Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
བསམ་པ་ལྷུན་གྲུབ་གྱི་བཟློག་པ་བདུད་སྡེའི་གཡུལ་འཇོམས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསམ་པ་ལྷུན་གྲུབ་གྱི་བཟློག་པ་བདུད་སྡེའི་གཡུལ་འཇོམས།next

བསམ་པ་ལྷུན་གྲུབ་གྱི་བཟློག་པ་བདུད་སྡེའི་གཡུལ་འཇོམས།

༄༅། །བསམ་པ་ལྷུན་གྲུབ་གྱི་བཟློག་པ་བདུད་སྡེའི་གཡུལ་འཇོམས་ཞེས་བྱ་བ་བཞུགས་སོ༔

བྷྱོ༔ བྷྱོ༔བྷྱོ༔ པདྨ་ལས་འཁྲུངས་སྣང་སྲིད་ཟིལ་གནོན་རྗེའི༔ སྤྲུལ་བའི་རོལ་གར་དཀྱིལ་འཁོར་རྒྱ་མཚོ་སྤྱི༔ ཁྱད་པར་ཡི་དམ་བཅུ་གསུམ་འཁོར་བཅས་ལ༔ དགྲ་བགེགས་ཤ་ཁྲག་བདུད་རྩིའི་མཆོད་པ་འབུལ༔ སྤྲོས་མེད་མཁྱེན་པ་ནམ་མཁའ་ལྟ་བུའི་ཀློང་༔ འགག་མེད་བརྩེ་ཆེན་སྤྲིན་ཕུང་གཡོ་བ་ལས༔ ཐོགས་མེད་ནུས་པའི་གློགས་སྟོང་འགྱུ་བ་ཡིས༔ ཐར་མེད་བདུད་སྡེ་བརླག་པའི་རྩལ་ཕྱུངས་ཤིག༔ ཀུན་བཏགས་འཁྲུལ་བས་བསྐྱེད་པའི་གཏད་མནན་བསྲེག༔ ཕ་རོལ་བན་བོན་བྱད་མའི་ངན་སྔགས་དང་༔ ལོ་ཟླ་ཞག་དུས་འབྱུང་བའི་གཡོ་འཁྲུགས་སོགས༔ ཡོངས་གྲུབ་ཆོས་ཉིད་སྟོང་པའི་ངང་དུ་བཟློག༔ མ་བརྟགས་བདེན་པར་སྣང་བར་འཛིན་པ་ཡིས༔ རྨི་ལམ་མཚན་ལྟས་ཆགས་སྡང་གཏི་མུག་འཐིབ༔ ང་རྒྱལ་ཕྲག་དོག་འཐབ་རྩོད་མྱ་ངན་ཀུན༔ མཉམ་ཉིད་ཞི་བ་ཆོས་ཀྱི་དབྱིངས་སུ་བཟློག༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་བཟློག༔ བསྒྱུར་རོ་ལྟས་ངན་ཐམས་ཅད་དགྲ་ལ་བསྒྱུར༔ སྒྱུ་མའི་འཕྲུལ་འཁོར་སོ་སོར་གྱེས་པ་བཞིན༔ རེ་དོགས་མཐའ་བྲལ་ཆོས་ཀྱི་དབྱིངས་སུ་བཟློག༔ ཨོཾ་ཨཱཿཧཱུྃ༔ ཨ་རྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃཕཊ༔ཕཊ༔ ཨཱཿཧཱུྃ་ཧཱུྃ་ཕཊ་ཕཊ༔ བྷྱོ༔བྷྱོ༔བྷྱོ༔ བཟློག༔ བཟློག༔ བཟློག༔

ཅེས་བརྗོད་མི་མཐུན་རྐྱེན་ངན་ཞི༔ ས་མ་ཡ༔ བསམ་པ་ལྷུན་གྲུབ་བཟློག་པ་གཏོང་སྐབས་གང་ཤར་བཅོས་མེད་དུ་རིག་འཛིན་ཆེན་པོའི་སྐྱེ་མིང་པ་པདྨ་དབང་ཆེན་གྱིས་ཤར་མར་བྲིས། །


previousབསམ་པ་ལྷུན་གྲུབ་གྱི་བཟློག་པ་བདུད་སྡེའི་གཡུལ་འཇོམས།next