Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་སྙིང་པོ་སྔགས་ཀྱི་ཛཔྲ་བསྐུལ་བྱིན་རླབས་མཆོག་སྦྱིན།
   
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་སྙིང་པོ་སྔགས་ཀྱི་ཛཔྲ་བསྐུལ་བྱིན་རླབས་མཆོག་སྦྱིན།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་སྙིང་པོ་སྔགས་ཀྱི་ཛཔྲ་བསྐུལ་བྱིན་རླབས་མཆོག་སྦྱིན།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔ སྙིང་པོ་སྔགས་ཀྱི་ཛཔྲ་བསྐུལ་བྱིན་རླབས་མཆོག་སྦྱིན་བཞུགས་སོ༔

ན་མོ་བཛྲ་གུ་རུ་པདྨ་ཀཱ་ར་ཡེ༔ ཡེ་ཤེས་ལྷ་ཚོགས་བསྐུལ་བ་ནི༔

ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་བརྡལ་བ་ཨེ་ཡི་ཞིང་ཁམས་ནས༔ ཡེ་ཤེས་གཅེར་བུ་ཆོས་སྐུ་ཀུན་ཏུ་བཟང་༔ བརྡ་ཚིག་བློ་འདས་ངང་ནས་གསོལ་བ་འདེབས༔ ཆོས་ཉིད་རྗེན་པར་འཆར་བའི་བྱིན་ཆེན་ཕོབས༔ འོད་གསལ་ལྷུན་གྲུབ་ཝྃ་ཡིག་བདེ་ཆེན་ཀློང་༔ ངེས་པ་ལྔ་ལྡན་ལོངས་སྐུ་རྡོ་རྗེ་སེམས༔ དབྱིངས་སྣང་རང་གསལ་ངང་ནས་གསོལ་བ་འདེབས༔ བདེ་ཆེན་ཆད་མེད་འབྱུང་བར་བྱིན་གྱིས་རློབས༔ སྲིད་པ་མཐའ་གྲོལ་ཆོས་ཉིད་རང་ཤར་དབྱིངས༔ རྒྱལ་པོ་སྒྱུ་འཕྲུལ་རོལ་བ་པདྨ་འབྱུང་༔ སྣ་ཚོགས་རང་གྲོལ་ངང་ནས་གསོལ་བ་འདེབས༔ གང་སྣང་ཡེ་ཤེས་རོལ་བར་བྱིན་གྱིས་རློབས༔ བསྐུལ་ལོ་བསྐུལ་ལོ་ཡེ་ཤེས་ལྷ་ཡི་ཚོགས༔ ཐུགས་བསྐྱེད་དམ་བཅའ་བདེན་པས་གནད་ནས་བསྐུལ༔ བཞེངས་ཤིག་བཞེངས་ཤིག་མཁྱེན་བརྩེ་ནུས་པའི་བདག༔ བསླུ་མེད་ཐུགས་རྗེ་ཆེན་པོས་གནས་འདིར་བྱོན༔ བརྒྱུད་གསུམ་རིག་འཛིན་བླ་མ་བྱིན་རླབས་ཅན༔ཡི་དམ་ཞི་ཁྲོ་རབ་འབྱམས་དངོས་གྲུབ་ཅན༔ གནས་གསུམ་དཔའ་བོ་མཁའ་འགྲོ་མྱུར་མགྱོགས་ཅན༔ ཡེ་ཤེས་ལས་གྲུབ་དམ་ཅན་མཐུ་རྩལ་ཅན༔ མ་གཡེལ་མ་གཡེལ་ཐུགས་བསྐྱེད་དུས་ལ་བབ༔ སྤྲུལ་བའི་གུ་རུ་མཚན་བརྒྱད་བྱིན་རླབས་ཅན༔ བཅུ་གསུམ་དཀྱིལ་འཁོར་རྒྱ་མཚོ་བྱིན་རླབས་ཅན༔ འདྲེན་མཆོག་བླ་རབས་ཆོས་བརྒྱུད་བྱིན་རླབས་ཅན༔ གསོལ་བ་འདེབས་སོ་བྱིན་རླབས་དབྱིངས་ནས་ཕོབས༔ སྣང་སྟོང་སྐུ་ཡི་བྱིན་རླབས་ལུས་ལ་ཕོབས༔ སྒྱུ་ལུས་ཟག་བྲལ་འོད་སྐུར་གྲོལ་བར་ཤོག༔ གྲགས་སྟོང་གསུང་གི་བྱིན་རླབས་ངག་ལ་རྩོལ༔ ལས་རླུང་རྒྱུ་བ་དབུ་མར་གྲོལ་བར་མཛོད༔ རིག་སྟོང་ཐུགས་ཀྱི་ཡེ་ཤེས་སེམས་ལ་འཕོས༔ ཕྲ་རགས་འགྱུ་རྟོག་དབྱིངས་སུ་གྲོལ་བར་མཛོད༔ ལྷ་ཚོགས་སྐུ་ཡི་གར་སྟབས་ཤིགས་སེ་ཤིག༔ ཐོས་གྲོལ་གསུང་གི་བཞད་སྒྲ་ལྷང་སེ་ལྷང་༔ འཛིན་མེད་ཟང་ཐལ་ཡེ་ཤེས་ཐ་ལ་ལ༔ གཟི་བྱིན་འཇའ་འོད་ཟེར་ཕྲེང་ཁྲ་ཆེམ་ཆེམ༔ བྱིན་རླབས་བདུད་རྩིའི་ཆར་རྒྱུན་ཤ་ར་ར༔ སྙིང་པོ་སྔགས་ཀྱི་ཛཔྲ་དབྱངས་དི་རི་རི༔ སྒྲུབ་མཆོག་སྒོ་གསུམ་བྱིན་རླབས་ཐིབ་སེ་ཐིབ༔ རྡོ་རྗེའི་སྔགས་ཀྱིས་ཐུགས་དམ་གནད་ནས་བསྐུལ༔ མ་འགྲུབ་བར་ཏུ་ཏིང་འཛིན་གཟེར་གྱིས་བསྡམ༔ གསང་གསུམ་བྱིན་ཆེན་ད་ལྟ་ཉིད་དུ་སྩོལ༔ གདན་ཐོག་འདི་རུ་རང་སར་གྲོལ་བར་མཛོད༔

ཅེས་ཐོད་ཕྲེང་རྩལ་གྱི་སྔགས་ཀྱིས་བསྐུལ༔ རིག་པ་ཧུར་བསྐྱེད༔ སྣང་བ་རང་གྲོལ་དུ་གཏོང་༔ འཛེམ་མེད་བརྟུལ་སྤྱོད༔ དེ་མ་ཐག་ཡེ་ཤེས་ཀྱི་བྱིན་འབེབས་པར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་སྙིང་པོ་སྔགས་ཀྱི་ཛཔྲ་བསྐུལ་བྱིན་རླབས་མཆོག་སྦྱིན།next