Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ལྷ་སྣང་སྒྲུབ་པའི་གདམས་པ་སྒོམ་ཁོག་ཆེན་མོ།
   
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ལྷ་སྣང་སྒྲུབ་པའི་གདམས་པ་སྒོམ་ཁོག་ཆེན་མོ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ལྷ་སྣང་སྒྲུབ་པའི་གདམས་པ་སྒོམ་ཁོག་ཆེན་མོ།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔ ལྷ་སྣང་སྒྲུབ་པའི་གདམས་པ་སྒོམ་ཁོག་ཆེན་མོ་བཞུགས་སོ༔

བཛྲ་གུ་རུ་པདྨ་ཀཱ་ར་ཡེ༔ པདྨའི་ཞལ་གདམས་བཀའ་ཐ་མ༔ ཡིད་བཞིན་ནོར་བུ་ལྟ་བུ་ཡི༔ མན་ངག་བསྒོམ་པའི་རིམ་པ་འདི༔ ལས་ཅན་སྐྱེས་བུའི་དཔལ་དུ་བྱོན༔ ས་མ་ཡ༔

ༀ་ཨཱཿཧཱུྃ་ཧྲཱི༔ གདོད་ནས་ཀ་དག་ཆོས་སྐུ་ཆེན་པོའི་ངང་༔ རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཤར༔ འཇིགས་མེད་སྲུང་བའི་གུར་ཁང་ཡངས་བའི་ནང་༔ ཡེ་ཤེས་རོལ་བ་པདྨ་འོད་ཀྱི་ཞིང་༔ བདེ་གཤེགས་སྙིང་པོ་བྱང་ཆུབ་ཀྱི་སེམས་ཀྱི་བརྟེན༔ ཕུང་ཁམས་རྣམ་དག་རྒྱལ་བ་རིགས་ལྔའི་གདན༔ དབང་ཡུལ་དག་པ་སེམས་དཔའ་སེམས་མའི་གདན༔ ཡན་ལག་ཡུལ་བཅས་ཁྲོ་བོ་ཁྲོ་མོའི་གདན༔ ཕུང་ཁམས་ཡེ་ནས་དག་པ་ལྷའི་རང་བཞིན༔ ཞལ་ཕྱག་སྤྲོས་པའི་མཚན་མ་མ་མཆིས་ཀྱང་༔ གང་འདུལ་འགྲོ་བའི་མོས་ངོར་ཚད་མེད་ཀྱི༔ འཕྲིན་ལས་ཀུན་ཁྱབ་འགག་པ་མེད་པའི་ཚུལ༔ ཡེ་ཤེས་གཅིག་ལ་འཆར་ཆ་དཔག་མེད་པ༔ ཞི་ཁྲོ་སྤྲུལ་བའི་མཛད་པ་བློ་ལས་འདས༔ མཁའ་དབྱིངས་བདུད་རྩིའི་རྒྱ་མཚོ་སྔོ་ཞིང་དྭངས༔ རྒྱ་ཁྱོན་གཏིང་མཐའ་འབྱམས་ཀླས་ཆོས་དབྱིངས་ཁྱབ༔ དབུས་སུ་པད་སྡོང་འདབ་མ་འབུམ་བརྡལ་བ༔ ཡལ་ག་ལོ་འབྲས་ཕུན་སུམ་ཚོགས་གེ་སར་མཐོ༔ དེ་སྟེང་ཉི་མ་ཟླ་བའི་གདན་གྱི་དབུས༔ དུས་གསུམ་སངས་རྒྱས་ཀུན་ཀྱི་ངོ་བོ་ཉིད༔ པདྨ་འབྱུང་གནས་སྐུ་མདོག་དཀར་དམར་མདངས༔ ཞི་འཛུམ་ཡིད་ཙམ་ཁྲོ་བའི་རྣམ་པ་ཅན༔ ཕྱག་གཡས་གསེར་རྡོར་རྩེ་ལྔ་ཐུགས་ཀར་བསྣམས་༔ གཡོན་པ་མཉམ་གཞག་ལྟེ་བར་བཀོད་པའི་སྟེང་༔ ཀ་པཱ་ལ་སྣོད་བདུད་རྩིས་གང་བ་དང་༔ ཚེ་བུམ་དཔག་བསམ་ཤིང་གིས་ཁ་རྒྱན་འཛིན༔ གྲུ་མོ་གཡོན་ཏུ་ཁ་ཊྭཱྃ་རྩེ་གསུམ་བསྟེན༔ དབུ་ལ་མཐོང་གྲོལ་པདྨའི་མཉེན་ཞུ་ལ༔ རྩེ་མོར་རྡོ་རྗེ་རྩེ་ལྔ་རྨ་བྱའི་མདོངས༔ གཡས་གཡོན་རྒོད་ཀྱི་ཐེལ་ཆུང་མཛེས་པས་བརྒྱན༔ མེ་ལོང་འོད་འབར་གསེར་གྱི་ཉི་ཟླ་དང་༔ དར་གྱི་ཅོད་པན་གྱིས་རླུང་གིས་བསྐྱོད་པ་སྤྲས༔ སྐུ་ལ་མདོ་དང་མཐུན་པའི་ཆ་ལུགས་ནི༔ ཆོས་གོས་དམར་པོ་གསེར་གྱི་ཧ་རི་ཅན་༔ སྔགས་ཀྱི་ཆ་ལུགས་ན་བཟའ་ཕོད་ཁ་མཐིང་༔ གསང་བ་དྲི་མེད་རྡོ་རྗེའི་འཇམ་་གོས་དཀར༔ འཁོར་ལོས་སྒྱུར་རྒྱལ་ཆ་ལུགས་ཟབ་ཆེན་གྱི༔ བེར་སྨུག་པདྨའ་རིས་ཅན་མཛེས་པར་གསོལ༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་༔ སྐུའི་ཆ་ཤས་རེ་རེར་ཡང་བསྐལ་བའི་བར༔ ཅི་ཙམ་བལྟས་ཀྱང་མི་ངོམས་པ་མི་སྲིད་ཀྱང་༔ མཚན་དཔེ་མཆོག་ཏུ་རྒྱས་པའི་གཟི་བརྗིད་ནི༔ ཉི་མ་འབུམ་ཀྱི་འོད་ཟེར་དུས་གཅིག་ཏུ༔ རྣམ་པར་སྤྲོས་ལྟར་མཐོང་ཐོས་དྲན་ཙམ་གྱིས༔ བྱང་ཆུབ་འབྲས་བུ་མྱུར་དུ་འགྲུབ་ནུས་པ༔ བྱིན་ཐིབས་འོད་སྣང་ད་ལེར་བཞུགས་པར་བསྒོམ༔ ཕྱོགས་བཞི་དབུས་ལྔར་ཡེ་ཤེས་ལྔའི་ངོ་བོ༔ གུ་རུའི་ཐུགས་སུ་ཆུད་པའི་གཟུངས་མ་ལྔ༔ མདུན་པདྨ་ཉི་མའི་གདན་སྟེང་དུ༔ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་མཆོག༔ དཀར་དམར་མཛེས་འཛུམ་ཞལ་གཅིག་ཕྱག་གཉིས་པ༔ མཁའ་འགྲོའི་ཆས་རྫོགས་ཕུར་བ་གསང་ཐོད་འཛིན༔ཤར་དུ་ཞི་བའི་གཟུངས་མ་དཀར་ལ་མཛེས༔ ལྷ་ལྕམ་ཡིད་འཛིན་ཞེས་གྲགས་བདེ་བསྐྱེད་ཡུམ༔ ཟ་ཧོར་མནྡཱ་ར་བ་ཤེལ་རྡོ་ཐོགས༔ ཉེས་ཚོགས་མ་ལུས་ཞི་བའི་སྐུ་རུ་གསལ༔ དོན་ཀུན་གྲུབ་མ་ཞེས་གྲགས་པ་བདེ་བསྐྱེད་ཡུམ༔ བལ་མོ་ཤཱཀྱ་དེ་ཝི་སེར་ལ་མཛེས༔ གཡས་ན་གསེར་ཕྲེང་འཛིན་པའི་སྙེམ་ལྡན་མ༔ ལེགས་ཚོགས་རྣམ་པར་སྤེལ་བྱེད་རྒྱས་པའི་ཡུམ༔ གསེར་གྱི་རྣ་ཆ་ཅན་ཞེས་བདེ་བསྐྱེད་ཡུམ༔ མོན་མོ་བཀྲ་ཤིས་ཁྱུ་འདྲེན་དམར་ལ་མཛེས༔ གཡས་ན་གྲི་གུག་འཛིན་པའི་ཡིད་འགུགས་མ༔ ལྷ་སྲིན་ཟིལ་གནོན་བྲན་ཁོལ་དབང་གི་ཡུམཿ གར་བྱེད་ཆེན་མོ་ཞེས་གྲགས་བདེ་བསྐྱེད་ཡུམ༔ བལ་མོ་ཀཱ་ལ་སིདྡྷི་མཐིང་ནག་མཛེས༔ གཡས་ན་རྩེ་གསུམ་འཛིན་པའི་འཇོམས་བྱེད་མ༔ ཕྱི་ནང་བར་ཆད་བཟློག་མཛད་དྲག་པོའི་ཡུམ༔ ཀུན་ཀྱི་སྐུ་ལ་མཁའ་འགྲོ་འབུམ་སྡེ་རྫོགས༔ ནུ་འབུར་བྷ་ག་རྒྱས་ཤིང་ཡན་ལག་ཕྲ༔ མཛེས་སྡུག་ལྟ་བས་མི་ངོམ་ཡིད་དབང་འཕྲོག༔ མཐོང་བ་ཙམ་གྱིས་བདེ་ཆེན་ས་ལ་སྦྱོར༔ དྲན་པས་རྣམ་པར་རྟོག་པ་སྟོང་དབྱིངས་ཞུགས༔ ཡུམ་ལྔའི་ཕྱག་གཡོན་ཐོད་པ་བདུད་རྩིས་གཏམ༔ ཀུན་ཀྱང་ཞི་བའི་རྒྱན་གྱིས་རྣམ་པར་བརྒྱན༔ དད་ལྡན་རྣམས་ལ་མ་ཡིས་བུ་ལྟར་བརྩེ༔ ཐུགས་རྗེ་བརྩེ་བས་འཛུམ་ཞལ་བུ་ལ་སྟོན༔ བྱིན་རླབས་མཆོག་སྟེར་དགྱེས་པས་ལུང་སྟོན་ཞིང་༔ འདི་ཕྱིའི་འདྲེན་པ་མཆོག་ཏུ་ཞལ་བཞེས་གནང་༔ སྟེང་དུ་བླ་རབས་བརྒྱུད་པ་སྤྲིན་བཞིན་འཁྲིགས༔ བར་དུ་ཡི་དམ་ལྷ་ཚོགས་སྐར་ལྟར་བཀྲ༔ མཐའ་མར་མཁའ་འགྲོ་ཆོས་སྐྱོང་འཇའ་ལྟར་ཤར༔ དཔའ་བོའི་གླུ་ལེན་དཔའ་མོའི་བྲོ་གར་འཁྲབས༔ མེ་ཏོག་ཆར་འབེབས་བདུད་རྩིའི་འཇའ་འོད་འཁྱུགས༔ ཆོས་དབྱིངས་ནམ་མཁའི་ཁམས་ཀུན་ཐེམ་མེར་གཏམ༔

