Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་མཆོད་ཕྲེང་ཚོགས་ཆེན་མྱུར་རྫོགས།
   
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་མཆོད་ཕྲེང་ཚོགས་ཆེན་མྱུར་རྫོགས།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་མཆོད་ཕྲེང་ཚོགས་ཆེན་མྱུར་རྫོགས།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་མཆོད་ཕྲེང་ཚོགས་ཆེན་མྱུར་རྫོགས་བཞུགས༔

ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ༔ ཚོགས་ཆེན་མྱུར་དུ་རྫོགས་པ་ལ༔ དངོས་ཡིད་ཕྱག་རྒྱ་ཏིང་འཛིན་གྱིས༔ མཆོད་པའི་སྤྲིན་ཆེན་རབ་སྤྲོས་ཏེ༔ རྩ་གསུམ་དཀྱིལ་འཁོར་རྒྱ་མཚོ་མཆོད༔ རྒྱས་པར་མཆོད་པའི་དཀྱིལ་འཁོར་ལ༔ མཆོད་སྟེགས་དཀྱིལ་འཁོར་ཟུང་མིན་པར༔ དབུས་སུ་བླ་མའི་རྟེན་གསུམ་དང་༔ ཀུན་བཟང་མཆོད་སྤྲིན་གཏོར་ཆེན་བཤམ༔ ཀུན་བཟང་མཆོད་སྤྲིན་གཏོར་མ་ནི༔ དཀར་གཏོར་བརྗིད་ལྡན་ལྟོ་བ་ལྡིར༔ པདྨ་བཞི་བརྒྱད་བཅུ་དྲུག་དང་༔ རིལ་བུ་དེ་མཚུངས་བརྒྱ་རྩས་བསྐོར༔ གདན་ནི་འབྱུང་བ་རིམ་བརྩེགས་ལ༔ འདོད་འཇོའི་བུམ་བཟང་ཐབས་ཤེས་གདན༔ འཇའ་གུར་ཉི་ཟླ་ནོར་ཕྲེང་རྒྱན༔ མཁའ་སྐོར་གདུགས་དང་རྒྱལ་མཚན་འཕན༔ བླ་བྲེ་མེ་ཏོག་ཕྲེང་བ་དང་༔ མདའ་དར་མེ་ལོང་དཀར་དམར་ཕུད༔ སྨན་རཀ་གཏོར་མ་འདོད་རྣམ་སོགས༔ རྒྱ་ཆེ་བཀོད་ལེགས་ཁྱད་འཕགས་བཤམས༔ ཁྲུས་བྱས་གོས་གསར་མཛེས་རྒྱན་བཏགས༔ ཏིང་འཛིན་སྔགས་དང་ཕྱག་རྒྱ་བཅས༔ ཚོགས་ཆེན་མྱུར་རྫོགས་ཆོ་ག་བྱ༔ མཆོད་རྫས་བྱིན་རླབས། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྟགས་བརྒྱད། མཆོད་པའི་ལྷ་མོ་བཅུ་དྲུག །སྨན་རཀ་གཏོར་གསུམ། བདེ་ཆེན་སྦྱོར་བ། དྲག་པོའི་སྒྲོལ་མཆོད། གཉིས་མེད་དོན་མཆོད། མཆོད་རྫས་བྱིན་གྱི་བརླབས་པ་ནི༔

