Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ལྷ་ཚོགས་ལ་བསྟོད་པ་ཀུན་བཟང་དགའ་བའི་རོལ་མོ།
   
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ལྷ་ཚོགས་ལ་བསྟོད་པ་ཀུན་བཟང་དགའ་བའི་རོལ་མོ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ལྷ་ཚོགས་ལ་བསྟོད་པ་ཀུན་བཟང་དགའ་བའི་རོལ་མོ།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ལྷ་ཚོགས་ལ་བསྟོད་པ་ཀུན་བཟང་དགའ་བའི་རོལ་མོ་བཞུགས་སོ༔

ན་མོ་པདྨ་བཛྲ་ཡེ༔ སྒོ་གསུམ་སྒྲིབ་པ་དག་དང་༔ སྐུ་གསུམ་གོ་འཕང་ལ་སྦྱོར་བའི༔ ཐབས་ཆེན་བསྟོད་པའི་རྒྱལ་པོ་སྟེ༔ སྐལ་བ་ལྡན་པས་དྭངས་སུ་ལོངས༔ འདི་ཉིད་སུ་ཡིས་རོལ་དབྱངས་བཅས༔ ཚིག་དོན་སེམས་ལ་གསལ་བོར་དྲན༔ དད་དང་གུས་པས་བསྟོད་བྱེད་ན༔ བསྐལ་བ་བསག་པའི་སྡིག་སྒྲིབ་དག༔ ཚེ་འདིར་རྙེད་བཀུར་སྙན་གྲགས་རྒྱས༔ བྱད་ཁ་རྦོད་གཏོང་ཁ་མཆུ་ཞི༔ ངག་སྒྲིབ་དག་པས་སྔགས་ནུས་འབྱུང་༔ གཞན་དོན་འཕྲིན་ལས་བསམ་བཞིན་འགྲུབ༔ ཕྱི་མ་བདེ་ཆེན་པདྨའི་ཞིང་༔ དཔའ་བོ་མཁའ་འགྲོས་བསྟོད་དབྱངས་བཅས༔ བསུས་ཏེ་གུ་རུའི་ཞལ་བཟང་མཇལ༔ ཆོས་བསྟན་གཟུངས་ཐོབ་སངས་རྒྱས་བརྙེས༔ ས་མ་ཡ༔ སྤོས་ཀྱིས་དྲིས་མཆོད་དར་གྱིས་གཡབ༔ རྡོ་རྗེའི་གར་དང་སྙན་པའི་དབྱངས༔ ལག་པའི་ཕྱག་རྒྱ་དགའ་བའི་སེམས༔ བརྟུལ་ཞུགས་ཐབས་ཀྱིས་འདི་ལྟར་བརྩམས༔ ཐོག་མར་ཐོད་ཕྲེང་རྩལ་གྱི་སྔགས་ཀྱིས་བསྐུལ་ཞིང་༔ ཧཱུྃ་ཨཱཿༀ༔ ཧོ་ཧོ་ཧོ༔

༈ ཡེ་ཤེས་དབྱིངས་ལ་བསྟོད་པ་ནི༔

ཨེ་མ་ཧོ༔ དག་པ་གཉིས་ལྡན་ཆོས་དབྱིངས་ཡེ་ཤེས་ལས༔ རང་ཤར་ཆོས་ཀུན་མཁྱེན་པ་མེ་ལོང་ལྟར༔ ཤེས་བྱ་རང་བཞིན་མེད་པ་མཉམ་པ་ཉིད༔ ཇི་སྙེད་སོར་རྟོག་བྱ་བ་གྲུབ་ལ་བསྟོད༔ རྣམ་དག་དབྱིངས་ལ་སྐྱེ་དང་འཇིག་པ་མེད༔ སྟོབས་དང་མི་འཇིགས་མ་འདྲེས་ཆོས་རྣམས་ནི༔ དབྱིངས་ལས་བྱུང་ཞིང་དབྱིངས་སུ་གྱུར་བ་ན༔ སྒྲིབ་ཚོགས་སྤྲིན་བྲལ་མཁའ་ལྟར་དག་ལ་བསྟོད༔ ཀུན་གཞི་གནས་འགྱུར་སྒྲིབ་ལ་གསུམ་དང་བྲལ༔ ཐོག་མཐའ་བར་མེད་དབྱིངས་རིག་གཉིས་སུ་མེད༔ རང་བཞིན་ཉེས་པའི་དྲི་བྲལ་རྣམ་རྟོག་མེད༔ ཆོས་ཀུན་འབྱུང་གནས་ཆོས་དབྱིངས་ཡེ་ཤེས་བསྟོད༔ ཀུན་གཞིའི་རྣམ་ཤེས་གསལ་ཆ་གནས་འགྱུར་བ༔ དམིགས་པའི་གཟུང་དང་འཛིན་པའི་རྟོག་པ་བྲལ༔ ཆོས་རྣམས་ཐམས་ཅད་གཟུགས་བརྙན་ལྟ་བུར་གསལ༔ རྨོངས་པའི་ཡུལ་མེད་མེ་ལོང་ཡེ་ཤེས་བསྟོད༔ ཉོན་ཡིད་གནས་འགྱུར་སྲིད་ཞི་མཉམ་ཉིད་མཁྱེན༔ བདག་གཞན་འཕེལ་གྲིབ་རང་གི་ངང་དུ་མཉམ༔ མི་གནས་མྱ་ངན་འདས་པའི་ཡེ་ཤེས་དབྱིངས༔ རྣམ་དག་མཉམ་པ་ཉིད་ཀྱི་ཡེ་ཤེས་བསྟོད༔ ཡིད་ཀྱི་རྣམ་ཤེས་གནས་འགྱུར་ཇི་སྙེད་མཁྱེན༔ གཟུངས་དང་ཏིང་འཛིན་བསམ་གཏན་ཀུན་གྱི་གཞི༔ ཆོས་ཀུན་འབྱེད་ལ་འཁྲུལ་མེད་ཐོགས་པ་མེད༔ ཤེས་བྱ་ཀུན་རིག་སོར་རྟོག་ཡེ་ཤེས་བསྟོད༔ དབང་ཤེས་གནས་འགྱུར་འགྲོ་བའི་བྱ་བྱེད་རྣམ་པར་དག༔ རྟོག་མེད་མཁྱེན་པ་བསམ་ཡས་སྤྲུལ་བ་ཡིས༔ ཞིང་ཁམས་ཀུན་ཏུ་སེམས་ཅན་དོན་བསྒྲུབ་པ༔ ལས་རབ་བྱ་བ་གྲུབ་པའི་ཡེ་ཤེས་བསྟོད༔

༈ རྒྱལ་བ་སྐུ་གསུམ་བསྟོད་པ་ནི༔

ཨེ་མ་ཧོ༔ ཀ་དག་ཀློང་དུ་མཚན་མའི་ཆོས་ལས་འདས༔ ལྷུན་གྲུབ་དབྱིངས་ལ་ཡེ་ཤེས་ཡོན་ཏན་རྫོགས༔ ཟུངས་འཇུག་སྤྲུལ་བ་སྒྱུ་འཕྲུལ་དྲ་བའི་གར༔ ཀུན་བཟང་བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོད༔ སྒྲིབ་གཉིས་བག་ཆགས་ཡོངས་དག་སྤང་བ་ཆེ༔ ཤེས་བྱའི་དཀྱིལ་འཁོར་ཀུན་མཁྱེན་རྟོགས་པ་ཆེ༔ འགྲོ་དོན་རྟག་ཁྱབ་ལྷུན་གྲུབ་སེམས་དཔའ་ཆེ༔ ཆེ་བ་གསུམ་ལྡན་རྒྱལ་བ་ཁྱོད་ལ་བསྟོད༔ སྤྲོས་པའི་མཚན་འཛིན་མ་ལུས་ཡེ་དག་ཅིང་༔ ཆོས་རྣམ་ཀུན་ཁྱབ་ཀུན་ལ་དབང་བསྒྱུར་བ༔ ཟག་པ་མེད་པའི་རང་བྱུང་ཡོན་ཏན་རྫོགས༔ ཀུན་བཟང་ཆོས་ཀྱི་སྐུ་ལ་ཕྱག་འཚལ་བསྟོད༔ ཆོས་ཀུན་ཆོས་ཀྱི་སྐུ་ལ་མཉམ་པར་བརྡལ༔ སྤྲོས་མེད་སྤྲོས་བཅས་ལས་འདས་ཟབ་ཅིང་ཆེ་༔ དུས་མེད་དུས་གསུམ་མ་འགག་རྟག་པ་དང་༔ དབྱིངས་ཡེ་ཐ་མི་དད་པར་གཅིག་ལ་བསྟོད༔ སྟོར་སྐུར་མཐའ་ལས་འདས་པས་ཡང་དག་པ༔ སྒྲིབ་གསུམ་དྲི་མ་རྣམ་བྲལ་གཙང་བ་དང་༔ རྣམ་པར་མི་རྟོག་དམིགས་མེད་འོད་གསལ་བ༔ ཡོན་ཏན་ཀུན་གཞི་རྫོགས་པའི་རྟེན་ལ་བསྟོད༔ གདོད་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི༔ འོད་གསལ་རྒྱུན་མི་ཆད་པ་ལོངས་སྤྱོད་རྫོགས༔ ངེས་པ་ལྔ་ལྡན་ཕུན་སུམ་ཚོགས་པའི་དཔལ༔ ཀུན་བཟང་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ རྣམ་པར་དག་པ་ས་བཅུའི་འཁོར་གྱིས་བསྐོར༔ སྟུག་པོ་བཀོད་པ་འོག་མིན་ལོངས་སྤྱོད་ཞིང་༔ རྣམ་སྣང་རིགས་ལྔ་ལ་སོགས་རྫོགས་སྐུར་སྣང་༔ ངོ་བོ་ངེས་པ་མཚནདཔེས་བརྒྱན་ལ་བསྟོད༔ གང་ལས་བྱུང་བ་བླ་ན་མེད་པའི་ཆོས༔ འཕྲིན་ལས་རྒྱལ་བའི་སྲས་པོར་ལུང་དུ་སྟོན༔ ལྷུན་གྲུབ་མཛད་པ་ཡིད་བཞིན་ནོར་བུ་ལྟར༔ སྣ་ཚོགས་སྣང་ཡང་རང་བཞིན་བྲལ་ལ་བསྟོད༔ ལོངས་སྤྱོད་རྫོགས་ལས་འཕྲིན་ལས་སྤྲིན་སྤྲོ་བ༔ འགྲོ་བའི་རེ་སྐོང་ཆགས་མེད་མཛད་པ་སྟོན༔ ཐུགས་རྗེ་གདུལ་བྱའི་རྗེས་འགྲོ་ཀུན་ལ་ཁྱབ༔ ཀུན་བཟང་སྤྲུལ་བའི་སྐུ་ལ་ཕྱག་འཚལ་བསྟོད༔ ཅི་ལྟར་འཕྲུལ་ཡང་དབྱིངས་ལ་གཡོ་བ་མེད༔ འགྲོ་ལ་ཕན་བཞེད་སྙིང་རྗེ་རྒྱུ་ཡི་ཚུལ༔ དག་དང་མ་དག་ཞིང་དུ་སྤྲུལ་སྒྱུར་ངོམ༔ འཁོར་བ་སྲིད་དུ་མཛད་པ་སྟོན་ལ་བསྟོད༔ རང་བཞིན་བཟོ་དང་སྐྱེ་བ་བྱང་སེམས་གསུམ༔ འཇུག་བྱེད་ཐབས་མཁས་འབྲས་བུ་གསུམ་ལ་སྦྱོར༔ སྨིན་བྱེད་ཐབས་ཟབ་ཚོགས་ཀུན་སྨིན་པར་བྱེད༔ འགྲོ་ཀུན་སྲིད་ལས་གྲོལ་བར་མཛད་ལ་བསྟོད༔ རང་བཞིན་རྣམ་དག་གློ་བུར་དྲི་ཚོགས་དག༔ བག་ཆགས་རྟེན་དུ་མ་གྱུར་གཙང་བ་དང་༔ རྣམ་རྟོག་གཞན་དབང་མ་གྱུར་བདག་དམ་པ༔ སྤྲོས་པའི་ཚོགས་ཀུན་རྣམ་པར་ཞི་ལ་བསྟོད༔ བག་ཆགས་རྒྱུ་བཅས་འགགས་པའི་བདེ་བ་དང་༔ འཁོར་འདས་འཕེལ་གྲིབ་མེད་པའི་སྲིད་ཞི་མཉམ༔ དེ་ཡི་རང་བཞིན་དག་པ་ནམ་མཁའ་ལྟར༔ རྟག་པ་དམ་པའི་ཕ་རོལ་ཕྱིན་ལ་བསྟོད༔ ཆོས་ཀྱི་སྐུ་ནི་དབྱིངས་སུ་ཐ་དད་མེད༔ ལོངས་སྤྱོད་རྫོགས་ནི་དགོངས་པ་ཐ་དད་མེད༔ སྤྲུལ་བའི་སྐུ་ནི་འཕྲིན་ལས་ཐུན་མོང་སྤྱོད༔ སྐུ་གསུམ་མཉམ་པ་ཉིད་ལ་ཕྱག་འཚལ་བསྟོད༔ ཆོས་སྐུ་སྐྱེ་འགག་བྲལ་བའི་རང་བཞིན་ཉིད་ཉིད༔ ལོངས་སྐུ་ཆོས་ཀྱི་ལོངས་སྤྱོད་རྒྱུན་ཆད་མེད༔ སྤྲུལ་སྐུ་འཕྲིན་ལས་བྱ་བྱེད་གཡེལ་བ་མེད༔ སྐུ་གསུམ་རྒྱུན་མི་ཆད་ལ་ཕྱག་འཚལ་བསྟོད༔ ཤེས་བྱའི་སྒྲིབ་བྲལ་དག་པ་ཆོས་སྐུར་སྣང་༔ ཉོན་མོངས་སྒྲིབ་བྲལ་དག་པ་ལོངས་སྐུར་སྣང་༔ ལས་ཀྱི་སྒྲིབ་བྲལ་དག་པ་ལོངས་སྐུར་སྣང་༔ སྐུ་གསུམ་དག་གསལ་སྣང་ལ་ཕྱག་འཚལ་བསྟོད༔