༈ མན་ངག་དང་པོ༔ གུ་རུ་མེ་ཕྲེང་རྩལ༔

ཧཱུྃ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ པདྨ་ཟླ་ཉི་མ་སྲིན་པོ་ཕོ་མོའི་སྟེང་༔ ཆེ་མཆོག་པདྨ་དྲག་པོ་ཞལ་གསུམ་པ༔ གཡས་དཀར་གཡོན་ལྗང་དབུས་དམར་ཞི་ཁྲོ་གཏུམ༔ ཕྱག་དྲུག་གཡས་ན་རྡོ་རྗེ་ཐོ་བ་མེ༔ གཡོན་ན་ཐོད་ཁྲག་ལྕགས་སྡིག་ཕུར་པ་བསྣམས༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ དཔལ་ཀྱི་ཆས་བཅུ་དུར་ཁྲོད་ཆས་བརྒྱད་རྫོགས༔ ཡུམ་མཆོག་དམར་སྐྱ་གྲི་ཐོད་འཛིན་མས་འཁྱུད༔ སྐུ་ལས་མེ་དཔུང་ཁྲོ་ཚོགས་ལྕགས་སྡིག་འཕྲོ༔ སྤྱི་བོར་ཡེ་ཤེས་བྱ་ཁྱུང་སྤྲིན་ལྟར་འཕྲོ༔ སྣ་ཚོགས་སྤྲུལ་བའི་གར་མཛད་བཅོ་བརྒྱད་ཕྱག༔ རྒྱལ་བསེན་དམ་སྲིའི་གཤེད་གཅིག་ཁྲོ་བའི་ཉམས༔ གཏུམ་དྲག་དམར་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མེ་འབར་ཕྱར༔ གཡོན་པ་སྡིག་མཛུབ་ལྕགས་སྡིག་མགོ་དགུ་འཛིན༔ ཞབས་གཡས་རྒྱལ་པོ་གཡོན་པས་བསེན་མོ་མནན༔ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་ནག༔ སྟག་ལྤགས་བེར་གསོལ་བེ་ཅོན་དབྱུག་ཐོ་བསྣམས༔ ཟ་བྱེད་ནག་མོ་གཡས་ན་འཁོར་ལོ་དང་༔ གཡོན་ན་མཚོན་གྱི་དྲུ་གུ་བསྣམས་པས་འཁྱུད༔ ལྷོ་རུ་བདུད་ནག་རྐོས་རྗེ་དྲང་དཀར་ནག༔ ཕྱག་གཉིས་ཁྲམ་ཤིང་དང་ནི་དགྲ་སྟྭ་བསྣམ༔ བདུད་མོ་རེ་ཏི་མཐིང་ནག་ཁྲམ་ཤིང་དང་༔ ནད་གྱི་རྐྱལ་བ་འཛིན་པ་ཡབ་ལ་འཁྲིལ༔ ནུབ་ཏུ་སྲིན་པོ་གློག་ཕྲེང་ལྗང་ནག་རྔམས༔ ཕྱག་གཡས་ཐོག་དང་གཡོན་པས་སེར་བ་འབེབས༔ ཁྲག་མིག་དམར་ནག་ཁྲག་འཛགས་ཕུར་པ་དང་༔ ཁྲག་ཕོར་སྟོབས་པ་ཡབ་ལ་དགྱེས་པར་འཁྲིལ༔ བྱང་དུ་གནོད་སྦྱིན་ཡཀྴ་མེ་དབལ་དམར༔ ཕྱག་གཡས་རལ་གྲི་གཡོན་ན་རིན་པོ་ཆེ། ནག་མོ་མི་སྲུན་ལྗང་ནག་རལ་གྲི་དང་༔ གཡོན་ན་ལྕགས་ཀྱི་སྤྱང་མོ་འགྱེད་པས་འཁྲིལ༔ ཤར་ལྷོར་གཟའ་བདུད་སྤུ་གྲི་འབར་བ་ནི༔ དུད་ཁ་མདའ་གཞུ་རྒྱལ་མཚན་་སྦྲུལ་ཞགས་བསྣམས༔ གནམ་སྨན་ཐོག་གི་བུ་ཡུག་མ་དམར་མོ༔ གཡས་གཡོན་ཐོག་མདའ་རུས་སྦལ་བསྣམས་པས་འཁྲིལ༔ ལྷོ་ནུབ་ཀླུ་བདུད་ནག་པོ་སྐུ་མདོག་སེར༔ གཡས་ན་སྦྲུལ་ཞགས་གཡོན་པས་ཆུ་སྲིན་འཛིན༔ ཀླུ་མོ་ལྕམ་ཅིག་དམར་མོ་གཡས་ནད་རྐྱལ༔ གཡོན་དུག་གི་སྤུ་གྲི་འཛིན་པས་འཁྲིལ༔ ནུབ་བྱང་ལྷ་ཆེན་དབང་ཕྱུག་ཆེན་པོ་དམར༔ གཡས་ན་རླུང་ཞགས་གཡོན་ན་ལྕགས་ཀྱུ་འདེབས༔ ཨུ་མ་དེ་ཝཱི་དམར་མོ་སྲིད་གསུམ་ཀུན༔ གསལ་བའི་མེ་ལོང་གཏེར་སྒྲོམ་འཛིན་པས་འཁྲིལ༔ བྱང་ཤར་ཁྲག་འཐུང་མ་ཧཱ་ཀཱ་ལ་མཐིང་༔ གཡས་ན་ཟངས་གྲི་གཡོན་ན་ལྕགས་པར་འཛིན༔ དུང་སྐྱོང་མ་ནག་མོ་གནམ་ལྕགས་རལ་གྲི་དང་༔ ནེའུ་ལེའི་རྐྱལ་པ་འཛིན་པས་ཡབ་ལ་འཁྲིལ༔ ཐམས་ཅད་ཞིང་ལྤགས་གོས་ཀྱི་སྟོད་གཡོགས་དང་༔ མི་མགོའི་འཕྱང་འཕྲུལ་མི་སྡུག་ཆས་ཀྱིས་བརྒྱན༔ འཇིགས་གཟུགས་བཟོད་པར་དཀའ་བའི་སྐུ་རུ་བསྒོམ༔ མཐའ་སྐོར་ཕྱི་ནང་གསང་བ་ཡང་གསང་གི༔ སྡེ་བརྒྱད་ཀྱི་མིང་དང་རྣམ་གྲངས་བསམ་མི་ཁྱབ༔ སྔགས་བདག་སྡེ་དཔོན་དཔོན་ཆེན་པོ་སུམ་ཅུ་དང་༔ དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་ཀྱི༔ སྡེ་བརྒྱད་སྡེ་རིགས་གྲངས་ལས་འདས་པ་བསྒོམ༔

༈ མན་ངག་གཉིས་པ༔ གུ་རུ་སྨན་བླ༔

ཨོཾ༔ ཆོས་དབྱིངས་མཁའ་ལ་གུ་རུ་སྨན་གྱི་བླ༔ བདེ་གཤེགས་བརྒྱད་ཀྱི་ཐུགས་སྨོན་གཅིག་བསྡུས་དཔལ༔ སྨན་གྱི་བླ་མ་སྐུ་མདོག་མཐིང་འོད་འབར༔ ཚངས་བར་སྤྱོད་པ་ཞི་ཞིང་དག་པའི་སྐུ༔ ཞལ་གཅིག་ཕྱག་གཉིས་མཆོག་སྤྱིན་མཉམ་བཞག་མཛད༔ ཨ་རུ་རིགས་ལྔ་བདུད་རྩིའི་ལྷུང་བཟེད་འཛིན༔ དབུ་ལ་གཙུག་ཏོར་ཕྱག་ཞབས་འཁོར་ལོས་མཚན༔ ཞབས་གཉིས་སྲིད་ཞིའི་མཐའ་སྤང་དཀྱིལ་ཀྲུང་བཞུགས༔ འཁོར་དུ་བདེ་གཤེགས་མཆེད་བརྒྱད་ཤར་ནས་རིམ༔ སྒྲ་དབྱངས་རྒྱལ་པོ་སྐུ་མདོག་སེར་འོད་འབར༔ མཛེས་པའི་ཕྱག་གཉིས་མཆོག་སྤྱིན་ཕྱག་རྒྱ་མཛད༔ མྱ་ངན་མེད་མཆོག་སྐུ་མདོག་དམར་འོད་འབར༔ ཕྱག་གཉིས་ཏིང་འཛིན་གཡོ་མེད་མཉམ་བཞག་རྒྱ༔ མཚན་ལེགས་ཡོངས་གྲགས་སྐུ་མདོག་སེར་འོད་འབར༔ ཕྱག་གཡས་སྐྱབས་སྤྱིན་གཡོན་པ་མཉམ་བཞག་མཛད༔ གསེར་བཟང་དྲི་མེད་སྐུ་མདོག་སེར་འོད་འབར༔ ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་ཐུགས་གར་བརྒྱན༔ ཆོས་བསྒྲགས་རྒྱལ་པོ་སྐུ་མདོག་དཀར་འོད་འབར༔ ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་ཐུགས་གར་བརྒྱན༔ མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་འོད་འབར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་མཉམ་བཞག་མཛད༔ ཤཱཀྱ་ཐུབ་པ་གསེར་མདོག་འོད་ཟེར་འབར༔ ཕྱག་གཡས་བདུད་འདུལ་གཡོན་པ་མཉམ་བཞག་རྒྱ༔ སངས་རྒྱས་སྟོང་སོགས་ཕྱོགས་བཅུའི་བདེ་གཤེགས་རྣམས༔ ཀུན་ཀྱང་མཚན་དང་དཔེ་བྱད་ཡོངས་རྫོགས་ཤིང༔ གསེར་མདོག་ཚངས་སྤྱོད་ཆོས་གོས་རྣམ་གསུམ་གསོལ༔ བདུད་རྩི་སྨན་གྱི་ལྷ་མོ་སྒེག་ལ་མཛེས༔ བཞི་བརྒྱ་རྩ་བཞིའི་ནད་སེལ་སྨན་སྣོད་ཐོགས༔ རིགས་དྲུག་དྲང་སྲོང་དཀའ་ཐུབ་རྣལ་འབྱོར་ཆས༔ ཚངས་སྐུད་ཐོར་ཅོག་དྲི་མེད་རས་གཟན་གསོལ༔ ལྷ་དང་ལྷ་མོ་མངོན་ཤེས་ལྡན་པའི་ཚོགས༔ མེ་ལོང་མདའ་དར་སྒྲ་སྙན་རོལ་མོ་འཛིན༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ གོ་ཁྲབ་བེར་གྱོན་མཚོན་ཆ་སྣ་ཚོགས་ཐོགས༔ ཡུལ་འཁོར་སྲུང་ནི་དཀར་པོ་པུ་ཝཾ་འཐེན༔ འཕགས་སྐྱེས་པོ་ནི་དམར་པོ་སྦྲུལ་ཞགས་འཛིན༔ སྤྱན་མི་བཟང་ནི་ལྗང་ཁུ་རལ་གྲི་ཐོགས༔ རྣམ་ཐོས་སྲས་ནི་སེར་པོ་ནེའུ་ལེ་འཛིན༔ རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས༔ སྲ་བའི་གོ་གྱོན་འཇིགས་བྱེད་ཕྱག་མཚན་འཛིན༔ སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི༔ སྲུང་སྐྱོབས་འདྲེན་པ་བླ་མེད་སྐུ་རུ་བསྒོམ༔