ༀ་ཨཱཿཧཱུྃ༔ དང་ནམ་མཁའ་མཛོད་སྔགས་ལན་གསུམ༔ ཧོ༔ ཆོས་དབྱིངས་རང་བཞིན་སྟོང་པའི་ངང་ལས་ལྷུན་གྲུབ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་བ་ཅིར་ཡང་ཤར་བ་ལས༔ ཞིང་ཁམས་རྒྱ་མཚོ་ཁྱབ་པའི་དཀྱིལ་འཁོར༔ རྒྱལ་སྲིད་རིན་པོ་ཆེ་སྣ་བདུན༔ བཀྲ་ཤིས་པའི་རྟགས་བརྒྱད༔ བྱིན་གྱིས་བརླབས་པའི་རྫས་བརྒྱད༔ འདོད་ཡོན་གྱི་ལྷ་མོ་བཅུ་དྲུག༔ ཉོན་མོངས་སེལ་བའི་སྨན་ཆེན༔ དུག་ལྔ་བསྒྲལ་བའིརཀྟ༔ གཉིས་འཛིན་བཤིག་པའི་གཏོར་མ༔ བདེ་ཆེན་བསྐྱེད་པའི་རིག་མ༔ དྲག་པོའི་སྒྲོལ་བའི་མཆོད་པ་སོགས་ཞིང་ཁམས་ཀུན་ཁྱབ་ཀུན་བཟང་མཆོད་པའི་སྤྲིན་ཆེན་པོ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པས་བླ་མ་རྩ་བ་གསུམ་གྱི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག བཛྲ་སྥ་ར་ན་ཁཾ༔ ཚོགས་ཞིང་སྤྱན་འདྲེན་པ་ནི༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཉིད་ལས༔ མ་འགགས་ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ མ་གྱུར་སྐྱེ་དགུའི་མགོན་དུ་སྤྲུལ་སྐུར་བཞེངས༔ མ་ལུས་རྒྱལ་བ་རབ་འབྱམས་གཤེགས་སུ་གསོལ༔ འགྲོ་ཀུན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་འདི༔ གུས་པས་འབུལ་ལ་བརྩེ་བའི་དགྱེས་དགོངས་ཏེ༔ མཆོད་སྤྱིན་རྒྱ་མཚོ་བཞེས་ཕྱིར་གཤེགས་སུ་གསོལ༔ གུ་རུ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཡ་ཛ༔ སྒེག་མོ་མའི་ཕྱག་རྒྱ་སྟ་ཟུར་གཡོན་དུ་བཀོད༔ ལུས་ཚུགས་བསིང་༔ ཤེས་པ་ལྷོད༔ ལྟ་གདེང་བསྐྱེད༔ སྣང་སྲིད་ཕྱག་རྒྱའི་དཀྱིལ་འཁོར་ཆེན་པོར་གསལ་བའི་ངང་ནས་འདི་སྐད་དོ༔ ༈ དཀྱིལ་འཁོར་རྒྱན་གྱི་མཆོད་པ༔ ཧོ༔ ཆོས་ཉིད་བསམ་མི་ཁྱབ་པའི་རོལ་བ་ལས༔ རབ་འབྱམས་ཞིང་ཀུན་ཁྱབ་པའི་དཀྱིལ་འཁོར་ནི༔ རྡོ་རྗེ་མེ་རི་འབར་བའི་སྲུང་འཁོར་ནང་༔ ཞི་རྒྱས་དབང་དྲག་རོལ་བའི་གཞལ་མེད་ཁང་༔༡ མི་འཇིགས་ཁྲི་དང་ཐུགས་རྗེའི་བླ་བྲེས་མཛེས༔ འཁོར་བའི་ཚ་གདུང་སེལ་བའི་གདུགས་དཀར་གཡོ༔ བདུད་བཞི་རྩད་གཅོད་རྡོ་རྗེ་ཕུར་པ་གདེང་༔ མ་རིག་གཟུང་འཛིན་འབིག་པར་བྱེད་པའི་མདའ༔ ༢བསྟན་པའི་སྙིང་པོ་ནུབ་མེད་རྒྱལ་མཚན་བཙུག༔ འཁོར་འདས་ཤན་འབྱེད་ཡོལ་བ་རིམ་གསུམ་མཛེས༔ གཡུལ་ལས་རྣམ་རྒྱལ་དར་ལྕེ་གསུམ་པའི་འཕན༔ འཕྲིན་ལས་ཐོགས་མེད་ནོར་བུའི་ཕྲེང་བ་བྲེས༔ སྣང་སྲིད་དག་པ་ཀུན་བཟང་མཆོད་པའི་སྤྲིན༔ རབ་འབྱམས་རྩ་གསུམ་ལྷ་ཚོགས་རྣམས་ལ་འབུལ༔ བདག་སོགས་ཚོགས་ཟུང་འཕེལ་ཞིང་སྒྲིབ་ལས་རོལ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་མཎྜ་ལ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ རིན་ཅེན་སྣ་བདུན་མཆོད་པ༔