༈ རྡོ་རྗེ་ལྔ་ཡི་བསྟོད་པ་ནི༔

ཨེ་མ་ཧོ༔ བསམ་ཀྱི་མི་ཁྱབ་སྐུ་གསུང་ཐུགས་ཡོན་ཏན༔ ཚད་མེད་འཕྲིན་ལས་རྡོ་རྗེ་རྣམ་པ་ལྔ༔ དོན་དམ་ཆོས་སྐུ་གདོད་ནས་དྲི་མ་བྲལ༔ གཟུགས་སྐུར་བསྐྱེད་སྨིན་ཡོན་ཏན་རྫོགས་ལ་བསྟོད༔ རྒྱལ་མཆོག་གི་གཟུགས་སྐུའི་ཡོན་ཏན་ནི༔ མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་དང་༔ འཕྲིན་ལས་རང་གཟུགས་ཁྲོ་བོའི་གར་དགུ་སོགས༔ ཐོགས་མེད་སྤྲུལ་བ་སྣ་ཚོགས་སྣང་ལ་བསྟོད༔ དམ་བཅའ་བརྟན་པས་ཞབས་མཐིལ་ལེགས་ཤིང་མཉམ༔ སྦྱིན་པ་དག་པས་ཞབས་མཐིལ་འཁོར་ལོས་མཚན༔ ཁྱད་གསོད་སྤང་བས་ལོང་བུ་མི་མངོན་ཞིང་༔ འཇིགས་ལས་སྐྱབས་པས་སོར་མོ་རིང་ལ་བསྟོད༔ ཕྲ་མ་སྤང་བས་ཕྱག་ཞབས་དྲྭ་བ་འབྲེལ༔ གོས་དང་བཟའ་བཏུང་འདོད་ཡོན་སྦིན་པའི་འབྲས༔ མཐིལ་བཞི་ཕྲག་གོང་ལྟག་པའི་གནས་བདུན་མཐོ༔ དམ་ཆོས་བཟུང་པས་བྱིན་ཕྲ་མཛེས་ལ་བསྟོད༔ གསང་སྲུང་འཁྲིག་སྤངས་གསང་རྩ་སྦུབས་སུ་ནུབ༔ དགེ་ཚོགས་སྤྱད་པས་སྐུ་སྟོད་སེངྒེ་འདྲ༔ ཡང་དག་སྤྱོད་པས་ཐལ་གོང་ཁེངས་ཤིང་རྒྱས༔ མི་འཇིགས་བྱིན་པས་དཔུང་མགོ་ཟླུམ་ལ་བསྟོད༔ གཞན་དོན་སྤྲོ་བས་ཕྱག་མཐིལ་འཇམ་ལ་མཉམ༔ བརྩོན་འགྲུས་ཕྱག་རིང་པུས་མོ་འགེབ་ལ་བསྟོད༔ དགེ་བཅུས་སྐུ་ནི་དྲི་མེད་འོད་དཀྱིལ་ལྡན༔ སྨན་སྦྱིན་མགྲིན་པ་དུང་ལྟར་འཁྱིལ་ལ་བསྟོད༔ དགེ་སྦྱོར་རྫོགས་པས་འགྲམ་པ་རི་དྭགས་འདྲ༔ བསམ་པ་མཉམ་པས་ཐག་བཟང་བཞི་བཅུའི་ཚེམས༔ སྒོ་གསུམ་བསྲུང་བས་མཆེ་བ་རབ་ཏུ་དཀར༔ བདེན་གསུངས་ལྗགས་རིང་བསམ་དུ་མེད་ལ་བསྟོད༔ རོ་བྲོ་སྦྱིན་པས་ལྗགས་ཀྱི་བྲོ་མཆོག་མྱོང་༔ དགའ་བའི་ཚིག་སྨྲས་ཚངས་བའི་དབྱངས་དང་ལྡན༔ བྱམས་པས་བསྲུང་བས་སྤྱན་བཟང་ཨུཏྤལ་འདྲ་༔ གཡོ་མེད་རྫི་མ་བ་གླང་ལྟ་བུར་བསྟོད༔ བསྔགས་འོས་བསྟོད་པས་མཛོད་སྤུ་སུམ་ཅུ་གཉིས༔ བླ་མར་གུས་པས་གཙུག་ཏོར་ལུས་གནས་དྲང་༔ དམ་ཆོས་འཚོལ་བས་པགས་སྲབ་གསེར་གྱིས་མདོག༔ འདུ་འཛི་སྤང་བས་བ་སྤུ་འཇམ་ལ་བསྟོད༔ གདམས་ངག་འཛིན་པས་བ་སྤུ་གཡས་སུ་འཁྱིལ༔ བརྩེ་ཞིང་མཚོན་སྤངས་དབུ་སྐྲ་མཐོན་མཐིང་དག༔ ཏིང་འཛིན་ལ་སྦྱར་སྐུ་དཀྱིལ་ཆུ་ཞེང་གབ༔ ཀུན་ཏུ་བཟང་པོ་སྲེད་མེད་སྟོབས་མངའ་བསྟོད༔ ལམ་གྱི་ཚོགས་གཉིས་འབྲས་བུར་ཤར་བ་ཡི༔ དཔེ་བྱད་བཟང་པོ་ལྟ་བས་མི་ངོམ་པ༔ སེན་མོ་ཟངས་མདོག་ཐུགས་ཀར་གཡུང་དྲུང་འཁྱིལ༔ འགྲོ་བའི་མོས་ངོར་མི་མཐུན་མེད་ལ་བསྟོད༔ ངག་སྒྲིབ་དག་པའི་གསུང་གི་ཡོན་ཏན་ནི༔ སྣང་སྲིད་སྒྲ་ཀུན་སྔགས་སུ་ཤར་བ་ཡི༔ ཡན་ལག་ཅུ་གདུལ་བྱའི་རྗེས་འགྲོ་བའི༔ གང་འདུལ་སྒྲ་གྲགས་ཐོས་གྲོལ་གསུང་ལ་བསྟོད༔ གསུང་བཟང་མཉེན་དང་འཇམ་དང་ཡིད་དུ་འོང་༔ གང་གསུང་ཡིད་དུ་འཐད་ལ་རྣམ་པར་དག༔ དྲི་མེད་རབ་ཏུ་གསལ་དང་སྙན་ཞིང་འཇེབས༔ མཉམ་པར་འོས་ཤིང་མི་ཚུགས་པ་ལ་བསྟོད༔ སྙོན་དང་དུལ་དང་མི་རྩུབས་མི་རླངས་པ༔ རབ་དུལ་རྣ་བར་སྙན་ཞིང་ལུས་ཚིམ་བྱེད༔ སེམས་ཚིམ་སྙིང་དགར་བྱེད་དང་དགའ་བདེ་བསྐྱེད༔ གདུང་བ་མེད་དང་ཀུན་ཤེས་པ་ལ་བསྟོད༔ རྣམ་པར་རིག་པར་བྱ་དང་རྣམ་གསལ་བ༔ དགའ་བར་བྱེད་དང་མངོན་དུ་དགའ་བར་བྱེད༔ ཀུན་ཤེས་བྱེད་དང་རྣམ་པར་རིག་བྱེད་པ༔ རིགས་པ་དང་ནི་རྣམ་པར་འབྲེལ་ལ་བསྟོད༔ ཟློས་སྐྱོན་མེད་དང་སེངྒེའི་སྒྲ་ཡི་ཤུགས༔ གླང་ཆེན་སྒྲ་སྐད་འབྲུག་སྒྲ་ལྟ་བུའི་དབྱངས༔ ཀླུ་དབང་སྒྲ་དང་དྲི་ཟའི་གླུ་ལྟར་སྙན༔ ཀ་ལ་པིངྐ་ཚངས་བའི་དབྱངས་ལ་བསྟོད༔ ཤང་ཤང་ཏེའུ་སྒྲ་དང་དབང་པོའི་དབྱངས༔ རྔ་སྒྲ་ལྟར་སྙན་རྣམ་པར་མི་ཁེངས་པ༔ མི་དམའ་སྒྲ་ཀུན་ཀྱིས་ནི་རྗེས་སུ་ཞུགས༔ ཚིག་ཟུར་མ་ཆག་མ་ཚང་མེད་ལ་བསྟོད༔ སྒྲ་དབྱངས་མ་ཞུམ་པ་དང་མི་ཞན་པ༔ རབ་དགའ་ཁྱབ་དང་ཀུན་ཏུ་ཆུབ་པ་དང་༔ དབྱངས་ཀྱི་རྒྱུན་ཆགས་འབྲེལ་བ་ཀུན་དང་འཚམས༔ སྒྲ་ཀུན་རྫོགས་དང་དབང་པོ་ཚིམ་ལ་བསྟོད༔ རབ་ཏུ་མ་སྨད་པ་དང་མི་འགྱུར་པ༔ མ་བརྟབས་དལ་འགྲོ་འཁོར་ཚོགས་ཡོངས་ལ་གྲགས༔ ཐམས་ཅད་རྣམ་ཀུན་མཆོག་ལྡན་སྟོང་ཉིད་དབྱིངས༔ རྣམ་པ་ཅིར་ཡང་འཆར་བའི་གསུང་ལ་བསྟོད༔ ཐུགས་ནི་ཟག་པ་ཀུན་བྲལ་མཁའ་ལྟ་བུ༔ ཡེ་ཤེས་ཡོན་ཏན་མ་བཅོས་ལྷུན་གྱིས་གྲུབ༔ དོན་དམ་ཆོས་སྐུ་བསམ་མི་ཁྱབ་པའི་གཏེར༔ སྤྲོས་བྲལ་རྣམ་པ་ཀུན་ལྡན་མཆོག་ལ་བསྟོད༔ འཕགས་ལམ་ཡན་ལག་བརྒྱད་ལྡན་ཟག་པ་མེད༔ ཚད་མེད་རྣམ་པ་བཞི་བོ་ཡོངས་སུ་རྫོགས༔ ནང་ཤེས་སྐྱེ་མཆེད་བཞི་དང་རྣམ་ཐར་བརྒྱད༔ སྙོམས་འཇུག་རྣམ་དགུ་ཟག་མེད་མཁྱེན་ལ་བསྟོད༔ འབྱུང་ལྔ་ཁ་དོག་རྣམ་ཤེས་རྣམ་པ་བཅུ༔ ཕྱི་ནང་ཟད་པ་ཟིལ་གནོན་སྐྱེ་མཆེད་བརྒྱད༔ ཕ་རོལ་ཉོན་མོངས་ས་བོན་དྲུག་ནས་འབྱིན༔ གཞན་དོན་སྨོན་འཇུག་ཟག་མེད་མཁྱེན་ལ་བསྟོད༔ ལྷ་ཡི་མིག་སོགས་མངོན་ཤེས་རྗེས་དྲན་དྲུག༔ གང་འདུལ་ཁམས་དབང་སོ་སོར་རིག་པ་བཞི༔ རྟེན་དམིགས་ཐུགས་དང་ཡེ་ཤེས་ཡོངས་དག་བཞི༔ ཚེ་སེམས་དབང་བཅུ་ཟག་མེད་མཁྱེན་ལ་བསྟོད༔ སྟོབས་བཅུ་མི་འཇིགས་བཞི་དང་སྲུང་མེད་གསུམ༔ བདེ་གཤེགས་ཆོས་སྟོན་དྲན་པ་ཉེར་བཞག་གསུམ༔ དུས་ལས་མི་ཡོལ་བསྙེལ་བ་མེད་པའི་གཟུངས༔ སྒྲིབ་གཉིས་ཡང་དག་ཟག་མེད་མཁྱེན་ལ་བསྟོད༔ སྐྱེ་བོ་ཀུན་ལ་ཕན་པའི་ཐུགས་རྗེ་ཆེ༔ གཞན་ལས་ཁྱད་འཕགས་མ་འདྲེས་ཆོས་བཅོ་བརྒྱད༔ རྣམ་པ་ཀུན་མཁྱེན་སྤང་བྱའི་གནས་ལས་གྲོལ༔ ཆོས་སྐུའི་ཟག་མེད་མཁྱེན་པའི་ཡེ་ཤེས་བསྟོད༔ གསང་གསུམ་གཉིས་སུ་མེད་པའི་ཡེ་ཤེས་མཆོག༔ འཕགས་པའི་སྟོབས་བཅུ་མི་འཇིགས་རྣམ་པ་བཞི༔ མ་འདྲེས་བཅོ་བརྒྱད་སྙིང་རྗེ་ཆེན་པོ་སོགས༔ དོན་གཉིས་ལྷུན་གྲུབ་ཡོན་ཏན་རྒྱ་མཚོར་བསྟོད༔ འགྲོ་བ་མ་ལུས་མཐོ་རིས་ཐར་བའི་གནས༔ གང་དུ་འཕེན་པའི་རྒྱུ་དང་འབྲས་བུ་སོགས༔ འཁོར་འདས་རྒྱུ་རྐྱེན་འབྲས་བུར་གང་སྤྱོད་པ༔ གནས་དང་གནས་མིན་མཁྱེན་པའི་སྟོབས་ལ་བསྟོད༔ དགེ་སྡུག་གང་ལས་འབྲས་བུ་གང་འབྱིན་པ༔ ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས༔ བསམ་གཏན་རྣམ་པར་ཐར་དང་ཏིང་ངེ་འཛིན༔ ཀུན་ནས་རྣམ་བྱང་མཁྱེན་པའི་སྟོབས་ལ་བསྟོད༔ སེམས་ཅན་དབང་པོའི་རབ་དབྱེ་མཐའ་ཡས་པ༔ མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས༔ ཐེག་གསུམ་རིགས་ཅན་དད་པ་རང་བཞིན་དང་༔ མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ལ་བསྟོད༔ རིགས་ཅན་སོ་སོའི་བག་ཆགས་ཆེ་ཆུང་དང་༔ རྒྱས་འགྱུར་རིགས་ཀྱི་ཁམས་རྣམས་མཁྱེན་པའི་སྟོབས༔ འགྲོ་བ་རྒྱུད་ལྔར་སྐྱེ་བའི་ལས་ཉོན་དང་༔ བྱང་ཆུབ་ཐོབ་པའི་ལམ་མཁྱེན་སྟོབས་ལ་བསྟོད༔ དགེ་ཚོགས་ཆུད་མི་གསན་པས་ཚེ་རབས་ཀུན༔ སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས༔ ཕྱི་མའི་མུ་མཐར་ཐུག་པའི་ཚེ་རབས་ཀུན༔ འཆི་འཕོ་སྐྱེ་བ་མཁྱེན་པའི་སྟོབས་ལ་བསྟོད༔ སྤང་བྱ་ཟད་པས་སླར་ཡང་མི་སྐྱེ་ཞིང་༔ ཟག་པ་ཟད་པ་མཁྱེན་པའི་སྟོབས་དང་ལྡན༔ སྒྲིབ་པ་རྣམས་འཇོམས་སྒྲིབ་པས་མི་ཕྱེད་པའི༔ རྡོ་རྗེ་ལྟ་བུའི་སྟོབས་བཅུ་རྫོགས་ལ་བསྟོད༔ ཆོས་རྣམས་ཐུགས་ཆུད་བྱང་ཆུབ་ལ་མི་འཇིགས༔ རྒོལ་བའི་གནས་མེད་ཟག་ཟད་ལ་མི་འཇིགས༔ བར་གཅོད་རྣམ་གཟིགས་ལུང་སྟོན་ལ་མི་འཇིགས༔ རྣམ་གྲོལ་ལམ་སྟོན་མི་འཇིགས་ཐོབ་ལ་བསྟོད༔ སྤྱོད་པ་རྟོགས་པ་མཛད་པ་མཁྱེན་པ་སྟེ༔ འཇིག་རྟེན་མཐུ་ཆེན་ཉན་རང་དགྲ་བཅོམ་པའི༔ ཡོན་ཏན་ཕལ་བ་རྣམས་ལས་ཁྱད་འཕགས་པའི༔ མ་འདྲེས་བཅོ་བརྒྱད་ཡོངས་སུ་རྫོགས་ལ་བསྟོད༔ བརྡེགས་འཆོས་ལ་སོགས་སྐུ་ལ་འཁྲུལ་བ་མེད༔ སྨོད་པ་ལ་སོགས་གསུང་ལ་ཅ་ཅོ་མེད༔ དུས་ཀུན་རྩོལ་མེད་ཐུགས་ལ་བསྙེལ་བ་མེད༔ རྟག་ཏུ་མི་གཡོ་ཏིང་འཛིན་བརྙེས་ལ་བསྟོད༔ འཁོར་འདས་རང་བཞིན་ཐ་དད་མི་མངའ་གཟིགས༔ འདུལ་བའི་སྐལ་བ་ལྡན་པའི་གང་ཟག་ལ༔ དུས་ལས་མི་ཡོལ་སྙོམ་ལས་གྱུར་པ་མེད༔ སོ་སོར་མ་བརྟགས་བཏང་སྙོམ་མེད་ལ་བསྟོད༔ སེམས་ཅན་དོན་མོས་འདུན་པ་ཉམས་པ་མེད༔ འགྲོ་བའི་དོན་ལ་བརྩོན་འགྲུས་ཉམས་པ་མེད༔ བསམ་སྤྱོད་ཀུན་ཤེས་དྲན་པ་ཉམས་པ་མེད༔ སྤྱོད་མཐུན་ཤེས་རབ་ཉམས་པ་མེད་ལ་བསྟོད༔ ཇི་ལྟར་བརྙེས་པའི་ཏིང་ངེ་འཛིན་གྱི་སྒོ༔ དུས་ཀུན་མཉམ་བཞག་ཏིང་འཛིན་ཉམས་པ་མེད༔ ཕྱོགས་རེ་མ་ཡིན་ཤེས་ཉོན་སྒྲིབ་ཀུན་ལས༔ རྣམ་པར་གྲོལ་བ་ཉམས་པ་མེད་ལ་བསྟོད༔ འདས་པར་ཐོགས་མེད་ཡེ་ཤེས་མཐོང་བ་འཇུག༔ ཐ་མ་མེད་པའི་བསྐལ་བའི་འབྱུང་འགྱུར་སོགས༔ མ་འོངས་དུས་ལ་མ་ཆགས་མཐོང་བ་འཇུག༔ ད་ལྟ་ཕྱོགས་བཅུ་དུས་གཅིག་མཁྱེན་ལ་བསྟོད༔ སྐུ་གསུང་ཐུགས་གསུམ་ཡོངས་སུ་དག་པ་ཡིས༔ ཡེ་ཤེས་ལས་བྱུང་ཡེ་ཤེས་སྔོན་དུ་འགྲོ༔ ཡེ་ཤེས་དབྱིངས་ནས་ཡེ་ཤེས་མཛད་པ་སྟོན༔ ཡེ་ཤེས་རྗེས་འགྲོ་ལྷན་སྐྱེས་ཡེ་ཤེས་བསྟོད༔ རྒྱལ་བའི་འཕྲིན་ལས་ལྷུན་གྲུབ་ཕྱོགས་རེ་མེད༔ སྨོན་ལམ་རྒྱ་ཆེ་སྐྱེ་རྒུའི་རེ་བ་སྐོང་༔ ཐོགས་པ་མེད་པ་དུས་རྣམས་ཀུན་ཏུ་འཇུག༔ ཚད་མེད་ཡེ་ཤེས་འཕྲིན་ལས་སྒྲུབ་ལ་བསྟོད༔ རྣམ་པར་རྟོག་པའི་མཚན་མ་དང་བྲལ་ཡང་༔ སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་མཐུས༔ ཡིད་བཞིན་ནོར་ལྟར་འབད་མེད་ཤུགས་འབྱུང་དུ༔ གསང་གསུམ་ཆོས་འཕྲུལ་འཕྲིན་ལས་མཛད་ལ་བསྟོད༔ གདུལ་བྱ་རང་རང་སྐལ་བ་དང་འཚམ་པའི༔ འཕྲིན་ལས་སྣང་བ་ཆུ་དྭངས་ཟླ་བ་ལྟར༔ སྐུ་གསུང་ཐུགས་ཀྱི་མཛད་པ་རིས་མེད་དུ༔ ཅིག་ཆར་འཆར་བའི་འཕྲིན་ལས་མཛད་ལ་བསྟོད༔ སེམས་ཅན་རེ་རེ་འདུལ་ལ་དེར་མཐུན་པའི༔ འཕྲིན་ལས་བསམ་ཡས་འགྱེད་པ་ཉི་འོད་བཞིན༔ འགྲོ་རྒྱུད་པདྨའི་དགའ་ཚལ་དེ་སྙེད་ཀུན༔ དུས་གཅིག་རབ་འབྱེད་འཕྲིན་ལས་མཛད་ལ་བསྟོད༔ ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་ཅི་སྙེད་པར༔ ནམ་མཁའ་བཞིན་དུ་སྐྱེ་འཇིག་དང་བྲལ་ཡང་༔ དུས་ལ་བབ་ན་དེ་ཉིད་དུ་སྣང་ཞིང་༔ མཛད་པ་ནམ་ཡང་རྒྱུན་ཆད་མེད་ལ་བསྟོད༔ ཕྱོགས་མཐས་གཏུག་པའི་འགྲོ་བ་ཅི་སྙེད་པར༔ དུས་གཅིག་སྣ་ཚོགས་སྤྲུལ་བའི་རོལ་བ་ནི༔ སྐྱེ་དང་བྱང་ཆུབ་ཆོས་འཁོར་སྐོར་བ་དང་༔ མྱ་ངན་འདས་སོགས་བསམ་ཡས་སྟོན་ལ་བསྟོད༔ སྐལ་བ་མཆོག་དམན་བར་མའི་འགྲོ་བ་ལ༔ ཁམས་དབང་མཐུན་པའི་འཕྲིན་ལས་ཉི་ཟེར་བཞིན༔ སོ་སོའི་མོས་པར་འཚམས་པའི་འཕྲིན་ལས་མཆོག༔ དམིགས་པ་མེད་པར་ཤུགས་ཀྱིས་འཇུག་ལ་བསྟོད༔ རྒྱལ་བའི་འཕྲིན་ལས་འཇུག་པའི་ཁམས་ཀུན་ཏུ༔ འཚེ་དང་ངན་སོང་ཐབས་མ་ཡིན་པ་དང་༔ ཁམས་གསུམ་སྡུག་བསྔན་དམན་ལས་སྐྱོབས་པ་སྟེ༔ བསམ་ཡས་འཕྲིན་ལས་ལྷུན་གྱིས་གྲུབ་ལ་བསྟོད༔