༈ མན་ངག་གསུམ་པ༔ ཨོ་རྒྱན་ནོར་ལྷ༔

ཛྂ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ གཏེར་བུམ་ཞབས་སྤྲོད་པད་ཟླ་ཉི་མའི་སྟེང༔ ཛྂ༔བྂ༔རྨུགས་འཛིན་མཁའ་འགྲོའི་དྲྭ་བ་སྡོམས༔ དམར་པོ་བརྗིད་ལྡན་ཆགས་རྒྱས་ཡིད་ཙམ་ཁྲོ༔ གཞོན་ནུ་ལོ་བརྒྱད་ལང་ཚོ་མཆོག་ཏུ་རྒྱས༔ སྙེམ་པའི་ཉམས་ལྡན་ནོར་བུ་ཐུགས་གར་འཛིན༔ གཡོན་པས་ནེའུ་ལེ་དཀུར་བརྟེན་ནོར་བུ་སྐྱུགས༔ རིན་ཆེན་རྒྱན་སྤྲས་གཡས་བརྐྱང་སྟབས་ཀྱིས་བཞུགས༔ ཡུམ་མཆོག་བདེ་རྒྱས་ནོར་བུ་ཐོད་ཁྲག་འཛིན༔ གཞོན་ཚུལ་ཆགས་པའི་ཉམས་དང་ལྡན་པས་འཁྱུད༔ ཤར་ནས་ཕྱོགས་བཞི་མཚམས་བཞི་གཡས་རིམ་དུ༔ ཤར་དུ་ནོར་བཟང་ཟླ་ཤེལ་མ་དང་འཁྲིལ༔ ལྷོ་རུ་གང་བཟང་ཟས་སྤྱིན་མ་དང་འཁྲིལ༔ ནུབ་ཏུ་ནོར་སྤྱིན་བཞིན་བཟང་མ་དང་འཁྲིལ༔ བྱང་དུ་རྣམ་སྲས་ནོར་རྒྱུན་འཕགས་མར་འཁྲིལ༔ ཤར་ལྷོར་རོལ་ཕྲེང་རབ་བཟང་མ་དང་འཁྲིལ༔ ལྷོ་ནུབ་འཇམ་འཁྱིལ་རབ་སྦས་མ་དང་འཁྲིལ༔ ནུབ་བྱང་ཞལ་དབང་ལྷ་མོ་མཆོག་མར་འཁྲིལ༔ བྱང་ཤར་སྤྱོད་དབང་དབྱངས་ཅན་མ་དང་འཁྲིལ༔ ཡབ་ཡུམ་ཁ་སྦྱོར་ཕྱོགས་མཚམས་བརྒྱད་དུ་གནས༔ ཕྱོགས་བཞི་ཕྱོགས་མདོག་མཚམས་བཞི་སྐུ་མདོག་མཐིང་༔ ཡབ་རྣམས་གཡས་པ་ནོར་བུ་གཡོན་ནེའུ་ལེ༔ ཡུམ་རྣམས་གཡས་པས་ནོར་བུའི་ལྕགས་ཀྱུ་དང་༔ གཡོན་པ་གཏེར་གྱི་གཞོང་པར་ཕྱྭ་གཡང་སྡུད༔ གཞན་ཡང་ནོར་ལྷའི་རིགས་གྱུར་བྱེ་བ་བརྒྱ༔ གྲངས་ལས་འདས་པས་རིན་ཆེན་ཆར་འབེབས་ཤིང༔ དགོས་འདོད་དངོས་གྲུབ་ཆེན་པོ་སྤྲིན་དུ་གཏིབས༔

༈ མན་ངག་བཞི་བ༔ ཡི་དམ་རྡོ་རྗེ་གཞོན་ནུ་ནི༔

ཧཱུྂ༔ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་དབུས༔ པདྨ་ཉི་མ་བདུད་བཞི་བསྣོལ་བའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང༔ ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་བསྒྲད༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་འོད་འབར༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང༔ གཡོན་གཉིས་ཁ་ཊཱྂ༔བསྐལ་བའི་མེ་དཔུང་འཛིན༔ མཐའ་གཉིས་ཕུར་བུས་དགྲ་བགེགས་སྙིང་ལ་གཟིར༔ འཁོར་ལོ་རྒྱས་འདེབས་ཁ་ཊཱཾ་ཐོད་ཁྲག་འཛིན༔ སྔོ་སྐྱ་ཆགས་པའི་ཉམས་ལྡན་ཡབ་ལ་འཁྲིལ༔ ཤར་ཕྱོགས་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ༔ དཔལ་ཆེན་ཡང་དག་སྔོན་པོ་རྡོར་དྲིལ་འཛིན༔ ལྷོ་མདུན་འཇམ་དཔལ་སྐུའི་དཀྱིལ་འཁོར་དུ༔ གཤིན་རྗེ་གཤེད་པོ་སེར་པོ་དབྱུག་ཏོ་འཛིན༔ ནུབ་ཕྱོགས་པདྨ་གསུང་གི་དཀྱིལ་འཁོར་དུ༔ དབང་ཆེན་རྟ་མགྲིན་དམར་པོ་པདྨ་འཛིན༔ བྱང་ཕྱོགས་འཕྲིན་ལས་ཕུར་བའི་དཀྱིལ་འཁོར་གྱི༔ རྡོ་རྗེ་གཞོན་ནུ་སྔོན་པོ་ཕུར་བ་འདྲིལ༔ ཤར་ལྷོ་མ་མོ་རྦོད་གཏོང་དཀྱིལ་འཁོར་གྱི༔ དཔལ་ཆེན་མངོན་རྫོགས་མཐིང་ནག་ཁྲམ་ཤིང་འཛིན༔ ལྷོ་ནུབ་བདུད་རྩི་ཡོན་ཏན་དཀྱིལ་འཁོར་དུ༔ བདུད་རྩི་འཁྱིལ་བ་ལྗང་ཁུ་བུམ་པ་འཛིན༔ ནུབ་བྱང་འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་དུ༔ དྲེགས་པ་ཀུན་འདུལ་སྔོན་པོ་དབང་སྙིང་འཛིན༔ བྱང་ཤར་དམོད་པ་དྲག་སྔགས་དཀྱིལ་འཁོར་དུ༔ སྟོབས་ལྡན་ནག་པོ་དམར་ནག་འཁོར་ལོ་འཛིན༔ ལྷ་ཚོགས་ཐམས་ཅད་ཞལ་གཅིག་ཕྱག་གཉིས་པ༔ གཡོན་པས་བདེ་སྐྱོང་སྣོད་དུ་བདུད་རྩི་ཁོལ༔ དེ་དབུས་ཡུམ་སྲོག་བམ་ཡིག་འོད་ཟེར་འབར༔ འོད་ཟེར་སྟོབས་གྱིས་བདེ་ཆེན་ཡེ་ཤེས་སྦར༔ དཔལ་གྱི་ཞབས་ནི་གཡས་བསྐུམ་གཡོན་བསྐྱང་ལ༔ རྡོ་རྗེའི་གཤོག་པ་དུར་ཁྲོད་ཆས་ཀྱིས་བརྒྱན༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ནས་བཞེངས༔ མཁའ་ཁྱབ་རྡོ་རྗེ་ཁྱུང་གིས་སྤྲུལ་གར་འགྱེད༔གཞན་ཡང་ཡི་དམ་ཐེག་དགུ་རྒྱུད་སྡེ་དྲུག༔ ཞི་བ་ཁྲོ་བོ་ཞི་མ་ཁྲོ་ལ་སོགས༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཚོམ་བུ་འབུམ༔ གྲངས་མེད་སྤྲིན་དཔུང་གཏིབ་ལྟར་བསྐོར་བར་བསྒོམ༔