ཧོ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་འཁོར་ལོ་རིན་པོ་ཆེ༔ སྲིད་པའི་དྲྭ་བ་གཅོད་ཕྱིར་གུས་པས་འབུལ༔ མ་རིག་མུན་སེལ་ཆོས་འཁོར་བསྐོར་དུ་གསོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཙཀྲ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་ནོར་བུ་རིན་པོ་ཆེ༔ དབུལ་ཕོང་སྡུག་བསྔལ་སེལ་ཕྱིར་གུས་པས་འབུལ༔ ཕུན་ཚོགས་ཆར་ལྟར་འཇོ་བའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཎི་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་བཙུན་མོ་རིན་པོ་ཆེ༔ སྲིད་པའི་རྒུད་པ་གཞོམ་ཕྱིར་གུས་པས་འབུལ༔ ཐབས་ཤེས་འབྲལ་བ་མེད་པའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཝསྟི་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་བློན་པོ་རིན་པོ་ཆེ༔ ཐེ་ཚོམ་ཡིད་གཉིས་སེལ་ཕྱིར་གུས་པས་འབུལ༔ བརྟན་རླིང་ཡོན་ཏན་རྫོགས་པའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་སྟི་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་གླང་པོ་རིན་པོ་ཆེ༔ ལྟ་ངན་འཇིགས་པ་ཞི་ཕྱིར་གུས་པས་འབུལ༔ ཐེག་མཆོག་སྤོབས་པ་བརྟན་པའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཧསྟི་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་རྟ་མཆོག་རིན་པོ་ཆེ༔ ལེ་ལོའི་བར་ཆད་ཞི་ཕྱིར་གུས་པས་འབུལ༔ རྫུ་འཕྲུལ་སྟོབས་དང་ལྡན་པའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཏུ་རཾ་ག་ཨ་ཤྭ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཆོས་དབྱིངས་ཡེ་ཤེས་རོལ་བ་ལས་བྱུང་བའི༔ ཞིང་ཁམས་ཀུན་ཁྱབ་དམག་དཔོན་རིན་པོ་ཆེ༔ བདུད་བཞིའི་དགྲ་དཔུང་གཞོམ་ཕྱིར་གུས་པས་འབུལ༔ གཡུལ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྩོལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཁཊྒ་རཏྣ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ བཀྲ་ཤིས་རྟགས་བརྒྱད་མཆོད་པ༔

ཧོ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་པདྨ་དཀར་མོ་དཔལ་བེའུ་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་ཤྲཱི་བདྶ་བཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་འོད་ལྡན་དམར་མོ་པདྨ་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་པདྨ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་མདངས་ལྡན་སྔོན་མོ་གདུགས་དཀར་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་ཚཱ་ཏྲཾ་ག་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་དྲི་མེད་ལྗང་ཁུ་ཆོས་དུང་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་ཤཾ་ག་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་འཇིགས་བྱེད་དཀར་མོ་འཁོར་ལོ་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་གནས་བཅས་སྔོན་མོ་རྒྱལ་མཚན་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་དྷྭ་ཛ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་དཀར་ཤམ་དམར་སྐྱ་བུམ་པ་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་ཀ་ལ་ཤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ སྟོང་ཉིད་དབྱིངས་ལས་བདེ་ཆེན་སྒྱུ་མའི་འཕྲུལ༔ ལྷ་མོ་ཡིད་གཞུང་ལྗང་ཁུ་གསེར་ཉ་འཛིན༔ སྣང་སྲིད་ཀུན་ཁྱབ་ཕྱག་རྒྱའི་མཆོད་པ་འདིས༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོ་མཉེས་གྱུར་ཅིག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མངྒ་ལཾ་མཏྶྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ རྫས་མཆོག་བརྒྱད་ཀྱི་མཆོད་པ༔