༈ ཞི་ཁྲོ་སྤྲུལ་བའི་བསྟོད་པ༔

ཨེ་མ་ཧོ༔ ཐབས་ལ་མ་རྨོངས་གདུལ་བྱ་འདུལ་བ་ཡི༔ རབ་འབྱམས་ཞི་དང་ཁྲོ་བོའི་རྣམ་འགྱུར་ནི༔ མཐོང་ན་མི་མཐུན་མེད་པའི་ཉམས་དགུ་དང་༔ ཁྲོ་བོའི་གར་དགུས་རྣམ་པར་རོལ་ལ་བསྟོད༔ སྐྱེ་དང་ང་རྒྱལ་མ་སྤང་གནས་དག་པས༔ ཡན་ལག་གསེར་ཞུན་ལྟར་བུར་མཉེན་ཆགས་ཤིང་༔ ན་དང་ཞེ་སྡང་མ་སྤང་དག་པས༔ སྐུ་སྐབས་ཕྱེད་ཅིང་འཚམས་པས་ལྕུག་ལ་བསྟོད༔ འཆི་དང་འདོད་ཆགས་མ་སྤང་གནས་སུ་དག་པས༔ གཡུ་ཡི་ལྗང་པ་ལྟར་བུར་འཁྲིལ་བག་ཆགས༔ གཏི་མུག་མ་སྤང་གནས་སུ་དག་པའི་བརྡར༔ སྐུ་རྐེད་དྲང་ཞིང་ལྡེམ་པར་སྣང་ལ་བསྟོད༔ རྒ་དང་ཕྲག་དོག་མ་སྤང་གནས་སུ་དག་པས༔ འཇམ་ཞིང་གཞོན་ཤ་ཆགས་པའི་ངང་ཚུལ་ཅན༔ མ་རིག་དང་བྲལ་མཚན་དཔེའི་མེ་ཏོག་བཀྲ༔ གཙང་ཞིང་ཟླ་ལྟར་ཁ་དོག་གསལ་ལ་བསྟོད༔ ཟད་པར་སྐྱེ་མཆེད་ཆེ་བ་མ་ལུས་རྫོགས༔ རང་བྱུང་ཡོན་ཏན་ལྷུན་གྲུབ་བཀྲག་ཅིང་འཚེར༔ རི་བོ་ལྟར་བརྗིད་ཡིད་འོང་ལྷུན་སྟུག་པ༔ ཟིལ་གནོན་སེངྒེའི་གཟི་བྱིན་ལྡན་ལ་བསྟོད༔ འདོད་ལྟ་ཆགས་ཅན་འདུལ་ཕྱིར་སྒེག་པའི་ཉམས༔ ཞེ་སྡང་བདུད་བཞི་བཅོམ་པ་དཔའ་བའི་ཉམས༔ གཏི་མུག་བགེགས་ཚོགས་འདུལ་བའི་འཇིགས་རུང་ཉམས༔ ཁྲོ་ཆགས་སྐུ་ཡི་རྣམ་འགྱུར་ངོམ་ལ་སྟོད༔ དགོད་པའི་སྒྲ་ཡིས་ཆགས་ཅན་དབང་དུ་བྱེད༔ དྲག་ཤུལ་གཤེ་བས་ཞེ་སྡང་རྟོག་པ་འཆིང་༔ འཇིགས་པའི་ང་རོས་གཏི་མུག་དབྱིངས་སུ་སྡོམ༔ ལོག་འདྲེན་གཞོམ་མཛད་ཁྲོ་བོའི་གསུང་ལ་བསྟོད༔ སྙིང་རྗེ་བརྩེ་བས་ཆགས་ཅན་རྗེས་སུ་འཛིན༔ རྔམ་པ་ཁྲོས་པས་ཞེ་སྡང་བཙན་ཐབས་འདུལ༔ ཞི་བ་དབྱིངས་ལས་མ་གཡོས་དྲག་སྐུར་སྡང་༔ གཏི་མུག་རིག་སྟོང་ཆོས་སྐུར་སྤོར་ལ་བསྟོད༔ བདེ་སྟོང་ཟུང་འཇུག་དབྱིངས་དང་ཡེ་ཤེས་གཅིག༔ ཞི་ལྷག་ཟུང་འཇུག་རྡོ་རྗེ་པདྨར་སྦྱོར༔ སྟོང་ཉིད་སྙིང་རྗེ་མི་འབྲལ་རྩ་སྣ་འབྲེལ༔ ཟག་བྲལ་དགའ་བས་མཆུ་སྒྲོས་གཞིབ་ལ་བསྟོད༔ རྣམ་རྟོག་གཞོམ་མེད་རྡོ་རྗེའི་བྲག་ཆེན་སྟེང་༔ ཉོན་མོངས་སྐྱོན་བྲལ་པདྨ་རྒྱས་པའི་ཁར༔ ཤེས་སྒྲིབ་རྣམ་དག་ཐབས་ཤེས་ཉི་ཟླའི་སྟེང་༔ བདག་མེད་མེ་དཔུང་ཀློང་དུ་འགྱིང་ལ་བསྟོད༔ སྐུ་གསུང་ཐུགས་གསུམ་ཡེ་ཤེས་གཅིག་གི་ངང་༔ ཉིད་ལས་མི་གཞན་རྒྱན་གྱི་འཁོར་ལོ་སྟེ༔ ཟག་མེད་བསམ་གྱིས་མི་ཁྱབ་རོལ་བ་ལས་༔ ཆ་མེད་ཀུན་ཁྱབ་བདེ་བ་ཆེ་ལ་བསྟོད༔