༈ མན་ངག་ལྔ་བ༔ པདྨ་ཟིལ་གནོན་དྲག་རྩལ༔

ཧཱུྂ༔ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་ཀློང༔ པདྨ་ཉི་མ་སྡེ་བརྒྱད་སྲོག་གཟུགས་སྟེང་༔ སྣང་སྲིད་དྲེགས་པ་ཡོངས་ཀྱི་སྲོག་གི་བདག༔ ཆེ་བའི་ལྷ་མཆོག་ལྷ་སྲིན་སྡེ་བརྒྱད་འདུལ༔ པདྨ་ཟིལ་གནོན་དྲག་རྩལ་དཀར་དམར་མདངས༔ ཞལ་གཅིག་ཕྱག་གཉིས་བཞེངས་སྟབས་སྤྱན་གསུམ་པ༔ ཁྲོ་འཛུམ་བེར་ཕོད་ཆོས་གོས་སྐུ་ལ་གསོལ༔ པད་ཞུ་ཁྱུང་ལྡེམ་ཕྱག་གཡས་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུ་མེ་འབར་ཁ་གདངས་ཕྱར༔ གཡོན་པས་དྲེགས་པ་སྡེ་བརྒྱད་སྙིང་ཕྲེང་འདྲེན༔ ཞབས་གཉིས་འདོར་ཐབས་ལྷ་འདྲེ་མི་གསུམ་གནོན༔ དེ་ཡི་དཔྲལ་བར་ཉི་མའི་དཀྱིལ་འཁོར་ལ༔ འཇམ་དཔལ་རྡོ་རྗེ་རྣོན་པོ་སྐུ་མདོག་སྔོ༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཁྲོ་གཉེར་བསྡུས༔ ཕྱག་གཡས་རལ་གྲི་མེ་འབར་མཁའ་ལ་ཕྱར༔ གཡོན་པ་མཆོག་གསུམ་དམ་རྒྱ་ཐུགས་གར་བཀོད༔ ཨུཏྤལ་དམར་ནག་སྙན་གཡོན་ཁ་ཕྱེས་པའི༔ དབུས་སུ་རྡོ་རྗེ་རྩེ་ལྔ་མེ་འབར་བསྣམས༔ ཞབས་གཡས་པུས་མོ་སར་བཀོད་འགྱིང་སྟབས་རོལ༔ མགྲིན་པར་ཉི་མའི་གདན་ལ་རྟ་མགྲིན་དམར༔ ཞལ་གཅིག་ཕྱག་གཉིས་རྟ་དབུ་ལྗང་ཞུར་ཅན༔ གཡས་པས་ཐོད་དབྱུག་གཡོན་པས་སྡིག་མཛུབ་ཀྱིས༔ ཞགས་པ་བཟུང་ནས་གདུགས་པ་འཆིང་བར་བྱེད༔ དཔའ་བོ་གྱད་ཀྱི་འདོར་སྟབས་ཅན་དུ་བཞུགས༔ ཐུགས་ཀར་ཉི་མའི་གདན་ལ་གསང་བའི་བདག༔ མཐིང་ཀ་ཞལ་གཅིག་ཕྱག་གཉིས་འདོར་སྟབས་ཅན༔ ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིག་མཛུབ༔ སྟག་ཤམ་སྦྲུལ་ཆུན་ཕྱག་ཞབས་རྒྱན་དུ་འཆང་༔ ལྟེ་བར་ཡེ་ཤེས་མགོན་པོ་མཐིང་ནག་མདོག༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འདོར་སྟབས་བཞུགས༔ རུས་པའི་རྒྱན་གསོལ་འཇིགས་ལ་གཏུམ་པའི་སྐུ༔ བརྒྱུད་གསུམ་སྲུང་མ་འདུས་པའི་ངོ་བོར་གསལ༔ གསང་བར་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ མཐིང་ནག་སྐུ་སྟོད་མི་ལ་སྨད་སྦྲུལ་འཇུག༔ཞལ་དགུ་ཁྲོས་པ་བྱ་རོག་གདོང་དང་བཅུ༔ ཕྱག་བཞིའི་དང་པོས་རྭ་ཡི་མདའ་གཞུ་འགེངས༔ གཡས་འོག་ཆུ་སྲིན་རྒྱལ་མཚན་གཡོན་སྦྲུལ་ཞགས༔ ཉི་ཟླ་གཟའ་སྐར་འབྱུང་བའི་བདག་པོར་བཞེངས༔ འཁོར་དུ་ཤར་ཕྱོགས་ཞིང་སྐྱོང་སེངྒེའི་གདོང་༔ བདུད་པོ་ཁྲོས་པ་མདུང་དང་སྙིང་ཁྲག་འཛིན༔ དགེས་ཡུམ་སི་ན་ར་མ་མི་ལྤགས་གསོལ༔ ཕྱག་མཚན་ཡབ་མཚུངས་གཉིས་ཀ་རྟ་ལ་ཆིབས༔ ལྷོ་རུ་བསེ་ཡི་སྐྱེ་བུ་གདུག་པ་ཅན༔ སྐུ་མདོག་དམར་སེར་ལེབ་བརྒན་བསེ་ཁྲབ་གསོལ༔ ཟངས་ཀྱི་ཕུར་པས་དགྲ་གདོན་བགེགས་ཚོགས་སྒྲོལ༔ བསེ་རྟ་དམར་པོ་བཅིབས་ནས་དགྲ་བགེགས་འདུལ༔ ནུབ་ཏུ་ལྕགས་ཀྱི་སྐྱེས་བུ་དྲག་རྩལ་ཅན༔ སྐུ་མདོག་སྔོན་པོ་དར་ནག་བེར་ཆེན་གསོལ༔ ཤེལ་གྱི་ཕུར་པས་དགྲ་གདོན་བགེགས་ཚོགས་སྒྲོལ༔ ལྕགས་སྤྱང་སྔོན་པོ་བཅིབས་ནས་དགྲ་བགེགས་འདུལ༔ བྱང་དུ་དུང་གི་སྐྱེས་བུ་ཆེན་པོ་མི་བཟད་པ༔ སྐུ་མདོག་དཀར་པོ་དར་དཀར་འཇོལ་བེར་གསོལ༔ དུང་གི་ཕུར་པ་དྲིལ་ཞིང་དགྲ་བགེགས་སྒྲོལ༔ སེང་དཀར་བཅིབས་ནས་དགྲ་བགེགས་ཆམ་ལ་འབེབས༔ ཤར་ལྷོར་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས༔ དམར་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་༔ དགྲ་བགེགས་སྙིང་འཛིན་གོ་ཁྲབ་འཁོར་གསུམ་གསོལ༔ སེངྒེ་དཀར་མོར་ཆིབས་ནས་ནོར་གཡང་སྡུད༔ ལྷོ་ནུབ་རྨ་ཆེན་སྤོམ་ར་སྐུ་མདོག་དཀར༔ གཡས་པ་མདུང་དང་གཡོན་པ་ནོར་གཞོང་འཛིན༔ ལྭ་དཀར་བེར་དམར་གཡང་ལུགས་ཚུལ་དུ་གསོལ༔ ཞྭ་དཀར་རྟ་དཀར་གྱོན་ནས་ཟས་གཡང་འགུགས༔ ནུབ་བྱང་གཉན་ཆེན་ཐང་ལྷ་སྐུ་མདོག་དཀར༔ ཕྱག་གཡས་སྦ་ལྕག་གཡོན་པས་ཤེལ་ཕྲེང་འདྲེན༔ དར་དཀར་ལྭ་འུ་ཟབ་ཆེན་བེར་ཕྱམ་བརྗིད༔ གྲོ་དཀར་རྟ་ལ་ཆིབས་ནས་མི་གཡང་འགུགས༔ བྱང་ཤར་ལྷ་མོ་གཉན་གྱི་རེ་མ་ཏི༔ མཐིང་ནག་རལ་གྲི་ཐོད་པ་ནེའུ་ལེ་འཛིན༔ མི་ལྤག་རེ་ལྡེའི་སྨད་གཡོགས་རོལ་སྟབས་བཞུགས༔ སྲིན་མོའི་ཆས་ཅན་དྲེའུ་དམར་གྭ་ཆིབས༔ མཐའ་སྐོར་དཔལ་མགོན་བདུན་ཅུ་རྩ་ལྔ་དང་༔ སྲིད་པ་ཆགས་པའི་ལྷ་རབས་མཆེད་དགུ་དང་༔ དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་དང་༔ ཆེ་གཉན་བཙན་པོ་རི་དབང་ཡུལ་གྱི་ལྷ༔ རྗེ་ཡི་མགུལ་ལྷ་བཅུ་གསུམ་ལ་སོགས་པ༔ སྲིད་པའི་མཐུ་ཆེན་ལྷ་ཀླུ་དྲེགས་པའི་ཚོགས༔ ཐམས་ཅད་ཞལ་གཅིག་ཕྱག་གཉིས་ཐལ་སྦྱར་འདུད༔ ནོར་མཆོག་སྲོག་དབང་དྭངས་མ་འབུལ་ཚུལ་བཞུགས༔

༈ མན་ངག་དྲུག་པ༔ གསང་བདག་སེདྒེ་སྒྲ་སྒྲོགས༔

ཧཱུྂ༔ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་དབུས༔ པདྨ་ཉི་མའི་གདན་ལ་རྒྱལ་ཀུན་གྱི༔ མཐུ་སྟོབས་གཅིག་བསྡུས་ཐུགས་ཀྱི་རྡོ་རྗེ་འཛིན༔ དཔལ་ཆེན་ཁྲོ་རྒྱལ་གསང་བདག་སེདྒེའི་སྒྲ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་པ༔ མཁའ་དབྱིངས་འཕྱར་བས་སྲིད་གསུམ་ཟིལ་གྱིས་གནོན༔ ཕྱག་གཡོན་སྡིགས་མཛུབ་ཕྱག་རྒྱ་ཐུགས་ཀར་བཀོད༔ བཀའ་ལས་འདས་མེད་སྤ་ཀོང་བརྒྱལ་བར་བྱེད༔ སེངྒེ་གླང་ཆེན་པགས་པས་སྟོད་གཡོགས་ཤིང་༔ མི་ལྤགས་སྐེད་དཀྲིས་སྟག་ཤམ་རུས་རྒྱན་གསོལ༔ དཔལ་དང་དུར་ཁྲོད་ཆས་རྫོགས་འདོར་སྟབས་བཞུགས༔ ཁྲོ་གཏུམ་འཇིགས་པའི་ཉམས་ཅན་དབུ་སྐྲའི་གསེབ༔ སེང་ཆུང་ཕོ་ཉ་སྐར་མདའ་ལྟ་བུ་འཕྲོ༔ ཡུམ་མཆོག་བདུད་འདུལ་དྲག་མོ་སེང་གེའི་གདོང༔ དམར་ནག་ཞལགཅིག་ཕྱག་གྲི་ཐོད་འཛིན༔ གཅེར་བུ་རུས་པའི་རྒྱན་ཅན་གཡོན་ནས་འཁྱུད༔ བྱད་མ་གདོན་བགེགས་གདུག་པའི་གཉེན་པོར་བསྒོམ༔ ཤར་དུ་རྡོ་རྗེ་དཔའ་བོ་སྐུ་མདོག་མཐིང་༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་སྟབས་ཅན༔ ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་འཛིན༔ རྡོ་རྗེ་དཔའ་མོ་སྔོ་སྐྱ་སྒེག་པའི་ཉམས༔ ཕྱག་གཡས་ཌཱ་རུས་མ་རིག་གཉིད་ལས་སློང་༔ ཡབ་ཡུམ་འཁྲིལ་སྦྱོར་བདེ་ཆེན་ཀློང་དུ་རོལ༔ ལྷོ་རུ་རིན་ཆེན་དཔའ་པོ་སྐུ་མདོག་སེར༔ ཞལ་གཅིག་ཕྱག་གཉིས་གཡས་པས་ནོར་བུ་འཛིན༔ རིན་ཆེན་དཔའ་མོ་སེར་སྐྱ་སྙེམ་པའི་ཉམས༔ ཕྱག་གཡས་རིན་ཆེན་ཟར་བུ་འཛིན་པས་འཁྱུད༔ ནུབ་ཏུ་པདྨ་དཔའ་བོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་གཡས་པས་པདྨ་བསྣམས༔ པདྨ་དཔའ་མོ་དམར་སྐྱ་ཆགས་པའི་ཉམས༔ ཕྱག་གཡས་པད་སྡོང་འཛིན་ཞིང་ཡབ་ལ་འཁྱུད༔ བྱང་དུ་ལས་ཀྱི་དཔའ་བོ་སྐུ་མདོག་ལྗང་༔ ཞལ་གཅིག་ཕྱག་གཉིས་གཡས་པས་རྒྱ་གྲམ་འཛིན༔ ལས་ཀྱི་དཔའ་མོ་ལྗང་སྐྱ་ཁྲོ་བའི་ཉམས༔ ཕྱག་གཡས་རལ་གྲི་འཛིན་པས་ཡབ་ལ་འཁྲིལ༔ ཡབ་རྣམས་ཕྱག་གཡོན་དྲིལ་བུ་ཡུམ་ལ་འཁྱུད༔ ཡུམ་རྣམས་ཐོད་པའི་བདུད་རྩི་ཡབ་ལ་སྟོབས༔ དབུ་སྐྲ་སྤྱི་བོར་བཅིངས་ཤིང་ཐུར་དུ་གྲོལ༔ ཀུན་ཀྱང་དར་དང་རིན་ཆེན་རུས་རྒྱན་གསོལ༔ ཐོར་གཙུགས་རིགས་ལྔའི་ཅོད་པཎ་མཛེས་པར་གསོལ༔ བཞེངས་སྟབས་བརྗིད་བག་དཔའ་བའི་ཚུལ་དུ་བཞུགས༔ ཤར་ལྷོར་འགུགས་གིང་མཐིང་ནག་ལྕགས་ཀྱུ་འཛིན༔ ཡུམ་མཆོག་རྡོ་རྗེ་སྔོན་མོ་རྡོ་རྗེ་ཐོགས༔ ལྷོ་ནུབ་འཛིན་གིང་སེར་ནག་རལ་གྲི་འཛིན༔ རིན་ཆེན་སེར་མོ་རིན་ཆེན་ཐོགས་པས་འཁྱུད༔ ནུབ་བྱང་སྟོབ་གིང་དམར་ནག་ཐོད་སྙིང་འཛིན༔ པདྨ་དམར་མོ་པདྨ་ཐོགས་པས་འཁྱུད༔ བྱང་ཤར་རྒྱུག་གིང་ལྗང་ནག་རྒྱུ་ཞགས་འཛིན༔ ཀརྨ་ལྗང་གུ་རྒྱ་གྲམ་ཐོགས་པས་འཁྱུད༔ གིང་མོ་ཐམས་ཅད་ཕྱག་གཡས་ཡབ་ལ་འཁྱུད༔ གཡོན་པས་དྲིལ་བུ་འཁྲོལ་ཞིང་གར་སྟབས་མཛད༔ རུས་པའི་རྒྱན་དང་ཐོད་པའི་དོ་ཤལ་ཅན༔ མི་སྡུག་སྲིན་པོའི་ཉམས་ཅན་སྣ་ཚོགས་བཞུགས༔ གཞན་ཡང་ཀིང་རུས་གཟུགས་སུ་ཁྲོས་པ་དང་༔ བཞད་དང་གླུ་ལེན་གར་སྟབས་བསྒྱུར་བ་ཡི༔ དཔའ་བོ་མཁའ་འགྲོ་གིང་ཕོ་ཀིང་མོའི་ཚོགས༔ བྱེ་བ་དཔག་མེད་ཉི་ཟེར་རྡུལ་བཞིན་འཁྲིགས༔ ཌཱ་རུ་དྲིལ་བུ་རོལ་མོ་སྣ་ཚོགས་འཁྲོལ༔ བཤུགས་པའི་འབོད་བརྡ་ཧཱུྃ་གི་སྣང་གླུ་ལེན༔ སྒྲ་འོད་ཟེར་ཁྱིམ་ཀློང་དུ་དགྱེས་པར་རོལ༔