ཧོ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ གཟུགས་མཛེས་འོད་འཆང་ལྷ་མོའི་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་མེ་ལོང་འདི་འབུལ་བས༔ སྒྲིབ་བྲལ་རྣམ་དག་ཡེ་ཤེས་འཆར་བར་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་དརྴ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ ས་སྲུང་གླང་པོ་ཆེ་ཡི་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་གྷི་ཝང་འདི་འབུལ་བས༔ ཟུག་རྔུ་ཀུན་བྲལ་མྱང་འདས་དོན་མཐོང་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གོ་རོ་ཙ་ན་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ མཛང་མ་ལེགས་སྐྱེས་བུ་མོའི་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་ཞོ་གསར་འདི་འབུལ་བས༔ ་རྣམ་དག་ཡེ་ཤེས་སྙིང་པོ་རྟོག་པར་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ད་དྷི་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ རྩྭ་ཚོང་ཁྱེའུ་བཀྲ་ཤིས་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་དུརྦ་འདི་འབུལ་བས༔ སྐྱེ་ཤི་རྒྱུན་ཆད་ཚེ་གཡང་འཕེལ་བར་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་དཱུརྦ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ ལྷ་ཆེན་ཚངས་པ་ཆེན་པོའི་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་བིལྦ་འདི་འབུལ་བས༔ འབྲས་བུའི་ཆོས་རྣམས་འབད་མེད་ཐོབ་པར་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བིལྦ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ ལྷ་ཡི་དབང་པོ་བརྒྱ་བྱིན་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་དུང་དཀར་འདི་འབུལ་བས༔ ཐེག་གསུམ་ཆོས་སྒྲ་སྒྲོགས་པའི་མཐུ་ཐོབ་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཤཾ་ཁ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ བྲམ་ཟེ་སྐར་རྒྱལ་བུ་ཡི་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་ལི་ཁྲི་འདི་འབུལ་བས༔ སྣང་སེམས་ཆོས་རྣམས་དབང་དུ་འདུ་བར་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་སིནྡྷུ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཏིང་འཛིན་ནམ་མཁའི་ཀློང་ལས་རང་ཤར་བའི༔ མཐུ་ཆེན་གསང་བའི་བདག་པོའི་རྟེན་འབྱུང་ནོར༔ བཀྲ་ཤིས་རྫས་མཆོག་ཡུངས་དཀར་འདི་འབུལ་བས༔ གདོན་བགེགས་བར་ཆད་གཞོམ་པའི་མཐུ་ཐོབ་ཤོག༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་སརྴ་པ་དྲ་བྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ དགའ་བ་བཅུ་དྲུག་མཆོད་པ༔