༄། །གཙོ་བོ་མཚོ་སྐྱེས་རྡོ་རྗེ།

སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་འཕྲུལ༔ དྲི་མེད་མཚོ་ལས་རང་བྱུང་རྡོ་རྗེ་འཆང་༔ རྒྱལ་པོ་སྒྱུ་འཕྲུལ་ཚུལ་འཆང་པདྨ་འབྱུང་༔ སྣང་སྲིད་ཟིལ་གྱིས་གནོན་ལ་ཕྱག་འཚལ་བསྟོད༔ པདྨ་འབྱུང་གནས་སྐུ་མདོག་དཀར་དམར་མདངས༔ ཞི་འཛུམ་ཡིད་ཙམ་ཁྲོ་བའི་རྣམ་པ་ཅན༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཐུགས་ཀར་བསྣམས་༔ གཡོན་པ་མཉམ་གཞག་ལྟེ་བར་བཀོད་པའི་སྟེང་༔ བདེ་སྐྱོང་སྣོད་མཆོག་ཚེ་བུམ་འཛིན་ལ་བསྟོད༔ གྲུ་མོ་གཡོན་ཏུ་ཁ་ཊྭཱྃ་རྩེ་གསུམ་བསྟེན༔ དབུ་ལ་མཐོང་གྲོལ་པདྨའི་མཉེན་ཞུ་ལ༔ རྩེ་མོར་རྡོ་རྗེ་རྩེ་ལྔ་རྨ་བྱའི་མདོངས༔ གཡས་གཡོན་རྒོད་ཀྱི་ཐེལ་ཆུང་མཛེས་ལ་བསྟོད༔ མེ་ལོང་ཉི་ཟླ་དར་གྱི་ཅོད་པན་སོགས༔ མཐོང་གྲོལ་ཞྭ་ལ་བརྡ་རྟགས་སྣ་ཚོགས་ལྡན༔ ཆོས་གོས་དམར་པོ་གསེར་གྱི་ཧ་རི་ཅན་༔ སྔགས་ཀྱི་ཆ་ལུགས་ན་བཟའ་ཕོད་ཁ་མཐིང་༔ གསང་བ་དྲི་མེད་རྡོ་རྗེའི་འཇམ་གོས་དཀར༔ ཐེག་གསུམ་རྫོགས་པའི་ཆས་ཀྱིས་སྤྲས་ལ་བསྟོད༔ འཁོར་སྒྱུར་ཆ་ལུགས་ཟབ་ཆེན་བེར་སྨུག་དང་༔ རྡོ་རྗེའི་སྐ་རག་རིན་ཆེན་སྟོད་གཡོག་དང་༔ གསེར་གྱི་སྙན་ཆ་ཕྱག་ཞབས་གདུ་བུས་རྒྱན༔ རྡོ་རྗེ་སྐྱིལ་ཀྲུང་མངོན་པར་རྫོགས་ལ་བསྟོད༔ སྐུའི་ཆ་ཤས་རེ་རེར་ཡང་བསྐལ་བའི་བར༔ ཅི་ཙམ་བལྟས་ཀྱང་མི་ངོམས་པ་མི་སྲིད་ཅིང་༔ མཚན་དཔེ་མཆོག་ཏུ་རྒྱས་པའི་གཟི་བརྗིད་ནི༔ ཉི་མ་འབུམ་ཀྱི་འོད་ཟེར་སྤྲོ་ལ་བསྟོད༔ ཡེ་ཤེས་རོལ་བ་བདེ་ཆེན་བསྐྱེད་པའི་ཡུམ༔ རིགས་ལྔའི་མཁའ་འགྲོ་སྒྱུ་མའི་གར་མཁན་མ༔ ཡིད་འཕྲོག་ལངས་ཚོ་སྨིན་པའི་གཟུངས་མ་ལྔ༔ དཔའ་བོ་མཁའ་འགྲོ་འབུམ་སྡེར་བཅས་ལ་བསྟོད༔ དག་པའི་འཁོར་ལྔ་སྙིང་གི་བུ་དགུ་དང་༔ རྗེ་འབངས་ཉེར་ལྔ་རྒྱ་བོད་མཁས་གྲུབ་ཚོགས༔ གྲུབ་པའི་ས་བརྙེས་འགྲོ་བའི་དཔལ་གྱུར་པ༔ རིག་འཛིན་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔

༈ མན་ངག་དང་པོ༔ གུ་རུ་མེ་ཕྲེང་རྩལ༔ སྤྲོས་བྲལ་དབྱིངས་ལས་འོད་གསལ་སྣང་བའི་ཆ༔ ཞི་བར་གནས་ཀྱང་ཁྲོ་ཞིང་གཏུམ་པའི་ཚུལ༔ ཉོན་མོངས་གཡུལ་ངོ་བཟློག་པའི་པདྨ་འབྱུང་༔ དབང་དྲག་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད༔ པདྨ་ཟླ་ཉི་སྲིན་པོ་ཕོ་མོའི་སྟེང་༔ ཆེ་མཆོག་པདྨ་དྲག་པོ་ཞལ་གསུམ་པ༔ གཡས་དཀར་གཡོན་ལྗང་དབུས་དམར་ཞི་ཁྲོ་གཏུམ༔ ཕྱག་དྲུག་མཚོན་ཆ་བསྣམས་ལ་ཕྱག་འཚལ་བསྟོད༔ གཡས་ན་རྡོ་རྗེ་ཐོ་བ་མེ་དཔུང་དང་༔ གཡོན་ན་ཐོད་ཁྲག་ལྕགས་སྡིག་ཕུར་པ་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ དཔལ་དང་དུར་ཁྲོད་ཆས་བརྒྱད་རྫོགས་ལ་བསྟོད༔ ཡུམ་མཆོག་དམར་སྐྱ་གྲི་གུག་ཐོད་པ་འཛིན༔ གཟིགས་ཤམ་རུས་པའི་རྒྱན་ལྔ་མཛེས་པར་སྤྲས༔ སྐུ་ལས་མེ་དཔུང་ཁྲོ་ཚོགས་ལྕགས་སྡིག་འཕྲོ༔ སྤྱི་བོར་ཡེ་ཤེས་བྱ་ཁྱུང་འཕྲོ་ལ་བསྟོད༔ སྣ་ཚོགས་སྤྲུལ་བའི་གར་མཛད་བཅོ་བརྒྱད་ཕྱག༔ རྒྱལ་བསེན་དམ་སྲིའི་གཤེད་གཅིག་ཁྲོ་བའི་ཉམས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་རྒྱལ་བསེན་ཕོ་མོ་གནོན་ལ་བསྟོད༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མེ་འབར་ཕྱར༔ གཡོན་པ་སྡིག་མཛུབ་ལྕགས་སྡིག་མགོ་དགུ་འཛིན༔ མེ་དཔུང་ཀློང་ཏུ་ཧཱུྃ་ཕཊ་དྲག་སྔགས་སྒྲོགས༔ བསྟན་པ་སྲུང་ཞིང་མཐའ་དམག་བཟློག་ལ་བསྟོད༔ པདྨ་དྲག་པོའི་བཀའ་ཡི་གཉེར་བྱང་འཛིན༔ སྔགས་བདག་དྲེགས་པ་དཔལ་མགོན་བདུན་ཅུ་དང་༔ འཇིག་འདས་སྲུང་མའི་ཚོགས་རྣམས་སྤྲིན་ལྟར་གཏིབ༔ མཐུ་ལྡན་བརྒྱུད་གསུམ་དམ་ཅན་ཚོགས་ལ་བསྟོད༔

༈ མན་ངག་གཉིས་པ༔ གུ་རུ་སྨན་བླ༔ ཤར་ཕྱོགས་བཻཌཱུརྱ་འོད་ཞིང་གི་དཔལ༔ མཚན་ཐོས་ཙམ་གྱིས་དུག་གསུམ་ནད་སེལ་བའི༔ སྨན་གྱི་བླ་མ་སྐུ་མདོག་མཐིང་འོད་འབར༔ མཆོག་སྤྱིན་མཉམ་བཞག་མཛད་ལ་ཕྱག་འཚལ་བསྟོད༔ ཆོས་གོས་རྣམ་གསུམ་གསོལ་ཞིང་དཀྱིལ་ཀྲུང་བཞུགས༔ དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོས་མཚན༔ ཨ་རུ་རིགས་ལྔ་བདུད་རྩིའི་ལྷུང་བཟེད་འཛིན༔ ནུས་པས་ནད་གདོན་ཞི་ལ་ཕྱག་འཚལ་བསྟོད༔ བདེ་གཤེགས་མཆེད་བརྒྱད་མཚན་དང་དཔེ་བྱད་ལྡན༔ སངས་རྒྱས་སྟོང་དང་བདུད་རྩི་སྨན་གྱི་ལྷ༔ རིགས་དྲུག་དྲང་སྲོང་མངོན་ཤེས་མཐུ་སྟོབས་ཅན༔ ཚེ་ཡི་རིག་བྱེད་བདག་པོ་རྣམས་ལ་བསྟོད༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་བདུན་འབུམ་འཁོར༔ རྒྱལ་ཆེན་སྡེ་བཞི་གནོད་སྦྱིན་ཞིང་བློན་དང་༔ དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་དགེ་བསྙེན་སོགས༔ བདུད་རྩི་སྨན་གྱི་སྲུང་མ་ཡོངས་ལ་བསྟོད༔

༈ མན་ངག་གསུམ་པ༔ ཨོ་རྒྱན་ནོར་ལྷ༔ འདོད་འཇོའི་བུམ་བཟང་པདྨ་ཉི་ཟླའི་སྟེང་༔ རྗེས་ཆགས་དབང་གི་ཉམས་ལྡན་ནོར་གྱི་ལྷ༔ གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན༔ འདོད་དགུ་ཆར་ཏུ་འབེབ་ལ་ཕྱག་འཚལ་བསྟོད༔ བདེ་རྒྱས་ལྷ་མོ་ཞི་འཛུམ་སྙེམ་པའི་ཚུལ༔ འཇམ་མཉེན་ཕྱག་ན་ནོར་བུ་བདེ་སྐྱོང་སྣོད༔ བརྩེ་ཆེན་ཐུགས་རྗེས་སྐྱེ་འགྲོའི་དབུལ་བ་སེལ༔ གང་སྨོན་རེ་བ་སྐོང་ལ་ཕྱག་འཚལ་བསྟོད༔ ནོར་བདག་མཆེད་བརྒྱད་ཤ་རྒྱས་གསུས་པ་ཆེ༔ ལྷ་མོ་རྣམ་བརྒྱད་གཞོན་ནུ་ཞི་བའི་ཉམས༔ སྣ་ཚོགས་ཚུལ་གྱིས་སྐྱེ་འགྲོའི་རེ་བ་སྐོང་༔ བསོད་ནམས་དབང་ཕྱུག་ནོར་བདག་བརྒྱད་ལ་བསྟོད༔ འབྱུང་བའི་ཁམས་དང་ཕྱོགས་བཅུའི་འཇིག་རྟེན་དང་༔ སྲིད་ན་ཆེ་བའི་འཁོར་ལོའི་བསྒྱུར་བ་སོགས༔ ལྷ་ཀླུ་མི་ཡི་ཕྱྭ་དང་གཡང་འགུགས་པའི༔ གནོད་སྦྱིན་གཏེར་བདག་འཁོར་དང་བཅས་ལ་བསྟོད༔