༈ མན་ངག་བདུན་པ༔ པདྨ་བཛྲ༔

ཧྲཱིཿ ཆོས་དབྱིངས་མཁའ་ལ་རང་འོད་མེད་དཔུང་ཀློང༔ ཉན་ཐོས་པདྨ་མུ་ཏིག་འབར་པ་བཀྲམ༔ རང་རྒྱལ་ཨསྨ་གརྦྷའི་མགོ་བོ་འཁྲིགས༔ བྱང་སེམས་ནོར་བུ་དཀར་དམར་བྲག་རི་བརྩེགས༔ ཀྲི་ཡའི་རྡོ་རྗེ་རྩེ་གཅིག་བྲག་ཆེན་བརྗིད༔ ཨུ་པའི་རྡོ་རྗེ་རྩེ་གསུམ་བྲག་རྔམས་ཆགས༔ ཡོ་གའི་རྡོ་རྗེ་རྩེ་ལྔའི་བྲག་རི་མཐོ༔ མ་ཧཱའི་རྡོ་རྗེ་རྩེ་དགུའི་ཁྲི་ཆེན་ཡངས༔ ཨ་ནུའི་པདྨ་དམར་པོ་འདབ་མ་བརྒྱད་མཛེས༔ ཨ་ཏིའི་ཉི་ཟླ་ཁ་སྦྱོར་བཞུགས་གདན་གསལ༔ ཐེག་པ་རིམ་དགུ་རྫོགས་པའི་གདན་སྟེང་དུ༔ འོད་དཔག་མེད་མགོན་བདེ་བ་ཆེན་པོའི་སྐུ༔ པདྨ་བཛྲ་ཞལ་གསུམ་ཕྱག་དྲུག་དམར༔ གཡས་དཀར་གཡོན་མཐིང་ཁྲོ་འཛུམ་འགྱིང་བའི་སྐུ༔ གཡས་གསུམ་རྡོ་རྗེ་རལ་གྲི་ཚེ་ཡི་བུམ༔ གཡོན་གསུམ་དྲིལ་བུ་བྷཉྫ་ནམ་མཁའི་དབྱུག༔ ཡུམ་མཆོག་གསང་བ་ཡེ་ཤེས་མནྡཱ་ར༔ དམར་མོ་ཆགས་རྒྱས་ཌཱ་རུ་དྲིལ་བུ་འཛིན༔ བཅུ་དྲུག་ལང་ཚོ་རབ་རྒྱས་ཡིད་འཕྲོག་མ༔ ནུ་མ་ཆེ་ཞིང་བྷ་ག་རབ་ཏུ་རྒྱས༔ སྐེད་སྟབས་ཕྲ་ཞིང་བདེ་བ་ཆེ་ལ་རོལ༔ ཐོར་གཙུག་རྩེ་ན་རིགས་བདག་ཚེ་དཔག་མེད༔ ཚེ་བུམ་འཛིན་པ་གོས་དཀར་ཡུམ་དང་འཁྲིལ༔ ཡབ་ཡུམ་གཉིས་མེད་དཔལ་གྱི་ཆས་བཅུ་དང་༔ གར་དགུའི་ཉམས་ལྡན་རྡོ་རྗེའི་གར་སྟབས་བསྒྱུར༔ གཙོ་བོའི་ཤར་ནས་གཡས་སྐོར་རིམ་པ་བཞིན༔ ཤར་དུ་ཞེ་སྡང་རྡོ་རྗེ་རྡོ་རྗེ་མཐིང་༔ སྐྱོད་བྱེད་དམར་མོ་རྡོ་རྗེ་གྲི་གུག་འཛིན༔ ལྷོར་རུ་ང་རྒྱལ་རྡོ་རྗེ་རིན་ཆེན་སེར༔ གཤིན་རྗེ་འཇོམས་མ་ལྗང་གུ་རིན་ཆེན་ཐོགས༔ ནུབ་ཏུ་འདོད་ཆགས་རྡོ་རྗེ་པདྨ་དམར༔ སྲེག་བྱེད་སྔོན་མོ་པདྨ་གྲི་གུག་འཛིན༔ བྱང་དུ་ཕྲག་དོག་རྡོ་རྗེ་རྒྱ་གྲམ་ལྗང་༔ ཙན་ཏི་ཀ་སེར་རྒྱ་གྲམ་གྲི་གུག་འཛིན༔ ཤར་ལྷོར་གཏི་མུག་རྡོ་རྗེ་འཁོར་ལོ་སྨུག༔ རྨོངས་བྱེད་དཀར་མོ་ཁ་ཊྭཱྃ་འཛིན་པས་འཁྱུད༔ ལྷོ་ནུབ་བདེ་བའི་རྡོ་རྗེ་པད་ཞགས་སེར༔ ལཱ་མ་སྔོན་མོ་ལྕགས་ཀྱུ་འཛིན་པས་འཁྱུད༔ ནུབ་བྱང་མཚོ་སྐྱེས་རྡོ་རྗེ་བུམ་པ་དམར༔ མནྡཱར་བ་པད་སྡོང་དཀར་ལ་སྔོ༔ བྱང་ཤར་ཁྲག་འཐུང་རྡོ་རྗེ་དགྲ་སྟྭ་སྨུག༔ གསོད་བྱེད་སྤུ་གྲི་ལྗང་མོ་ཡབ་ལ་འཁྲིལ༔ ཡབ་རྣམས་ཕྱག་གཡོན་ཤེས་རབ་དྲིལ་བུ་དང་༔ ཡུམ་རྣམས་བྷནྡྷ་བསྣམས་པས་ཡབ་ལ་འཁྲིལ༔ ཐམས་ཅད་སྤྱན་གསུམ་ཁྲོ་འཛུམ་རུས་རྒྱན་དང་༔ རིན་ཆེན་དོ་ཤལ་དར་གྱི་ཅོད་པཎ་གཡོ༔ ཤ་ཁམས་སེང་གདོང་དཀར་མོ་རྡོ་རྗེ་འཛིན༔ དྲོད་ཁམས་འོད་གསལ་གླང་གདོང་རིན་ཆེན་སྔོན༔ ཁྲག་ཁམས་མཉེན་གསལ་སྤྱང་གདོང་པདྨ་སེར༔ དབུགས་ཁམས་ཡང་གསལ་ཁྱུང་གདོང་རྒྱ་གྲམ་ལྗང་༔ ཆོས་ཁམས་བཀྲག་གསལ་འུག་གདོང་རྡོ་རྗེ་མཐིང་༔ ཕྱག་གཡོན་ཐོད་ཁྲག་ཕྱག་རྒྱ་ལྔ་ཡིས་བརྒྱན༔ ཤར་དུ་ཆུ་ཁམས་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོར་རུ་ས་ཁམས་ཕག་གདོང་ཞགས་པ་སེར༔ ནུབ་དུ་མེ་ཁམས་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་རླུང་ཁམས་སྦྲུལ་གདོང་དྲིལ་བུ་ལྗང་༔ དབུས་སུ་མཁའ་ཁམས་ཁྱུང་གདོང་རྡོ་རྗེ་མཐིང་༔ ཡེ་ཤེས་རང་འོད་མེ་རི་ཁ་ཏོག་ལྔ༔ འཁྲིགས་དབུས་ཞི་མ་ཁྲོ་ཚུལ་རང་འོད་འབར༔ གཞན་ཡང་འབྱུང་ལྔའི་མཁའ་འགྲོ་བྱེ་བ་འབུམ༔ གྲངས་མེད་ནམ་མཁའི་ཁམས་ཀུན་ཁྱབ་པར་བསྒོམ༔

༈ མན་ངག་བརྒྱད་པ༔ རྟ་མགྲིན་ནག་པོ༔

ཧྲཱིཿ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་ཀློང༔ ཁྲག་མཚོའི་དབུས་སུ་ཀེང་རུས་ཕོ་མོའི་གདན༔ དེ་སྟེང་ཁྲོ་གཉེར་གཡོ་བའི་སྟག་ཕོ་མོ༔ དེ་སྟེང་རུ་དྲ་ཕོ་མོ་གུས་ཉམས་ལྡན༔ དེ་སྟེང་ཉི་མའི་དཀྱིལ་འཁོར་ཆ་ཤས་རྫོགས༔ དཔལ་ཆེན་རྟ་མགྲིན་ནག་པོ་ཤིན་ཏུ་ཁྲོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གེལ་ཚུལ་བཞུགས༔ ཕྱག་གཡས་རྡོ་རྗེ་གཡོན་ན་སེང་ལྡེང་རྔ༔ པུས་མོ་གཡོན་པའི་སྟེང་དུ་དྲག་ཏུ་རྡུང་༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་མཁའ་ལ་འཕྱོ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དབུ་སྐྲ་སྨ་ར་སྨིན་མར་མེ་དཔུང་འབར༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཚུལ་དུ་བགྲད༔ ཀེང་རུས་སྙན་ཆ་ཐོད་པའི་དོ་ཤལ་དཔྱང་༔ རུས་པའི་རྒྱན་ལྡན་སྟག་གི་ཤམ་ཐབ་གསོལ༔ ཤིན་ཏུ་དྲག་གཏུམ་གསོད་པའི་ངར་དང་ལྡན༔ པང་དུ་རྡོ་རྗེ་ཁྲོས་མ་སྐུ་མདོག་སྔོན༔ ཞལ་གཅིག་ཕྱག་གཉིས་གཅེར་བུ་རུས་རྒྱན་ཅན༔ གྲི་གུག་ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ གཙོ་བོའི་སྤྱི་བོར་པདྨ་ཐོད་ཕྲེང་རྩལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་གཡོན་བརྐྱང་སྟབས༔ ཕྱག་གཡས་ཐོད་རྔ་གཡོན་ན་དྲིལ་བུ་འཁྲོལ༔ སྟག་ཤམས་ཐོད་སྐམ་རུས་རྒྱན་ཁྲོ་བོའི་ཆས༔ རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པས་འཁྱུད༔ བདེ་བའི་སྒྲ་སྒྲོགས་བདུད་རྩིའི་ཆར་བ་འབེབས༔ ཕྱོགས་བཞིར་བདེ་ཆེན་བསྐྱེད་པའི་གསང་ཡེ་ཡུམ༔ མཛེས་སྡུག་བཅུ་དྲུག་ལང་ཚོ་རབ་ཏུ་རྒྱས༔ ཤར་ཕྱོགས་ཞི་བྱེད་གསང་བ་ཡེ་ཤེས་དཀར༔ འཇོ་སྒེག་བརྩེ་བའི་འཛུམ་ཞལ་རྣམ་པར་ངོམ༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་དཀར་པོ་རྡོར་དྲིལ་འཛིན་པས་འཁྱུད༔ ལྷོ་ཕྱོགས་རྒྱས་བྱེད་གསང་བ་ཡེ་ཤེས་སེར༔ དགྱེས་བཞད་སྙེམ་པའི་འགྱིང་ཉམས་ཅིར་ཡང་སྟོན༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་སེར་པོ་རྡོར་དྲིལ་འཛིན་པས་འཁྱུད༔ ནུབ་ཕྱོགས་དབང་བྱེད་གསང་བ་ཡེ་ཤེས་དམར༔ རྗེས་ཆགས་བཟི་བས་མིག་བརྡ་སྣ་ཚོགས་བསྒྱུར༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་དམར་པོ་རྡོར་དྲིལ་འཛིན་པས་འཁྱུད༔ བྱང་ཕྱོགས་འཇིགས་བྱེད་གསང་བ་ཡེ་ཤེས་ལྗང་༔ ཁྲོ་འཛུམ་དཔའ་བའི་སྟངས་སྟབས་སྣ་ཚོགས་བསྒྱུར༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་ལྗང་ཁུ་རྡོར་དྲིལ་འཛིན་པས་འཁྱུད༔ རུས་པའི་རྒྱན་ལྡན་དགྱེས་པའི་གར་སྟབས་ཅན༔ ཤར་སྒོར་དཀར་མོ་ལྕགས་ཀྱུ་མེ་ལོང་འཛིན༔ ལྷོ་སྒོར་སེར་མོ་ཞགས་པ་གཏེར་བུམ་འཛིན༔ ནུབ་སྒོར་དམར་མོ་ལྕགས་སྒྲོག་པད་ཕོར་འཛིན༔ བྱང་སྒོར་ལྗང་མོ་དྲིལ་བུ་ཕུར་བུ་འཛིན༔ གཞན་ཡང་ཁྲོ་བོ་ཁྲོ་མོ་གྲངས་མེད་པ༔ བུ་ཡུག་ལྟར་འཚུབས་མེ་ལྕེ་རྡོ་རྗེ་རྂ༔ ཀུན་ཏུ་འཕྲོ་དབུས་འཇིགས་སུ་རུང་བར་བསྐྱེད༔