ཧོ༔ ༡ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ སྒེག་མ་དཀར་མོ་རྡོ་རྗེ་དཀུར་བརྟེན་འགྱིང་༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ ལཱ་སྱ་ཧཱུྃ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༢ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ཕྲེང་མ་སེར་མོ་རིན་ཆེན་དོ་ཤལ་འཛིན༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཱ་ལྱེ་ཏྲཱྃ་ པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༣ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ གླུ་མ་དཀར་དམར་པི་ཝཾ་གླུ་དབྱངས་གྱེར༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གཱིརྟི་ཧྲཱི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༤ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ གར་མ་ལྗང་གུ་རྡོ་རྗེ་ཐོགས་པ་རྩེན༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ནཱིརྟི་ཨཱཿཔཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༥ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ མེ་ཏོག་སེར་མོ་པདྨའི་ཆུན་འཕྱངས་བསིལ༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པུཥྤེ་ཏྲཱྃ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༦ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ སྤོས་མ་སྔོན་པོ་དྲི་ཞིམ་སྤོས་ཕོར་འཛིན༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་དྷུཔེ་ཧཱུྃ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༧ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ སྣང་མ་དམར་སྐྱ་ཉི་ཟླའི་སྒྲོན་མེ་བཏེགས༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨཱ་ལོ་ཀེ་ཧྲཱི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༨ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ དྲི་མ་ལྗང་གུ་དུང་ཆོས་དྲི་བཟང་འཐོར༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གྷནྡྷེ་ཨཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༩ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ལྷ་མོ་དཀར་མོ་ནོར་བུའི་མེ་ལོང་ངོམ༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཱུ་པ་ༀ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༠ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ལྷ་མོ་དམར་གསལ་ཙནྡན་རྔ་ཟླུམ་རྡུང་༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མྲྀ་ཏཾ་གི་ཧྲཱི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༡ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ལྷ་མོ་མཐིང་ཀ་ནཱི་ལའི་པི་ཝང་སྒྲོགས༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཝི་ནི་ཧཱུྃ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༢ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ལྷ་མོ་སེར་མོ་རྦ་དཀར་གླིང་བུ་འབུད༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཝཾ་སེ་ཏྲཱྃ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༣ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ལྷ་མོ་ལྗང་ཁུ་རིན་ཆེན་རྫ་རྔ་སྒྲོགས༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མུ་རཉྫེ་ཨ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༤ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ རེག་བྱའི་ལྷ་མོ་ལྗང་ཀུ་གོས་བཟང་ཐོགས༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པརྴེ་ཏྲཱྃ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༥ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ རོ་ཡི་ལྷ་མོ་དམར་མོ་ཞལ་ཟས་འཛིན༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཱ་ས་ཧྲཱི་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༡༦ ཐབས་ཤེས་ཟུང་འཇུག་སྒྱུ་མའི་ཕྱག་རྒྱ་ནི༔ ཆོས་ཀྱི་ལྷ་མོ་མཐིང་ཀ་པུསྟི་ཐོགས༔ རང་འདྲའི་མཆོད་སྤྲིན་ཉི་ཟེར་རྡུལ་ལྟར་འཕྲོ༔ སྣང་སྲིད་རྣམ་དག་ནམ་མཁའ་མཛོད་ཀྱིས་མཆོད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ དྷརྨ་དྷ་ཏུ་ཨ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ འཆི་མེད་སྨན་གྱི་མཆོད་པ༔

ཧོ༔ བདེ་སྟོང་མཉམ་སྦྱོར་ཡེ་ཤེས་རོལ་བ་ལས༔ སྒྲོན་མ་ལྕགས་ཀྱུ་ལྔ་ལྡན་རྩ་བ་བརྒྱད༔ ཡན་ལག་སྟོང་རྩ་སྦྱར་བ་ཕྱི་ཡི་སྨན༔ འབུལ་ལོ་མཆོག་ཐུན་དངོས་གྲུབ་རྒྱ་མཚོ་སྐྱིལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ བདེ་སྟོང་མཉམ་སྦྱོར་ཡེ་ཤེས་རོལ་བ་ལས༔ རྡོ་རྗེའི་པདྨའི་བཅུད་བྱུང་བདུད་རྩིའི་རྒྱུན༔ དཀར་དམར་མྱོང་གྲོལ་ཟེག་མས་ཆོས་དབྱིངས་ཁྱབ༔ ནང་གི་སྨན་མཆོག་འབུལ་ལོ་བདེ་ཆེན་བསྐྱེད༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་སུ་ཁ་ཨ་མྲྀ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ བདེ་སྟོང་མཉམ་སྦྱོར་ཡེ་ཤེས་རོལ་བ་ལས༔ ཀུན་བཏགས་འཁྲུལ་བའི་ལས་རླུང་དབུ་མར་ཞུགས༔ གཞན་དབང་རྣམ་རྟོག་དམིགས་མེད་དབྱིངས་སུ་ཞི༔ ཡོངས་གྲུབ་གསང་མཆོད་འབུལ་ལོ་རྟོགས་པ་སྦོར༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བྷོ་དྷི་ཙིཏྟ་ཨ་མྲྀ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ བདག་མེད་གཏོར་མའི་མཆོད་པ༔