༈ མན་ངག་བཞི་བ༔ ཡི་དམ་རྡོ་རྗེ་གཞོན་ནུ་ནི༔ ཀུན་ཏུ་བཟང་པོ་གདུལ་བྱའི་རྗེས་འགྲོ་བས༔ རྣམ་པར་ཁྲོས་པ་བདེ་གཤེགས་འཕྲིན་ལས་བདག༔ བདུད་ཚོགས་ཐལ་བར་འབྱིན་པའི་ཀཱི་ལ་ཡ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུར་བསྟོད༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་ལ་བསྟོད༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༔ གཡོན་གཉིས་ཁ་ཊཱྂ༔བསྐལ་བའི་མེ་དཔུང་འཛིན༔ མཐའ་གཉིས་ཕུར་བུས་དགྲ་བགེགས་སྙིང་ལ་གཟིར༔ བདུད་ཆེན་གཤེད་དུ་གྱུར་ལ་ཕྱག་འཚལ་བསྟོད༔ འཁོར་ལོ་རྒྱས་འདེབས་ཁ་ཊཱཾ་ཐོད་ཁྲག་འཛིན༔ སྔོ་སྐྱ་ཆགས་པའི་ཉམས་ལྡན་ཡབ་ལ་འཁྲིལ༔ རབ་འབྱམས་དཀྱིལ་འཁོར་སྤྲོ་མཛད་འཕྲིན་ལས་བདག༔ བདེ་བའི་བདག་ཉིད་ཤེས་རབ་ཡུམ་ལ་བསྟོད༔ ཚོགས་བརྒྱད་དག་པའི་ཁྲོ་ཆེན་ཧེ་རུ་ཀ༔ དཔལ་ཆེན་སྒྲུབ་སྡེ་བརྒྱད་དུ་ཤར་བའི་ལྷ༔ བསམ་མི་ཁྱབ་པའི་སྐུ་དང་ཡེ་ཤེས་བདག༔ བཀའ་འཁོར་སྲུང་མ་རྒྱ་མཚོའི་ཚོགས་ལ་བསྟོད༔

༈ མན་ངག་ལྔ་བ༔ པདྨ་ཟིལ་གནོན་དྲག་རྩལ༔ མཚན་བཅས་རྟོག་པ་མཚན་མེད་ངང་དུ་ཞིག༔ དྲེགས་པའི་སྟོང་སྲོག་ཆོས་ཉིད་དབྱིངས་སུ་ལེན༔ སྣང་སེམས་དབྱེར་མེད་སྣང་སྲིད་སྤྱི་རྗེར་གྲུབ༔ པདྨ་ཟིལ་གནོན་དྲག་པོ་རྩལ་ལ་བསྟོད༔ པདྨ་ཉི་མ་སྡེ་བརྒྱད་སྲོག་གཟུགས་སྟེང་༔ སྣང་སྲིད་དྲེགས་པ་ཡོངས་ཀྱི་སྲོག་གི་བདག༔ ཆེ་བའི་ལྷ་མཆོག་ལྷ་སྲིན་སྡེ་བརྒྱད་འདུལ༔ དཀར་དམར་མདངས་ལྡན་ཟིལ་གནོན་དྲག་པོར་བསྟོད༔ ཞལ་གཅིག་ཕྱག་གཉིས་བཞེངས་སྟབས་སྤྱན་གསུམ་པ༔ ཁྲོ་འཛུམ་བེར་ཕོད་ཆོས་གོས་སྐུ་ལ་གསོལ༔ པད་ཞུ་ཁྱུང་ལྡེམ་ཕྱག་གཡས་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་མེ་འབར་ཁ་གདངས་ཕྱར༔ གཡོན་པས་སྡེ་བརྒྱད་སྙིང་ཕྲེང་འདྲེན་ལ་བསྟོད༔ རྒྱལ་ཀུན་ཡེ་ཤེས་ལྔ་ཡི་ནུས་པའི་དཔལ༔ གནས་ལྔའི་ཁྲོ་ཆེན་འབར་བའི་སྐུར་བཞེངས་ཤིང་༔ མི་བཟད་འཁོར་བའི་གཡུལ་ལས་སྒྲོལ་མཛད་པ༔ ལྷ་སྲིན་སྡེ་བརྒྱད་གཉེན་པོར་གྲུབ་ལ་བསྟོད༔ མཐུ་སྟོབས་བདུད་རྩིའི་རོ་ཡིས་བཟི་བ་ཡི༔ པདྨའི་འཕྲིན་ལས་སྐྱོང་ལ་དུང་སེམས་ཆེ༔ ཕུར་སྲུང་དམ་ཅན་བསྟན་སྲུང་དྲེགས་པའི་སྡེ༔ དམ་ཚིག་གཉན་པོའི་སྟངས་འཛིན་ཀུན་ལ་བསྟོད༔

༈ མན་ངག་དྲུག་པ༔ གསང་བདག་སེདྒེ་སྒྲ་སྒྲོགས༔ མཐུ་རྩལ་ལྷུན་གྲུབ་ཁྲོ་བོ་ཀུན་གྱི་རྗེ༔ ནུས་པར་དབང་འབྱོར་ནུས་པ་གཞན་ལས་ཆེ༔ གསང་བའི་དོན་རྟོགས་གསང་བའི་གཉེར་ཁ་འཛིན༔ སེངྒེའི་ང་རོ་སྒྲོགས་ལ་ཕྱག་འཚལ་བསྟོད༔ པདྨ་ཉི་མའི་གདན་ལ་རྒྱལ་ཀུན་གྱི༔ མཐུ་སྟོབས་གཅིག་བསྡུས་ཐུགས་ཀྱི་རྡོ་རྗེ་འཛིན༔ དཔལ་ཆེན་ཁྲོ་རྒྱལ་གསང་བདག་སེདྒེའི་སྒྲ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་འདོར་སྟབས་མཛད་ལ་ཕྱག་འཚལ་བསྟོད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ༔ མཁའ་དབྱིངས་འཕྱར་བས་སྲིད་གསུམ་ཟིལ་གྱིས་གནོན༔ ཕྱག་གཡོན་སྡིགས་མཛུབ་ཕྱག་རྒྱ་ཐུགས་ཀར་བཀོད༔ ཁྲོ་རྒྱལ་བདུད་དཔུང་འཇོམས་ལ་ཕྱག་འཚལ་བསྟོད༔ ཡུམ་མཆོག་བདུད་འདུལ་དྲག་མོ་སེང་གེའི་གདོང༔ དམར་ནག་ཞལ་གཅིག་ཕྱག་གྲི་ཐོད་འཛིན༔ གཅེར་བུ་རུས་པའི་རྒྱན་ཅན་གཡོན་ནས་འཁྱུད༔ བྱད་མ་གདོན་བགེགས་གདུག་ལ་ཕྱག་འཚལ་བསྟོད༔ སྐྱེ་འགྲོའི་ཤེས་རྒྱུད་འདུལ་ལ་དཔའ་བོའི་སྐུ༔ ལོག་འདྲེན་བསྟན་པར་གཞུག་ལ་སྐྱེན་པའི་གིང་༔ དཔའ་བོ་མཁའ་འགྲོ་ལས་བྱེད་ཀངྐ་ར༔ གསང་བའི་དཀྱིལ་འཁོར་སྐྱོང་མཛད་ཡོངས་ལ་བསྟོད༔

༈ མན་ངག་བདུན་པ༔ པདྨ་བཛྲ༔ ཧྲཱིཿ བདེ་ཆེན་སོ་སོར་རྟོག་པའི་ཡེ་ཤེས་གར༔ བདེ་སྟོང་འདུ་འབྲལ་མེད་པར་རྟག་རོལ་བའི༔ བདེ་བའི་བདག་ཉིད་པདྨ་རྡོ་རྗེ་རྩལ༔ བདེ་སྐྱོང་བདུད་རྩིས་ངོམ་ལ་ཕྱག་འཚལ་བསྟོད༔ ཐེག་པ་དགུ་རྫོགས་ཆེ་བའི་གདན་གྱི་སྟེང་༔ འོད་དཔག་མེད་མགོན་བདེ་བ་ཆེན་པོའི་སྐུ༔ པདྨ་བཛྲ་ཞལ་གསུམ་ཕྱག་དྲུག་དམར༔ གཡས་དཀར་གཡོན་མཐིང་ཁྲོ་འཛུམ་ཞལ་ལ་བསྟོད༔ གཡས་གསུམ་རྡོ་རྗེ་རལ་གྲི་ཚེ་ཡི་བུམ༔ གཡོན་གསུམ་དྲིལ་བུ་བྷཉྫ་ནམ་མཁའི་དབྱུག༔ ཞབས་གཉིས་བཞེངས་སྟབས་ལྷ་ཆེན་ཕོ་མོ་མནན༔ དགྱེས་བཞད་གར་གྱིས་རོལ་ལ་ཕྱག་འཚལ་བསྟོད༔ ཡུམ་མཆོག་གསང་བ་ཡེ་ཤེས་མནྡཱ་ར༔ དམར་མོ་ཆགས་རྒྱས་ཌཱ་རུ་དྲིལ་བུ་འཛིན༔ བཅུ་དྲུག་ལང་ཚོ་རབ་རྒྱས་ཡིད་འཕྲོག་མ༔ ནུ་འབུར་བྷ་ག་རྒྱས་ལ་ཕྱག་འཚལ་བསྟོད༔ ཐོར་གཙུག་རྩེ་ན་རིགས་བདག་ཚེ་དཔག་མེད༔ ཚེ་བུམ་འཛིན་པ་གོས་དཀར་ཡུམ་དང་འཁྲིལ༔ ཉོན་མོང་རང་གྲོལ་དཔའ་བོ་རྡོ་རྗེ་བརྒྱད༔ རང་རིགས་དཔའ་མོས་འཁྱུད་ལ་ཕྱག་འཚལ་བསྟོད༔ འབྱུང་བའི་དྭངས་མ་གནས་འདྲེན་མཁའ་འགྲོ་མ་༔ ཕྱི་ནང་རྟེན་འབྲེལ་ལེགས་ཉེས་ལམ་དུ་བྱེད༔ སྲིད་པའི་བདེ་སྡུག་སྟངས་འཛིན་ལས་ལ་མཁས༔ མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་ལ་བསྟོད༔