༈ མན་ངག་དགུ་པ༔ རྡོ་རྗེ་གྲོ་ལོད༔

ཧཱུྂ༔ ཆོས་དབྱིངས་མཁའ་ལ་རང་འོད་འཇའ་ཟེར་དབུས༔ རྡོ་རྗེའི་གུར་ཁང་མེ་དཔུང་འབར་བའི་ཀློང༔ པདྨ་ཉི་མ་རྒྱལ་བསེན་ཕོ་མོ་དང་༔ དཔའ་རྔམས་སྟག་མོ་གྲུས་མ་འགྱིང་བའི་སྟེང་༔ ཁྲོ་བོ་ཆེན་པོ་འཇིག་རྟེན་གསུམ་ལས་སྒྲོལ༔ རྡོ་རྗེ་གྲོ་ལོད་དམར་སྨུག་འཆོལ་བའི་སྐུ༔ ཞལ་གདངས་མཆེ་གཙིགས་སྤྱན་གསུམ་སྡང་མིག་གཟིར༔ དབུ་སྐྲ་དམར་སེར་གྱེན་བརྫིས་ཐོད་སྐམ་བརྒྱན༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་མཁའ་ལ་ཕྱར༔ ཡར་རྩེའི་རྃ་དགུས་བསྐལ་བའི་མེ་ཆེན་འབར༔ མར་རྩེའི་ཧཱུྃ་དགུས་རྡོ་རྗེའི་ཐོག་ཆེན་འབེབ༔ གཡོན་པས་གནམ་ལྕགས་ཕུར་བུ་ཐུར་ཏུ་སྡིག༔ ཞབས་གཉིས་གར་སྟབས་ལིང་ལིང་འགྱིང་བག་རོལ༔ ཟ་འོག་ཐིང་ཀའི་བེར་ཕོད་གཟི་འོད་འབར༔ ཆོས་གོས་དམར་པོ་རྡོ་རྗེའི་རེ་ཁས་མཚན༔ རུས་པའི་རྒྱན་རྫོགས་ཐོད་རློན་དོ་ཤལ་འཕྱང་༔ སྐུ་ལས་ཁྲོ་ཆུང་མེ་ཡི་ཚྭ་ཚྭ་འཕྲོ༔ སྤྱི་བོར་གསུང་གི་དབང་ཕྱུག་སྤྱན་རས་གཟིགས༔ པདྨ་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་དམར༔ གཡས་པས་ཌཱ་རུ་ནམ་མཁའི་དབྱིངས་སུ་དཀྲོལ༔ དཔའ་བོ་མཁའ་འགྲོ་མ་ལུས་དབང་དུ་སྡུད༔ གཡོན་པས་མཉེན་ལྕུགས་པདྨའི་ལྕགས་ཀྱུ་འཕེན༔ སྲིད་གསུམ་ཆེ་དགུ་མ་ལུས་བྲན་དུ་བྱེད༔ འཁོར་དུ་བདུད་འདུལ་ཁྲོ་བོ་ཆེན་པོ་བཅུ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་ཚུལ༔ སྟེང་དུ་ཧཱུྃ་ཀཱ་ར་དང་སྒྲ་འབྱིན་མ༔ དཀར་མོ་འཁོར་ལོ་འཛིན་པས་ཡབ་ལ་འཁྱུད༔ ཤར་དུ་རྣམ་པར་རྒྱལ་བ་མདའ་སྙེམས་མ༔ སྔོ་སྐྱ་རྡོ་རྗེ་འཛིན་པས་ཡབ་ལ་འཁྱུད༔ ལྷོ་རུ་གཤིན་རྗེའི་གཤེད་ཆེན་དུར་བདག་མ༔ སེར་སྐྱ་རལ་གྲི་བསྣམས་པས་ཡབ་ལ་འཁྱུད༔ ནུབ་ཏུ་དབང་ཆེན་རྟ་མགྲིན་ཙཎྜ་ལཱི༔ ལྗང་གུ་དབྱུག་ཏོ་འཛིན་པས་ཡབ་ལ་འཁྱུད༔ བྱང་དུ་བདུད་རྩི་འཁྱིལ་བ་རླུང་འབྱིན་མ༔ སྔོ་སྐྱ་རྔ་ཡབ་ཐོགས་པས་ཡབ་ལ་འཁྱུད༔ ཤར་ལྷོར་དབྱུག་སྔོན་ཅན་དང་རྡོ་རྗེ་སྡེར༔ དམར་སེར་རལ་གྲི་ཕྱར་བས་ཡབ་ལ་འཁྱུད༔ ལྷོ་ནུབ་མི་གཡོ་མགོན་པོ་གཏུན་ཁུང་མ༔ དམར་མོ་ཐོ་བ་གདེངས་པས་ཡབ་ལ་འཁྱུད༔ ནུབ་བྱང་གཞན་གྱིས་མི་ཐུབ་རྡོ་རྗེ་སྙེམས༔ ལྗང་གུ་བུམ་པ་བཏེགས་པས་ཡབ་ལ་འཁྱུད༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་སྐུལ་བྱེད་མ༔ སེར་སྐྱ་རྩེ་གསུམ་འཛིན་པས་ཡབ་ལ་འཁྱུད༔ འོག་ཏུ་སྟོབས་པོ་ཆེ་དང་ཡུམ་གསོད་བྱེད་མ༔ སེར་མོ་དགྲ་སྟྭ་བསྣམས་པས་ཡབ་ལ་འཁྱུད༔ ཡབ་རྣམས་མཐིང་ནག་ཕྱག་གཉིས་ཕུར་བུ་འདྲིལ༔ ཡུམ་རྣམས་རང་མདོག་གཡས་པ་རང་རྟགས་ལ༔ གཡོན་པས་དུང་ཆེན་བདུད་རྩི་ཡབ་ལ་སྟོབས༔ དཔའ་བོ་གིང་ཆེན་སྡེ་བཞི་ལས་མདོག་ཅན༔ གཡས་པས་ཅང་ཏེའུ་གཡོན་ན་ཕུར་བ་འདྲིལ༔ རྡོ་རྗེའི་གར་སྟབས་ནམ་མཁའ་ཁྱབ་པར་སྤྲོ༔ དཔའ་མོ་རྣལ་འབྱོར་མ་བཞི་གཅེར་བུའི་ཉམས༔ ལས་མདོག་དར་དཔྱང་གཡབ་ཅིང་སྣང་གླུ་ལེན༔ རྡོ་རྗེའི་ཁྲོ་ཚོགས་ནམ་མཁའ་ཁྱབ་པར་འཕྲོ༔ ཧ་ཧ་ཧཱུྃ་ཕཊ་དྲག་སྔགས་འབྲུག་ལྟར་སྡིར༔ དགྲ་གདོན་བགེགས་ཚོགས་གཟིར་ཞིང་བཅོམ་པར་བྱེད༔ ཁྲོ་བོའི་དཀྱིལ་འཁོར་འཇིགས་སུ་རུང་བ་བསྐྱེད༔

༈ མན་ངག་བཅུ་པ༔ སྤྱན་རས་གཟིགས་དབང་པདྨ་རྒྱལ་པོ༔

ཨཿ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ འཇའ་འོད་པདྨ་འདབ་མ་འབུམ་ལྡན་དང་༔ ཟླ་བའི་གདན་ལ་འགྲོ་འདུལ་གངས་ཆེན་མཚོ༔ སྤྱན་རས་གཟིགས་དབང་པདྨ་རྒྱལ་པོ་ནི༔ སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཐལ་སྦྱར་ནང་དུ་རྡོ་རྗེ་ཨུཏྤལ་ནི༔ དམར་པོ་ལོ་འབྲས་ཕུན་ཚོགས་སྡོང་བུ་འཛིན༔ དར་དང་རིན་ཆེན་རྒྱན་རྫོགས་ལོངས་སྐུའི་ཆས༔ རུས་པའི་རྒྱན་དང་སྟག་གི་ཤམ་ཐབ་གསོལ༔ ཞི་འཛུམ་དཔའ་བོ་ཆགས་དང་ཁྲོ་བའི་ཉམས༔ པང་དུ་གསང་པ་ཡེ་ཤེས་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་མཛེས་སྡུག་མཚན་དཔེ་འབར༔ ནུ་མ་བྷ་ག་ཆེར་རྒྱས་སྐེད་སྟབས་ཕྲ༔ ཡན་ལག་ཕུན་ཚོགས་མཉེན་ལྕུགས་འཁྲིལ་ལ་ལྡེམ༔ གཅེར་བུ་རུས་པའི་ཕྱག་རྒྱ་ལྔ་ཡིས་བརྒྱན༔ བདེ་ཆེན་ཆགས་པས་བཟི་བའི་ཉམས་འགྱུར་ཅན༔ ཞབས་གཉིས་པད་དཀྱིལ་ཡབ་ཀྱི་རྐེད་ནས་འཁྲིལ༔ བདེ་བས་མ་བཟོད་གསང་བའི་དཀྱིལ་འཁོར་སྦྱོར༔ ཕྱག་གཉིས་གྲི་ཐོད་འཛིན་པས་མགུལ་ལ་འཁྱུད༔ གཉིས་ཀ་ཨུཏྤལ་དམར་པོའི་ཅོད་པན་དང་༔ པདྨའི་དོ་ཤལ་པདྨའི་གུར་དུ་བཞུགས༔ སྤྱི་བོར་འོད་དཔག་མེད་པ་སྐུ་མདོག་དམར༔ ཚངས་སྤྱོད་མཉམ་བཞག་བེཌཱུརྱཱ་སྣོད་བསྣམས༔ མགྲིན་པར་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དམར༔ འདོར་སྟབས་རུས་རྒྱན་ཐོད་བྱུག་ཞགས་པ་འཛིན༔ ཐུགས་ཀར་རྡོར་སེམས་ཞལ་གཅིག་ཕྱག་གཉིས་དམར༔ རྡོར་དྲིལ་འཛིན་རོལ་སྟབས་ལོངས་སྐུའི་ཆས༔ འཁོར་དུ་བྱང་སེམས་ཉེ་བའི་སྲས་ཆེན་བརྒྱད༔ ཤར་དུ་ས་སྙིང་རིན་ཆེན་མྱུ་གུ་དཀར༔ ཤར་ལྷོར་ཕྱག་རྡོར་ལྗང་གུ་རྡོ་རྗེ་འཛིན༔ ལྷོར་ནམ་སྙིང་དཀར་པོ་རལ་གྲི་བསྣམས༔ ལྷོ་ནུབ་ཏུ་སྤྱན་རས་གཟིགས་དམར་པདྨ་འཛིན༔ ནུབ་ཏུ་སྒྲིབ་སེལ་ལྗང་གུ་པུ་སྟི་ཐོགས༔ ནུབ་བྱང་ཀུན་བཟང་དམར་པོ་རིན་པོ་ཆེ༔ བྱང་དུ་བྱམས་པ་དཀར་སེར་ཀླུ་ཤིང་ཕྱར༔ བྱང་ཤར་འཇམ་དཔལ་དཀར་ལྗང་ཨུཏྤ་ལ༔ ཀུན་ཀྱང་ཞི་འཛུམ་མཚན་དཔེ་མཆོག་ཏུ་འབར༔ བཅུ་དྲུག་ལོ་ལོན་དྲི་མེད་སྤྱན་རས་ཡངས༔ གཡས་རྣམས་མཆོག་སྦྱིན་གཡོན་པའི་མཆོག་གསུམ་རྒྱས༔ ཨུཏྤལ་སྙིང་པོར་རང་རྟགས་ཕྱམ་མཚན་ངོམ༔ དར་དང་རིན་ཆེན་རྒྱན་རྫོགས་ལོངས་སྐུའི་ཆས༔ བྱང་ཆུབ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས༔ གཞན་ཡང་དུས་གསུམ་བཞུགས་པའི་སངས་རྒྱས་དང་༔ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་འཁོར༔ ཐམས་ཅད་གསེར་མདོག་ལོངས་སྐུའི་ཆ་ལུགས་ཅན༔ ཞལ་གཅིག་ཕྱག་གཡས་མཆོག་སྤྱིན་ཕྱག་རྒྱ་དང་༔ གཡོན་པས་ཐུགས་ཀར་མཆོག་གསུམ་ཆོས་འཁོར་རྒྱས༔ པདྨ་སྡོང་བུ་འཛིན་ཅིང་བཞེངས་སྟབས་ཀྱིས༔ མཇལ་བས་བྱིན་འབེབས་དྲན་པས་ལམ་སྣ་འདྲེན༔ སྲིད་པའི་རྒྱ་མཚོ་སྒྲོལ་བའི་སྟོན་པར་བསྒོམ༔