ཧོ༔ ཀུན་ཁྱབ་འགྱུར་མེད་བདེ་བའི་ཡེ་ཤེས་རྩལ༔ བཟའ་བཅའ་བཏུང་བའི་ཡོ་བྱད་བསམ་མི་ཁྱབ༔ མངར་སྐྱུར་ཁ་སྣུམ་ཚ་དང་སྐ་བའི་རིགས༔ ཕུན་ཚོགས་འབྱོར་བ་ཕྱི་ཡི་གཏོར་མ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་བ་ལིངྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

ཀུན་ཁྱབ་འགྱུར་མེད་བདེ་བའི་ཡེ་ཤེས་རྩལ༔ ཕུང་ལྔ་དབང་པོ་སྲ་དང་གཤེར་བའི་བཅུད༔ གཅེས་སྲོག་དོན་སྙིང་མ་ཉམས་དབུགས་དང་བཅས༔ དྲོད་མདངས་རབ་རྒྱས་ནང་གི་གཏོར་མ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཏེ་ཛོ་བ་ལིངྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

ཀུན་ཁྱབ་འགྱུར་མེད་བདེ་བའི་ཡེ་ཤེས་རྩལ༔ ཚོགས་བརྒྱད་སྒྲིབ་པའི་དྲི་མ་ཀུན་གཏོར་བའི༔ མ་ལུས་ཡེ་ཤེས་རྣམ་དག་འཆར་བའི་རྫས༔ རིག་གདངས་འགགས་མེད་གསང་བའི་གཏོར་མ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གུ་ཧྱ་བ་ལིངྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ ཆགས་བྲལ་རཀྟའི་མཆོད་པ༔

ཧོ༔ གཟུང་འཛིན་ཡུལ་སྣང་སྟོང་པར་ཤར་བའི་རྩལ༔ རྩི་ཤིང་ས་རྡོ་རང་བྱུང་རིན་པོ་ཆེ༔ གདོད་ནས་རྣམ་དག་སྲིད་པ་བདེ་འགྲོའི་ཁྲག༔ ཁམས་གསུམ་དབང་སྡུད་ཕྱི་ཡི་རཀྟ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

གཟུང་འཛིན་ཡུལ་སྣང་སྟོང་པར་ཤར་བའི་རྩལ༔ སྲིད་པའི་རྩ་དང་དབང་པོའི་དངས་མའི་བཅུད༔ པདྨའི་སྦུབས་ལས་བྱུང་བ་བདེ་བའི་རོ༔ རྩ་བ་བརྒྱད་ལྡན་ནང་གི་རཀྟ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མཱུ་ལ་རཀྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

གཟུང་འཛིན་ཡུལ་སྣང་སྟོང་པར་ཤར་བའི་རྩལ༔ གིརྟི་དམར་མོ་འདོད་པས་སྨྱོས་པའི་ཆུ༔ མཁའ་ཀློང་ཡངས་པར་རྟོག་པ་ཀུན་བསྒྲལ་བའི༔ འདོད་ཆགས་གནས་དག་གསང་བའི་རཀྟ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་གུ་ཧྱ་རཀྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ ཧོ༔ རྣམ་ཀུན་མཆོག་ལྡན་བདེ་བ་ཆེན་པོའི་འཕྲུལ༔ ཚོགས་ཡུལ་དབང་པོ་མཉམ་པར་སྦྱོར་བ་ལས༔ སྣང་སྲིད་ཐམས་ཅད་ཕྱག་རྒྱའི་གར་ཏུ་རོལ༔ གདོད་ནས་མཉམ་སྦྱོར་བདེ་བའི་མཆོད་པ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་མུ་དྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

