ཆད་བཟློག༔

༈ གུ་རུ་པདྨ་བཛྲ་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ གང་ཤར་རྒྱན་དུ་འཆར་བའི་ནུས་མཐུ་སྩོལ༔ འབྱུང་བ་གཡོ་འཁྲུགས་འགྱུར་བའི་བར་ཆད་བཟློག༔ གུ་རུ་རྟ་མགྲིན་ནག་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ འགྱུ་རྟོག་རང་སར་གྲོལ་བའི་ནུས་མཐུ་སྩོལ༔ ཐེ་ཚོམ་རྣམ་རྟོག་ཞེན་འཛིན་བར་ཆད་བཟློག༔

༈ རྡོ་རྗེ་གྲོ་ལོད་ཁྲོ་བཅུའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ དུག་ལྔ་དབྱིངས་སུ་གྲོལ་བའི་ནུས་མཐུ་སྩོལ༔ ཉོན་མོངས་མཚོན་གྱི་འཇིགས་དང་བར་ཆདབཟློག༔

༈ གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ རྟག་ཁྱབ་ལྷུན་གྲུབ་ཡེ་ཤེས་བྱིན་ཆེན་ཕོབས༔ འཕོ་བཅས་རེ་དོགས་འཛིན་པའི་བར་ཆད་བཟློག༔

༈ གུ་རུ་འོད་དཔག་མེད་པའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཡེ་ཤེས་རང་ངོ་ཤེས་པའི་ནུས་མཐུ་སྩོལ༔ འཁྲུལ་བ་བདེན་འཛིན་རྨི་ལམ་བར་ཆད་བཟློག༔

༈ ཆོས་སྐུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཀ་དག་གཞི་དབྱིངས་གྲོལ་བའི་ནུས་མཐུ་སྩོལ༔ འཁྲུལ་སྣང་དངོས་ཞེན་འཛིན་པའི་བར་ཆད་བཟློག༔

༈ གུ་རུ་བདེ་བ་ཆེན་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ལྷུན་གྲུབ་བདེ་དབྱིངས་གྲོལ་བའི་ནུས་མཐུ་སྩོལ༔

༈ ཀུན་གྱི་མཐར༔ སྙེམས་འཕྲིག་དམ་སེལ་སྡུག་བསྔལ་བར་ཆད་བཟློག༔ དོ་བདོ་ཕོད་དུ་བཙུག་པའི་དགྲ་བོ་དང་༔ ངན་སྔགས་མཐུ་གཏད་བྱེད་པའི་བྱད་མ་ལ༔ རྩ་གསུམ་དམ་ཅན་སྲུང་མའི་མཐུ་ནུས་སྟོན༔ བསམ་ངན་སྦྱོར་རྩུབས་མཐུ་ནུས་ཕྱིར་བཟློག་བསྒྱུར༔ གཟུང་འཛིན་ལས་རླུང་འཁྲུལ་བ་རྒྱ་འབྱམས་པས༔ བར་ཆད་མཚན་མའི་སྣང་བ་རབ་འབྱམས་པ༔ བཟློག་གོ་དམར་ཆེན་གཏོར་མའི་བདེན་པས་བཟློག༔ བསྒྱུར་རོ་ལྟས་ངན་སྟོང་ཉིད་དབྱིངས་སུ་བསྐྱུར༔ ས་མ་ཡ༔ ཛ་གད་གསོལ་ཞིང་ཁྲག་གིས་བྱུགས༔ སྦར་མོ་གདེང་ཤིང་ཐལ་བ་གཏོར༔ དར་གྱིས་གཡབ་ལ་སྔགས་ཀྱིས་གཟིར༔ འཁོར་ལོ་བསྐོར་ལ་གཏོར་མ་འཕེན༔ ཟོར་ལམ་དགྲ་བོའི་ཕྱོགས་སུ་གཏད༔ དགྲ་བགེགས་བྱད་མ་ལྷ་སྲུང་བཅས༔ བ་མོ་ཉི་ཟེར་ཕོག་བཞིན་གཞོམ༔ ཁ་ཕུང་རྗེས་མེད་བཏང་བར་བསམ༔ རལ་བ་བསིག་ཅིང་ཐལ་མོ་བརྡབ༔ ཕྱི་མིག་མི་བལྟ་རང་གནས་ལོག༔ སྒོ་དྲུང་རྗེས་འབྲངས་དམ་སྲི་མནན༔ ནང་དུ་ལོག་ནས་ཚེ་སྤེལ་ཞིང༔ རྗེས་ཀྱི་ཆོ་ག་སྤྱི་ལྟར་བྱ༔ བན་བོན་སྟོང་གི་ནུས་པ་ཡང་༔ འདི་ཉིད་ལན་དགུ་བརྗོད་པས་བཟློག༔ གཞན་ཡང་ས་གཡོ་དགྲ་གཞོམ་སོགས༔ དངོས་ཉམས་རྨི་ལམ་ནང་དུ་འཆར༔ དེ་ལྟར་ཉམས་སུ་བླངས་པ་ཡིས༔ བྱང་ཆུབ་ལམ་གྱི་བར་ཆད་ཞི༔ མི་མཐུན་བདུད་ཀྱི་གཡུལ་ལས་རྒྱལ༔ ཚེ་བསྲིང་དཔལ་བསྐྱེད་བསམ་ཀུན་འགྲུབ༔ ས་མ་ཡ༔ ཨྠྀི༔ ཆོས་བཞིན་སྒྲུབ་པའི་བར་ཆད་སེལ་བའི་བཟློག་པ་ཟབ་མོ་འདི་གར་དབང་བདེ་ཆེན་རོལ་བ་རྩལ་ལམ་རྡོ་རྗེ་ཚེ་དབང་ནོར་བུར་་གུ་རུ་པདྨས་བསྩལ་བའི་མན་ངག་གོ༔


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་བདེན་པའི་སྟོབས་བཟློག་གནམ་ཐོག་འབར་བ།next