༈ མན་ངག་བཅུ་གཅིག་པ༔ སྣང་བ་མཐའ་ཡས༔

ཧྲཱིཿ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་ཀློང༔ རྨད་བྱུང་སངས་རྒྱས་ཞིང་ཁམས་བདེ་བ་ཅན༔ ལག་མཐིལ་ལྟར་མཉམ་གསེར་གྱི་ས་གཞི་ལ༔ དབང་སྔོན་རིན་ཆེན་གཅལ་བཀྲམ་མིག་མང་རིས༔ སྙིང་པོར་དཔག་བསམ་ཤིང་མཆོག་རིན་པོ་ཆེ༔ པདྨ་རྣམ་པར་སྣང་བ་ཞེས་བྱ་བ༔ རིན་ཆེན་རང་བཞིན་དཔག་ཚད་སྟོང་དུ་ཁྱབ༔ ལོ་མ་རེ་རེ་ཡང་བཀྲ་ཤིས་པའི༔ རྟགས་མཆོག་བརྒྱད་དང་རྫས་བརྒྱད་འདོད་ཡོན་ལྔ༔ འབྲས་བུ་རེ་རེར་རྒྱལ་སྲིད་སྣ་བདུན་གྱི༔ བཀོད་པ་གཞལ་མེད་མཛེས་པས་ཅི་ཡང་སྤྲུལ༔ ཡེ་ཤེས་རོལ་བའི་བྱ་ཚོགས་ཆུ་ཀླུང་དང་༔ པདྨོ་ཤིང་དང་རླུང་གི་སྒྲ་དབྱངས་ཀྱང་༔ ཐེག་པ་ཆེན་པོའི་ཆོས་སྒྲ་སྣ་ཚོགས་སྒྲོགས༔ རིན་ཆེན་ལས་གྲུབ་དཔག་བསམ་སྡོང་པོ་ནི༔ ལོ་འབྲས་ཕུན་ཚོགས་འོད་ཟེར་སྣ་ཚོགས་འཕྲོ༔ རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ཅི་ཡང་འཆར༔ རབ་འབྱམས་ཞིང་ཀུན་བྱང་ཆུབ་ཤིང་ལ་རྫོགས༔ དེ་ལ་སྐུ་རྒྱབ་བརྟེན་པའི་རྫོགས་སངས་རྒྱས༔ བདེ་སྟོང་སོར་རྟོག་ཡེ་ཤེས་འོད་དཔག་མེད༔ འདབ་མ་སྟོང་ལྡན་པདྨ་ཟླ་གདན་སྟེང་༔ གཟི་བརྗིད་དཔག་མེད་ཉི་འོད་འབུམ་ཕྲག་བརྡལ༔ སྣང་བ་མཁའ་ཡས་ཞལ་གཅིག་ཕྱག་གཉིས་དམར༔ མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུ་རྫོགས༔ ཚངས་སྤྱོད་སྤྲུལ་སྐུ་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཉིས་མཉམ་བཞག་ཞབས་གཉིས་རྡོར་དཀྱིལ་བཞུགས༔ ཤར་དུ་མི་འཁྲུགས་སྔོན་པོ་ས་གནོན་དང་༔ མཉམ་གཞག་སྟེང་ན་རྡོ་རྗེ་ལང་ཐབས་བསྣམས༔ ཤར་ལྷོར་རྣམ་གཟིགས་ས་གནོན་མཉམ་གཞག་མཛད༔ ལྷོ་རུ་གཙུག་ཏོར་ཅན་མཆོག་མཉམ་གཞག་རྒྱ༔ ལྷོ་ནུབ་ཐམས་ཅད་སྐྱོབ་པ་སྐྱབས་སྦྱིན་དང་༔ གཡོན་པས་མཉམ་གཞག་ཕྱག་རྒྱ་ལྟེ་བར་བཀོད༔ ནུབ་ཏུ་འཁོར་བ་འཇིག་མཆོག་ཏིང་འཛིན་རྒྱ༔ ནུབ་བྱང་གསེར་ཐུབ་ཆོས་འཆད་མཉམ་གཞག་རྒྱ༔ བྱང་དུ་འོད་སྲུངས་ཕྱག་གཡས་མཆོད་སྦྱིན་དང་༔ གཡོན་པས་ཆོས་གོས་རི་དྭགས་རྣ་ལྟར་འཛིན༔ བྱང་ཤར་ཤཱཀྱ་ཐུབ་པ་ཆོས་འཆད་རྒྱ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་གསེར་གྱི་མདོག༔ ཕྱག་ཞབས་འཁོར་ལོའི་མཚན་དང་དཔེ་བྱད་རྫོགས༔ ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་བཞུགས༔ དབུ་ཡི་གཙུག་ཏོར་རྩེ་མོ་བལྟར་མི་མངོན༔ ངན་སོང་གནས་འདྲེན་རྒྱལ་བ་ཐུགས་རྗེ་ཅན༔ དྲན་པ་ཙམ་གྱིས་ཐར་བའི་ས་བོན་འདེབས༔ གསོལ་བ་བཏབ་པའི་བསྐལ་བའི་སྡིག་སྒྲིབ་འདག༔ བསྒོམ་པ་ཙམ་གྱིས་ཡང་དག་དོན་ལ་སྦྱོར༔ གཞན་ཡང་རྫོགས་པའི་སངས་རྒྱས་གང་གཱའི་ཀླུང༔ བྱེ་མའི་གྲངས་དང་མཉམ་པས་མཐའ་བསྐོར་བསམ༔