རྣམ་ཀུན་མཆོག་ལྡན་བདེ་བ་ཆེན་པོའི་འཕྲུལ༔ གཟུགས་མཛེས་དྲི་ཞིམ་འདོད་པའི་སྒྱུ་རྩལ་མཁས༔ རབ་འབྱམས་ཞིང་ཁྱབ་ཆགས་ལྡན་བུ་མོའི་ཚོགས༔ དབང་པོ་གཉིས་སྦྱོར་བདེ་བའི་མཆོད་པ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཀཱ་མ་མུ་དྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

རྣམ་ཀུན་མཆོག་ལྡན་བདེ་བ་ཆེན་པོའི་འཕྲུལ༔ འཛིན་རྟོག་འགྱུ་བ་དབུ་མའི་དབྱིངས་ཞུགས་པས༔ དུས་སྦྱོར་བཅུ་གཉིས་དག་པ་དགའ་མའི་ཚུལ༔ དབྱིངས་རིག་ཟུང་སྦྱོར་བདེ་བའི་མཆོད་པ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཛྙཱ་ན་མུ་དྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ ཀུན་རྟོག་བསྒྲལ་བའི་མཆོད་པ་ནི༔

ཧོ༔ དབྱིངས་ལས་མ་གཡོས་རྗེས་ཆགས་ཐུགས་རྗེའི་རྩལ༔ ཤུགས་དྲགས་རྡོ་རྗེ་ཁྲོས་པའི་ཏིང་འཛིན་གྱིས༔ དགྲ་བགེགས་བྱད་མའི་ཤ་ཁྲག་དོན་སྙིང་བཅས༔ དྲོད་རླངས་མ་ཉམས་སྙིང་རྗེའི་བསྒྲལ་མཆོད་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་དུཥྚན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

དབྱིངས་ལས་མ་གཡོས་རྗེས་ཆགས་ཐུགས་རྗེའི་རྩལ༔ ཐབས་ཆེན་རྡོ་རྗེ་སྔགས་ཀྱི་དམ་ཚིག་གིས༔ དུག་ལྔའི་བྱ་བྱེད་རྩ་བ་དོང་སྤྲུགས་པའི༔ ཉོན་མོངས་ལམ་བྱེད་རང་གྲོལ་བསྒྲལ་མཆོད་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་རུ་དྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

དབྱིངས་ལས་མ་གཡོས་རྗེས་ཆགས་ཐུགས་རྗེའི་རྩལ༔ ཀུན་བཏགས་འཁྲུལ་བ་ཡོངས་གྲུབ་དབྱིངས་སུ་བསྒྲལ༔ ཡོངས་གྲུབ་འཛིན་པ་སྤྲོས་བྲལ་ཆེན་པོར་ཞུགས༔ སྒྲིབ་ལས་རྣམ་གྲོལ་ཡོངས་གྲོལ་བསྒྲལ་མཆོད་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་མ་ཧཱ་མོ་ཀྵ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

༈ གཉིས་མེད་དོན་གྱི་མཆོད་པ་ནི༔

༈ ཧོ༔ ཆོས་དབྱིངས་དག་མཉམ་བདེན་པ་ཆེན་པོའི་སྟོབས༔ སྣང་བ་མ་འགགས་ཐབས་ཀྱི་ཆོས་འཕྲུལ་ལ༔ སྟོང་བ་མ་ཆད་ཤེས་རབ་སྒྱུ་མའི་གར༔ སྣང་སྟོང་འགལ་མེད་རྟེན་འབྲེལ་མཆོད་པ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

ཆོས་དབྱིངས་དག་མཉམ་བདེན་པ་ཆེན་པོའི་སྟོབས༔ སྣང་ལུགས་མ་བཅོས་ཡེ་ཤེས་ཤེས་ཉག་གཅིག་ལ༔ གནས་ལུགས་མ་བཅོས་སྤྲོས་བྲལ་ཆེན་པོའི་དལ༔ གནས་སྣང་དབྱེར་མེད་དག་པའི་མཆོད་པ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་དྷ་ཏུ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