༈ མན་ངག་བརྒྱད་པ༔ རྟ་མགྲིན་ནག་པོ༔ སྐུ་ལྔ་ལྷུན་གྲུབ་བདེ་བ་ཆེན་པོའི་ངང་༔ གང་འདུལ་ཐབས་ཀྱིས་ཁྲོ་ཆེན་སྐུར་བཞེངས་པ༔ ཁམས་གསུམ་དབང་བྱེད་གནམ་ལྕགས་རལ་བ་ཅན༔ རྟ་མཆོག་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྲིད་པའི་ཁྲག་མཚོའི་ཀེང་རུས་ཕོ་མོའི་སྟེང་༔ སྟག་དང་རུ་དྲ་ཉི་མ་དཀྱིལ་ཁར༔ དཔལ་ཆེན་རྟ་མགྲིན་ནག་པོ་ཤིན་ཏུ་ཁྲོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གེལ་ཚུལ་བཞུགས༔ རྡོ་རྗེས་སེང་ལྡེང་རྒྱལ་རྔ་འཛིན་ལ་བསྟོད༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབང་སྡུད་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ བསྐལ་བའི་མེ་ཕྲེང་འཁྲིགས་པའི་སྐྲ་འཕྱོ༔ ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས་ལ་བསྟོད༔ དབུ་སྐྲ་སྨ་ར་སྨིན་མར་མེ་སྟག་འཚུབས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་བགེགས་ལ་གཟིགས༔ ཀེང་རུས་སྙན་ཆ་ཐོད་པའི་དོ་ཤལ་དཔྱང་༔ རུས་རྒྱན་སྟག་ཤམ་ཐབ་གསོལ་ལ་བསྟོད༔ རྡོ་རྗེ་ཁྲོས་མ་སྐུ་མདོག་མཐིང་སྔོན་འབར༔ ཞལ་གཅིག་ཕྱག་གཉིས་གཅེར་བུ་རུས་རྒྱན་ཅན༔ ཆགས་ཁྲོས་གྲི་ཐོད་ཕྱར་བ་མགུལ་ནས་འཁྱུད༔ དགའ་བཞི་ཡེ་ཤེས་མཆོག་ཏུ་སྦྱོར་ལ་བསྟོད༔ རིགས་བདག་པདྨ་ཐོད་ཕྲེང་དམར་ནག་ཞལ༔ གཅིག་ཕྱག་གཉིས་ཐོད་རྔ་དྲིལ་བུ་འཁྲོལ༔ སྟག་ཤམས་ཐོད་སྐམ་རུས་རྒྱན་ཁྲོ་བོའི་ཆས༔ ཕག་མོ་གྲི་ཐོད་འཛིན་པས་འཁྱུད་ལ་སྟོད༔ གསང་ཡེ་སྡེ་བཞི་དགྱེས་འཛུམ་དཔའ་མོའི་ཆས༔ རང་རིགས་དཔའ་བོ་རྡོར་དྲིལ་འཛིན་དང་སྦྱོར༔ ལས་བཞིའི་ལྷ་མོ་རང་རྟགས་ཕྱག་མཚན་འཛིན༔ སྤྲུལ་བ་ཁྲོ་ཚོགས་འཁོར་འདས་ཁྱབ་ལ་བསྟོད༔

༈ མན་ངག་དགུ་པ༔ རྡོ་རྗེ་གྲོ་ལོད༔ ཆོས་ཉིད་དབྱིངས་ལས་ཡེ་ཤེས་རོལ་བའི་རྩལ༔ དྲག་ཤུལ་སྟོབས་ཀྱིས་བདུད་ཀྱི་དཔུང་ཚོགས་གཞོམ༔ སྲིད་པ་འདི་ན་ཆེ་བཙན་འགྲན་ཟླ་བྲལ༔ ཁྲོ་རྒྱལ་ལོ་ཀ་ཏཱ་རར་ཕྱག་འཚལ་བསྟོད༔ རྡོ་རྗེའི་གུར་ཁང་མེ་དཔུང་འབར་བའི་ཀློང༔ པདྨ་ཉི་མ་རྒྱལ་བསེན་ཕོ་མོའི་དང་༔ དཔའ་རྔམས་སྟག་མོ་གྲུས་མ་འགྱིང་བའི་སྟེང་༔ ཁྲོ་ཆེན་འཇིག་རྟེན་སྒྲོལ་ལ་ཕྱག་འཚལ་བསྟོད༔ རྡོ་རྗེ་གྲོ་ལོད་དམར་སྨུག་འཆོལ་བའི་སྐུ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིར༔ དབུ་སྐྲ་དམར་སེར་གྱེན་བརྫིས་ཐོད་སྐམ་བརྒྱན༔ ཕྱག་གཡས་རྡོ་རྗེ་ཕྱར་ལ་ཕྱག་འཚལ་བསྟོད༔ ཕྱག་གཡོན་གནམ་ལྕགས་ཕུར་བུ་ཐུར་ཏུ་སྡིག༔ ཞབས་གཉིས་གར་སྟབས་ལིང་ལིང་འགྱིང་བག་རོལ༔ ཟ་འོག་བེར་ཕོད་ཆོས་གོས་དམར་པོ་གསོལ༔ ཁྲོ་བོའི་སྤྲིན་དཔུང་སྤྲོ་ལ་ཕྱག་འཚལ་བསྟོད༔ པདྨ་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་དམར༔ གཡས་པས་ཌཱ་རུ་ནམ་མཁའི་དབྱིངས་སུ་དཀྲོལ༔ དཔའ་བོ་མཁའ་འགྲོ་མ་ལུས་དབང་དུ་སྡུད༔ གཡོན་པས་ལྕགས་ཀྱུ་འཕེན་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་ཐུགས་རྗེ་ཡུལ་ལ་འཇུག་པ་ལས༔ བདུད་འདུལ་ཁྲོ་བཅུ་གིང་དང་མཁའ་འགྲོའི་ཚོགས༔ ཐབས་ལ་མ་རྨོངས་སྤྲུལ་བ་དཔག་ཡས་འགྱེད༔ སྲུང་བཟློག་འཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད༔

༈ མན་ངག་བཅུ་པ༔ སྤྱན་རས་གཟིགས་དབང་པདྨ་རྒྱལ་པོ༔ དུས་གསུམ་རྒྱལ་ཀུན་བརྩེ་ཆེན་ཐུགས་རྗེའི་གར༔ མ་ལུས་འགྲོ་བ་སྒྲོལ་བའི་སྐུར་བཞེངས་ཤིང་༔ གང་ལ་གང་འདུལ་འཕྲིན་ལས་བསམ་མི་ཁྱབ༔ ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོར་བསྟོད༔ འཇའ་འོད་པདྨ་ཟླ་བའི་གདན་སྟེང་དུ༔ འགྲོ་འདུལ་སྤྱན་རས་གཟིགས་དབང་གངས་ཆེན་མཚོ༔ པདྨ་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་པ༔ ཐལ་སྦྱར་ཨུཏྤལ་དམར་པོ་བསྣམས་ལ་བསྟོད༔ སྐུ་མདོག་དམར་གསལ་དཔའ་བོ་དགྱེས་པའི་ཉམས༔ དར་དང་རིན་ཆེན་རྒྱན་རྫོགས་ལོངས་སྐུའི་ཆས༔ རུས་པའི་རྒྱན་དང་སྟག་གི་ཤམ་ཐབ་གསོལ༔ འཇིག་རྟེན་དབང་ཕྱུག་མཆོག་ལ་ཕྱག་འཚལ་བསྟོད༔ ཡུམ་མཆོག་གསང་པ་ཡེ་ཤེས་ཀྱི་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཛེས་སྡུག་མཚན་དཔེ་འབར༔ ནུ་མ་བྷ་ག་ཆེར་རྒྱས་སྐེད་སྟབས་ཕྲ༔ མཛེས་སྡུག་ཕྱག་གཉིས་གྲི་ཐོད་འཛིན་ལ་བསྟོད༔ རྡོ་རྗེ་གསུམ་བདག་སྣང་མཐའ་རྟ་མགྲིན་རྒྱལ༔ རིགས་འདུས་རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ སྐུ་ལ་མཐའ་ཡས་རྒྱལ་བའི་དཀྱིལ་འཁོར་རྫོགས༔ བདེ་ཆེན་ལམ་བཟང་སྟོན་ལ་ཕྱག་འཚལ་བསྟོད༔ མངོན་སངས་རྒྱས་ཀྱང་རྒྱལ་སྲས་གཞོན་ནུའི་ཚུལ༔ ཐུགས་རྗེའི་སྟོབས་ཀྱིས་འགྲོ་ཀུན་སྒྲོལ་ལ་དཔའ༔ སེམས་ཅན་ཀུན་གྱི་ཡིད་མཁར་རྟག་ཏུ་བཞུགས༔ བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་བསྟོད༔ དུས་གསུམ་བདེ་གཤེགས་བྱང་སེམས་གངྒཱའི་ཀླུང་༔ དག་པའི་སྐུ་ལས་ཡེ་ཤེས་འོད་ཟེར་འཕྲོ༔ དགྱེས་པའི་ཞལ་ལས་བརྩེ་བའི་འཛུམ་མདངས་ངོམས༔ ཞི་བསིལ་ཆོས་ཀྱི་སྒྲ་ཆེན་བསྒྲོགས་ལ་བསྟོད༔