༈ མན་ངག་བཅུ་གཉིས་པ༔ བླ་མ་ཀུན་ཏུ་བཟང་པོ༔

ཨཿ མཁའ་ཉིད་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང༔ དབུས་སུ་འོད་ལྔའི་ཐིག་ལེ་གསལ་འཚེར་བའི༔ ནང་དུ་པདྨ་ཉི་ཟླ་འོད་གསལ་གདན༔ དེ་སྟེང་ཀུན་བཟང་ཡབ་ནི་སྐུ་མདོག་མཐིང་༔ ཡུམ་མཆོག་ཀུན་བཟང་རླུང་ཁམས་སྐུ་མདོག་ལྗང་༔ སྒྲིབ་བྲལ་སྐུ་ནི་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་ཚུལ༔མཐའ་གཉིས་སྤང་བའི་ཞབས་ནི་སྐྱིལ་ཀྲུང་བཞུགས༔ འཁོར་འདས་རོ་སྙོམ་མཉམ་གཞག་ཕྱག་རྒྱ་ཅན༔ གཟུང་འཛིན་སྒྲིབ་བྲལ་སྐུ་ནི་གཅེར་བུའི་ཚུལ༔ ཡུམ་མཆོག་རྡོར་དྲིལ་འཛིན་པས་མགུལ་ནས་འཁྱུད༔ མཐའ་གཉིས་སྤང་བའི་ཞབས་ནི་སྐྱིལ་ཀྲུང་བཞུགས༔ འཁོར་འདས་རོ་སྙོམ་མཉམ་གཞག་ཕྱག་རྒྱ་ཅན༔ གཟུང་འཛིན་སྒྲིབ་བྲལ་སྐུ་ནི་གཅེར་བུའི་ཉམས༔ མདུན་དུ་རྒྱལ་སྲས་རྡོ་རྗེ་སེམས་དཔའ་ནི༔ གླང་ཆེན་རབ་བརྟན་པདྨ་ཟླ་བའི་སྟེང་༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་པ་ཞི་ཞིང་འཛུམ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་འཛིན༔ གཡོན་པས་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན༔ ཡུམ་མཆོག་སངས་རྒྱས་སྤྱན་མ་མཐིང་སྐྱའི་ཞལ༔ ཆ་ལུགས་ཕྱག་མཚན་ཡབ་འདྲ་དགྱེས་པར་འཁྲིལ༔ ཤར་དུ་བཅོམ་ལྡན་རྣམ་པར་སྣང་མཛད་ནི༔ སེང་གེ་པདྨ་ཉི་ཟླའི་ཁྲི་སྟེང་དུ༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས༔ ཕྱག་གཡས་གསེར་གྱི་འཁོར་ལོ་ཐུགས་ཀར་འཛིན༔ ཡུམ་མཆོག་དབྱིངས་ཕྱུག་སྐུ་མདོག་དཀར་དམར་མདངས༔ ཆ་ལུགས་ཕྱག་མཚན་ཡབ་འདྲ་དགྱེས་པར་འཁྲིལ༔ ལྷོ་ཕྱོགས་བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི༔ རྟ་མཆོག་པདྨ་ཉི་ཟླའི་ཁྲི་སྟེང་དུ༔ སེར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས༔ ཕྱག་གཡས་ཡིད་བཞིན་ནོར་བུ་ཐུགས་ཀར་འཛིན༔ ཡུམ་མཆོག་མ་མ་ཀི་ཡི་སྐུ་སེར་སྐྱ༔ ཆ་ལུགས་ཕྱག་མཚན་ཡབ་འདྲ་དགྱེས་པར་འཁྲིལ༔ ནུབ་ཕྱོགས་བཅོམ་ལྡན་སྣང་བ་མཐའ་ཡས་ནི༔ རྨ་བྱ་པདྨ་ཉི་ཟླའི་ཁྲི་སྟེང་དུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས༔ ཕྱག་གཡས་པདྨ་དམར་པོ་ཐུགས་ཀར་འཛིན༔ ཡུམ་མཆོག་གོས་དཀར་མོ་ཡི་སྐུ་དམར་སྐྱ༔ ཆ་ལུགས་ཕྱག་མཚན་ཡབ་འདྲ་དགྱེས་པར་འཁྲིལ༔ བྱང་ཕྱོགས་བཅོམ་ལྡན་དོན་ཡོད་གྲུབ་པ་ནི༔ ཤང་ཤང་པདྨ་ཉི་ཟླའི་ཁྲི་སྟེང་དུ༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆས༔ ཕྱག་གཡས་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་འཛིན༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་སྐུ་ལྗང་སྐྱ༔ ཆ་ལུགས་ཕྱག་མཚན་ཡབ་འདྲ་དགྱེས་པར་འཁྲིལ༔ ཐམས་ཅད་མཛེས་བརྗིད་ལོངས་སྤྱོད་རྫོགས་པའི་ཆས༔ ཡབ་རྣམས་དགྱེས་འཛུམ་རྫོགས་པའི་སྐྱིལ་མོ་ཀྲུང་༔ ཡུམ་རྣམས་གཅེར་བུ་རིན་ཆེན་རས་པའི་རྒྱན༔ པདྨའི་སྐྱིལ་ཀྲུང་ཡབ་ཀྱི་རྐེད་ལ་འཁྲིལ༔ ཤར་ལྷོར་ཕུར་པ་རྡོ་རྗེ་གཞོན་ནུ་ནི༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་འཇིགས་པའི་གཟུགས༔ ཕྱག་གཡས་ཕུར་བ་གཡོན་པས་སྡིག་མཛུབ་མཛད༔ འཁོར་ལོ་རྒྱས་འདེབས་གྲི་ཐོད་འཛིན་པས་འཁྲིལ༔ ལྷོ་ནུབ་བཛྲ་ཧེ་རུ་ཀ་མཐིང་ནག༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྡིག་མཛུབ་མཛད༔ དབྱིངས་ཕྱུག་དཀར་དམར་བྱམས་པའི་ཉམས་དང་ལྡན༔ དགྱེས་པའི་གར་གྱིས་ཁྲོ་བོ་ཆེ་ལ་འཁྲིལ༔ ནུབ་བྱང་རྟ་མགྲིན་མཐིང་ནག་རྟ་དབུ་ལྗང་༔ པདྨའི་དབྱུག་ཏོ་གཡོན་པས་སྡིག་མཛུབ་མཛད༔ པདྨ་གར་དབང་དམར་སྐྱ་ཆགས་པའི་ཉམས༔ འདོད་པའི་ཚུལ་གྱིས་དབང་ཆེན་སྐུ་ལ་འཁྲིལ༔ བྱང་ཤར་བདུད་རྩི་འཁྱིལ་བ་སྐུ་མདོག་མཐིང་༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་གཡོན་སྡིག་མཛུབ༔ རྨེ་བ་བརྩེགས་མ་ལྗང་གུ་གཏུམ་པའི་ཞལ༔ དྲག་ཤུལ་ཚུལ་ཀྱིས་དཔའ་བོའི་སྐུ་ལ་འཁྱུད༔ ཀུན་ཀྱང་དཔའ་བོ་གར་གྱི་འགྱིང་སྟབས་ཅན༔ དཔལ་དང་དུར་ཁྲོད་ཆས་རྣམས་སྐུ་ལ་རྫོགས༔ པད་ཉི་བདུད་བཞིའི་གདན་ལ་བརྗིད་པར་བཞུགས༔ ཏིག་ལེ་ཉག་གཅིག་རིགས་གཅིག་ཡེ་ཤེས་གཅིག༔ མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་རིགས་གསུམ་དང་༔ ཡེ་ཤེས་ལྔ་ཡི་རྣམ་པ་རིགས་ལྔ་དང་༔ ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་༔ འབར་བ་ལྔ་བཅུ་རྩ་བརྒྱད་སོགས༔ རིགས་བརྒྱ་སྒྱུ་འཕྲུལ་དྲྭ་བའི་རོལ་བ་ནི༔ རབ་འབྱམས་རྒྱ་མཚོའི་ཞིང་ཀུན་ཁྱབ་པར་བསྒོམ༔

༈ མན་ངག་བཅུ་གསུམ་པ༔ བླ་མ་བདེ་བ་ཆེན་པོ༔

ཨཱ༔ ཆོས་དབྱིངས་མཁའ་ལ་རང་འོད་ཡེ་ཤེས་དབུས༔ འདབ་མ་འབུམ་ལྡན་པད་སྡོང་ཉི་ཟླའི་སྟེང་༔ ཁམས་གསུམ་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ༔ ལྷ་འདྲེ་མི་གསུམ་འདུལ་བའི་མཐུ་སྟོབས་ཅན༔ བྱིན་རླབས་བཙན་ཐབས་འཇུག་པའི་པདྨ་འབྱུང་༔ བདེ་བ་ཆེན་པོ་ཞལ་གཅིག་ཕྱག་གཉིས་དཀར༔ སྐུ་ལ་གསང་གོས་མདུང་མ་ཕོད་ཆེན་དང་༔ ཆོས་གོས་དམར་པོ་གསེར་གྱི་རིས་ཅན་གསོལ༔ དབུ་ལ་འདབ་ལྡན་པདྨ་མཐོང་གྲོལ་གསོལ༔ ཕྱག་གཉིས་མཉམ་བཞག་སྟེང་ན་རིན་པོ་ཆེ༔ བསམ་འཕེལ་དབང་གི་རྒྱལ་པོ་ཆ་བདུན་བསྣམས༔ མཚོ་རྒྱལ་སྐུ་མདོག་དཀར་ལ་སྔོ་བའི་མདངས༔ ཞལ་གཅིག་ཕྱག་གཉིས་གྲི་གུག་བདུད་རྩི་སྟོབས༔ མཛེས་ཤིང་ཆགས་པའི་ཉམས་ཅན་གཉིས་མེད་འཁྲིལ༔ ཟག་མེད་བདེ་བ་ཆེན་པོའི་ཀློང་ཏུ་རོལ༔ དེ་ཡི་མཐའ་མར་རིག་འཛིན་ཆེན་པོ་བཞི༔ ཞལ་གཅིག་ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་ཅན༔ རྣམ་སྨིན་རིག་འཛིན་དཀར་པོ་རྡོ་རྗེ་འཛིན༔ ཚེ་དབང་རིག་འཛིན་སེར་པོ་འཁོར་ལོ་འཛིན༔ ཕྱག་ཆེན་རིག་འཛིན་དམར་པོ་པདྨ་བསྣམས༔ ལྷུན་གྲུབ་རིག་འཛིན་ལྗང་གུ་རྒྱ་གྲམ་འཛིན༔ ཆ་ལུགས་གཙོ་མཐུན་རང་འོད་རིག་མ་བཞི༔ ཅེར་བུ་སྐྲ་འཁྲོལ་འཁྱུགས་ཅིང་སྒེག་པའི་ཉམས༔ བདེ་ཆེན་རབ་རྒྱས་དར་དང་རུས་རྒྱན་ཅན༔ ཕྱག་གཡས་ཌཱ་རུ་གཡོན་པས་བདུད་རྩི་སྟོབས༔ མཚམས་བཞིར་སློབ་དཔོན་བཞི་ནི་དགྱེས་པའི་ཉམས༔ ཚུལ་གནས་མཁྱེན་རབ་ཐོགས་མེད་བརྟན་ཤིག་གེ༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་དཀར་དམར་བཞད༔ ཉམས་ཆགས་སྐོང་བའི་སློབ་དཔོན་དཀར་ལ་དྭངས༔ དམ་ཚིག་དབང་གི་སློབ་དཔོན་དམར་ལ་ཆགས༔ མན་ངག་ལུང་གི་སློབ་དཔོན་མཐིང་དྭངས་གསལ༔ ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་༔ ཐོད་པ་ཚེ་བུམ་བདུད་རྩིའི་གང་པ་ཡི༔ ཁ་རྒྱན་རིན་ཆེན་སྔོན་པོ་ཟུར་བརྒྱད་བརྒྱན༔ སྐུ་ལ་བེར་ཕོད་ཆོས་གོས་པཎ་ཞུ་གསོལ༔ ལྷ་ཀླུ་མི་ཡི་རིག་འཛིན་ཆེན་པོ་དང་༔ འཕགས་ཡུལ་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད༔ པདྨའི་ལས་ཅན་དག་པ་རྣམ་ལྔའི་འཁོར༔ བོད་ཡུལ་ལས་ཅན་སྙིང་གི་བུ་མཆོག་དགུ༔ སྤྲུལ་བའི་ལོ་པཎ་རྗེ་འབངས་ཉི་ཤུ་ལྔ༔ གཞན་ཡང་རིག་འཛིན་བྱེ་འབུམ་གཟི་བརྗིད་འབར༔ རྩ་བ་བརྒྱུད་པའི་བླ་མ་སྤྲིན་བཞིན་འཁྲིགས༔ ཕ་རྒྱུད་དཔའ་བོའི་བྱིན་རླབས་ད་ལ་ལ༔ མ་བརྒྱུད་མཁའ་འགྲོའི་གླུ་ལེན་ཀྱུ་རུ་རུ༔ ལས་བྱེད་གིང་ཆེན་ཕཊ་སྒྲ་སེང་སེ་སེང་༔ དཔལ་གྱི་འཁོར་ཚོགས་གར་སྟབས་ཤིག་སེ་ཤིག༔ ལུས་ལ་བདེ་བའི་རང་དྲོད་ཚ་འུར་འུར༔ ངག་ལ་རིག་སྔགས་ནུས་པ་རྣོ་ཁྱུགས་ཁྱུགས༔ ཡིད་ལ་གཏིང་གསལ་ཡེ་ཤེས་རྗེན་ཅེར་ཅེར༔ སྣང་སྲིད་རྣམ་དག་རྡོ་རྗེའི་ཞིང་དུ་སད༔

ས་མ་ཡ༔ དེ་ལྟར་བསྒོམས་པས་ཚེ་འདི་རུ༔ རིག་འཛིན་རྒྱལ་བའི་ཞིང་དུ་གྲོལ༔ པདྨའི་ཐུགས་བཅུད་གཏེར་གྱི་ཆོས༔ ཚེ་དབང་ནོར་བུའི་སྐལ་བར་གྱུར༔ ཨྠྀི༔ རྒྱ་རྒྱ་རྒྱ༔ རྒྱ་རྒྱ་རྒྱ༔ རྒྱ༔ ཅེས་པའང་བུ་ལེ་གངས་ཀྱི་ར་བ་ནས་རྗེ་བླ་མ་རིག་འཛིན་ཚེ་དབང་ནོར་བུ་ལ་བཀའ་བབ་པ་དཀར་ཤོག་ཏུ་བཀོད་ཀྱང་རེ་ཞིག་མཁའ་འགྲོས་བཀས་བསྡམ་ཏེ་མི་སྣང་བར་གྱུར་བ༔ སླར་ཡང་རྗེ་ཉིད་ཀྱི་ཕྱག་དཔེའི་ཁྲོད་ནས་རྡོལ་བ། མཐར་ཆགས་སུ་བཀོད་པ་པོ་རིག་པ་འཛིན་པ་ཆེན་མོ་མཆོག་གིས་བཀའ་ལས་གསུང་ཆོས་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་བ་སྟག་བླ་ཨོ་རྒྱན་བསྟན་འཛིན་རྡོ་རྗེའོ། །དགེ་བས་དཔལ་ལྡན་བླ་མའི་ཐུགས་ཀྱི་བཞེད་དོན་མ་ལུས་པ་ཡོངས་སུ་འགྲུབ་པའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ།


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ལྷ་སྣང་སྒྲུབ་པའི་གདམས་པ་སྒོམ་ཁོག་ཆེན་མོ།next