ཆོས་དབྱིངས་དག་མཉམ་བདེན་པ་ཆེན་པོའི་སྟོབས༔ གཞི་དབྱིངས་ཀ་དག་ཟང་ཐལ་ཆེན་པོ་ལ༔ རིག་གདངས་ལྷུན་གྲུབ་ཡེ་ཤེས་རྒྱུན་མི་ཆད༔ དབྱིངས་རིག་དབྱེར་མེད་དོན་གྱི་མཆོད་པ་འབུལ༔ ༀ་ཨཱཿགུ་རུ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཛྙཱ་ན་དྷ་ཏུ་ པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔

ཅེས་རོལ་མོ་དབྱངས་དང་བཅས་པས་མཆོད་པར་བྱའོ༔ ཨེ་མ་ཧོ༔ ཚོགས་གཉིས་མྱུར་དུ་རྗོགས་པའི་ཐབས༔ མཆོད་པའི་རྒྱུད་ཀྱི་ཕྲེང་བ་འདི༔ ཚིག་ཏུ་བརྗོད་ཅིང་དབྱངས་སུ་གྱེར༔ གླུ་དང་གར་དང་རོལ་མོ་བྱ༔ མཆོད་པ་འབུལ་བའི་བསོད་ནམས་མཐུས༔ ཚེ་རབས་ཀུན་ཏུ་འབྱོར་ལྡན་ཞིང་༔ རིགས་གཟུགས་ལང་ཚོ་ཕུན་སུམ་ཚོགས༔ འགྲོ་བ་ཀུན་གྱིས་མཆོད་པར་འགྱུར༔ དབུལ་བོས་རྟག་ཏུ་ནོར་རྙེད་ཅིང་༔ མཐུ་མེད་རྣམས་ཀྱང་ནུས་ལྡན་འགྱུར༔ བསོད་ནམས་ལྡན་ལ་བསམ་ངན་གྱི༔ མཐུ་བྱད་དམག་གིས་འཇིགས་དང་བྲལ༔ འདི་ཉིད་ལན་གཅིག་ཚུལ་བཞིན་བརྗོད༔ དམ་ཚིག་ཉམས་ཆག་ཀུན་བྱང་སྟེ༔ བསྐལ་བ་བཞི་ཁྲིའི་ཚོགས་རྫོགས་ཤིང་༔ མཐར་ཐུག་མཚན་དཔེའི་སྐུ་ཐོབ་འགྱུར༔ ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་མཆོད་ཕྲེང་རྫོགས་སོ༔ མཆོད་པ་འདི་ཉིད་བླ་མེད་ཀྱི་དཀྱིལ་འཁོར་ཀུན་ལ་སྦྱར་བར་བྱའོ། བྱ་རྒྱུད་སྤྱོད་རྒྱུད་རྣལ་འབྱོར་རྒྱུད་གསུམ་ལ་སྦྱར་ཚེ་སྨན་རཀ་གཏོར་གསུམ་སྦྱོར་སྒྲོལ་དེ་བཞིན་ཉིད་ཀྱི་མཆོད་པ་རྣམས་མི་དགོས་སོ། །སྤྲོས་བཅས་ལ་མཆོད་སྟེགས་ལོགས་སུ་སྤྲོས་ཏེ་ཞི་ཁྲོའི་ཆས་གང་རུང་དང་ལྡན་པས་གར་བཅས་བྱས་ཀྱང་རུང་ངོ་། །ཕྱག་རྒྱ་དང་རོལ་མོ་རྣམས་མཐོང་བ་བརྒྱུད་པའི་མན་ངག་ལས་ཤེས་པར་བྱའོ། །དབྱངས་རོལ་རྒྱན་ཆས་ཕྱག་རྒྱ་སོགས་རྒྱས་བསྡུས་ནི་གནས་དུས་ཁམས་དབང་དང་བསྟུན་པས་ཆོག་གོ །བཀྲ་ཤིས། །


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་མཆོད་ཕྲེང་ཚོགས་ཆེན་མྱུར་རྫོགས།next