༈ མན་ངག་བཅུ་གཅིག་པ༔ སྣང་བ་མཐའ་ཡས༔ བདེ་བར་འཛིན་པའི་རྟོག་ཚོགས་དག་པ་ལས༔ བདེ་ཆེན་འགྱུར་མེད་རྒྱལ་བ་འོད་དཔག་མེད༔ བདེ་སྟོང་ཟག་པ་བྲལ་བའི་ཆོས་བསྟན་ཅིང་༔ བདེ་ནས་བདེ་བར་འགོད་མཛད་དེ་ལ་བསྟོད༔ སྡུག་བསྔལ་མིང་སྟོང་བདེ་བ་ཅན་གྱི་ཞིང་༔ བཀོད་པ་གཞལ་མེད་གཞལ་ཡས་ཁང་གི་གཙོ༔ མཚན་ཙམ་ཐོས་པས་འཁོར་བར་མི་ལྟུང་བའི༔ འོད་སྣང་མཐའ་ཡས་རྒྱལ་བ་མཆོག་ལ་བསྟོད༔ འདབ་མ་སྟོང་ལྡན་པདྨ་ཟླ་གདན་སྟེང་༔ ཉི་འོད་འབུམ་ཕྲག་འཕྲོས་འདྲའི་གཟི་བརྗིད་ཅན༔ སྣང་བ་མཐའ་ཡས་ཞལ་གཅིག་ཕྱག་གཉིས་དམར༔ གསང་གསུམ་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་སྟོན་ཀའི་ནམ་མཁའ་ལྟ་བུར་སྔོ༔ ས་གནོན་མཉམ་བཞག་སྟེང་ན་རྡོ་རྗེ་འཛིན༔ ཉོན་མོངས་སྐྱོན་གྱིས་བརྫི་བར་མི་ནུས་པའི༔ ཐུགས་རྗེའི་བདག་ཉིད་མི་འཁྲུགས་མགོན་ལ་བསྟོད༔ བདེ་གཤེགས་སངས་རྒྱས་རབ་བདུན་གསེར་གྱི་མདོག༔ ཚོགས་གཉིས་ཡོངས་རྫོགས་མཚན་དཔེའི་ཡོན་ཏན་ལྡན༔ དྲན་པས་ཉོན་མོངས་ཟུག་རྔུ་དྲུང་ནས་འབྱིན༔ ཡང་དག་རྫོགས་པའི་སངས་རྒྱས་རྣམས་ལ་བསྟོད༔ ནམ་མཁའི་ཁྱབ་ཚད་རྒྱལ་བ་སྲས་དང་བཅས༔ སྤང་རྟོགས་ཕུན་ཚོགས་མཁྱེན་བརྩེ་ནུས་པའི་བདག༔ འགྲོ་ཀུན་སྐྱབས་དང་སྐྱོབས་པ་མཆོག་ཏུ་གྲུབ༔ ཕྱོགས་བཅུའི་སངས་རྒྱས་སྲས་དང་བཅས་པར་བསྟོད༔

༈ མན་ངག་བཅུ་གཉིས་པ༔ བླ་མ་ཀུན་ཏུ་བཟང་པོ༔ ཀ་དག་སྟོང་གསལ་གཞོན་ནུ་བུམ་པའི་སྐུ༔ ལྷུན་གྲུབ་མཚན་དཔེར་ཤར་བའི་ཡེ་ཤེས་བྱིན༔ དབྱིངས་རིག་དབྱེར་མེད་སྟངས་དཔྱལ་རྣམ་པར་བཞེངས༔ རང་རིག་ཀུན་ཏུ་བཟང་པོར་ཕྱག་འཚལ་བསྟོད༔ ཡེ་ཤེས་འོད་ལྔའི་ཐིག་ལེ་གསལ་འཚེར་དབུས༔ ཆོས་ཅན་ཀུན་བཟང་ཡབ་ནི་སྐུ་མདོག་མཐིང་༔ ཆོས་ཉིད་ཀུན་བཟང་ཡུམ་ནི་རྡོར་དྲིལ་ལྗང་༔ སྒྲིབ་བྲལ་གཅེར་བུར་འཁྲིལ་ལ་ཕྱག་འཚལ་བསྟོད༔ ཉག་གཅིག་ཞལ་ལ་ཐབས་ཤེས་ཟུང་འཇུག་ཕྱག༔ འཁོར་འདས་རོ་སྙོམ་མཉམ་གཞག་ཕྱག་རྒྱ་ཅན༔ གཟུང་འཛིན་སྒྲིབ་བྲལ་སྐུ་ནི་གཅེར་བུའི་ཚུལ༔ མཐའ་གཉིས་སྤང་བའི་སྐྱིལ་ཀྲུང་མཛད་ལ་བསྟོད༔ རིགས་ཀུན་འཆར་གཞི་རིགས་རྣམ་ཀུན་གྱི་བདག༔ ཀུན་བཟང་ཐུགས་ལས་བྱུང་བའི་རྡོ་རྗེ་སེམས༔ སྙེམ་མ་ཡུམ་བཅས་མཐིང་ཀ་རྡོར་དྲིལ་འཛིན༔ སྒྱུ་འཕྲུལ་དྲ་བའི་བདག་ཉིད་ཆེན་པོར་བསྟོད༔ ཉོན་མོངས་དུག་ལྔ་མ་སྤང་གནས་སུ་དག༔ རིགས་ཀྱི་ཡབ་ལྔ་བརྗིད་ཅིང་ལྷུན་སྟུགས་པ༔ ཡུལ་ལྔ་གནས་དག་རིགས་ཀྱི་ཡུམ་མཆོག་ལྔ༔ བདེ་བར་རོལ་པས་འཁྱུད་ལ་ཕྱག་འཚལ་བསྟོད༔ ཡེ་ཤེས་རྩལ་ལས་ཤར་བའི་འཁོར་འདས་ཆོས༔ རང་བཞག་ཆོས་སྐུ་དྲི་མ་མེད་པའི་གཤིས༔ མ་བཅོས་རྗེན་པར་ཤར་བའི་ཞི་ཁྲོའི་ལྟ༔ སྒྱུ་འཕྲུལ་དྲྭ་བར་ཤར་ལ་ཕྱག་འཚལ་སྟོད༔

༈ མན་ངག་བཅུ་གསུམ་པ༔ བླ་མ་བདེ་བ་ཆེན་པོ༔ ཀ་དག་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ༔ འོད་གསལ་ལྷུན་བླ་མ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཀུན་ཁྱབ་བླ་མ་སྤྲུལ་བའི་སྐུ༔ གུ་རུ་པདྨ་བདེ་བ་ཆེ་ལ་བསྟོད༔ འདབ་མ་འབུམ་ལྡན་པད་སྡོང་ཉི་ཟླའི་སྟེང་༔ ཁམས་གསུམ་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ༔ ལྷ་འདྲེ་མི་གསུམ་འདུལ་བའི་མཐུ་སྟོབས་ཅན༔ བྱིན་རླབས་བཙན་ཐབས་འཕོ་བར་མཛད་ལ་བསྟོད༔ གུ་རུ་བདེ་ཆེན་དཀར་ལ་དམར་མདངས་ཆགས༔ སྐུ་ལ་གསང་གོས་མདུང་མ་ཕོད་ཆེན་དང་༔ ཆོས་གོས་དམར་པོ་གསེར་གྱི་རིས་ཅན་གསོལ༔ པདྨ་མཐོང་གྲོལ་དབུ་ཞྭ་མཛེས་ལ་བསྟོད༔ མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས༔ ཞལ་གཅིག་ཕྱག་གཉིས་གྲི་གུག་བདུད་རྩི་སྟོབས༔ མཛེས་ཤིང་ཆགས་པའི་ཉམས་ཅན་གཉིས་མེད་འཁྲིལ༔ ཟག་མེད་བདེ་བ་ཆེན་པོར་རོལ་ལ་བསྟོད༔ རིག་འཛིན་རྣམ་བཞིའི་སར་གནས་དཔའ་བོ་ཆེ༔ འགྲོ་བ་ཀུན་སྒྲོལ་ཐེག་གསུམ་ནབ་བཟས་ཀླུབས༔ བདེ་ཆེན་རབ་རྒྱས་རང་འོད་རིག་མས་འཁྲིལ༔ ཐབས་ཤེས་གཉིས་སུ་མེད་ལ་ཕྱག་འཚལ་བསྟོད༔ སློབ་དཔོན་བཞི་ནི་དགྱེས་ཤིང་བརྩེ་བའི་ཉམས༔ ཚུལ་གནས་མཁྱེན་རབ་ཐོགས་མེད་བརྗིད་ཡེ་རེ༔ ལྷ་ཀླུ་མི་ཡི་རིག་འཛིན་སྤྲུལ་བའི་ཚོགས༔ བརྒྱུད་གསུམ་བླ་མའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ལྟར་བསམ་པ་དགེ་ཤིང་སེམས་བསྐྱེད་ཆེ༔ གུས་ཤིང་དང་པའི་བསྟོད་པས་བྱིན་རླབས་ཀྱིས༔ འགྲོ་ཀུན་མི་གནས་མྱ་ངན་འདས་པའི་སར༔ ཐོགས་པ་མེད་པར་གྲོལ་བར་བྱིན་གྱིས་རློབས༔ བསྒྲུབ་པ་པོ་ཡི་སྒོ་གསུམ་དྲི་མའི་ཚོགས༔ འཐོལ་ཞིང་བཤགས་སོ་བྱང་ཞིང་དག་པ་དང་༔ ལྷ་སྔགས་ཏིང་འཛིན་ཡེ་ཤེས་སྟོབས་འབར་ཏེ༔ རིག་འཛིན་རྣམ་བཞིའི་ས་ལམ་མྱུར་བསྒྲོད་ཤོག༔ ཀ་དག་ཀློང་ཡངས་ཆོས་སྐུའི་བཀྲ་ཤིས་ཤོག༔ བདེ་ཆེན་ལྷུན་གྲུབ་ལོངས་སྐུའི་བཀྲ་ཤིས་ཤོག༔ འགྲོ་དོན་ཀུན་ཁྱབ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ པདྨ་འོད་འབར་བླ་མའི་བཀྲ་ཤིས་ཤོག༔

དེ་ལྟར་བསྟོད་ཅིང་གསོལ་བ་གདབ༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་རྗེས་འཛིན༔ ཕྱི་ལ་དྲོད་འབར་དྲི་བཟང་འཐུལ༔ ནང་ན་ཉམས་དགའ་བདེ་བ་རྒྱས༔ ལུས་ཀྱི་གཟི་མདངས་རྒྱས་པ་དང་༔ ངག་ལ་ནུས་པ་འབར་བ་དང་༔ སེམས་ལ་ཉམས་དང་རྟོགས་པ་འཆར༔ བསམ་པ་ལྷུན་གྲུབ་ཨེ་མ་ཧོ༔ བསམ་པ་ལྷུན་གྲུབ་ཀྱི་བསྟོད་པ་ལེགས་པར་གྲུབ་པའོ༔ ས་མ་ཡ༔ ཨྠྀི༔ དེ་ལྟར་གུས་པས་བསྟོད་བྱེད་ན༔ སྒྲིབ་གཉིས་དྲི་མ་དག་པ་ལས༔ བསམ་དོན་ལྷུན་གྱིས་འགྲུབ་པ་ཡི༔ དོན་གཉིས་ཕུན་ཚོགས་ཨེ་མ་ཧོ༔ ཨྠྀི༔ ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་ལྷ་ཚོགས་ལ་བསྟོད་པ་ཀུན་བཟང་དགའ་བའི་རོལ་མོ།next