Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་གསང་བ་སྔགས་ཀྱི་ཛཔྲ་དམིགས་ཚོགས་དྲུག་རང་གྲོལ།
   
   
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་གསང་བ་སྔགས་ཀྱི་ཛཔྲ་དམིགས་ཚོགས་དྲུག་རང་གྲོལ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་གསང་བ་སྔགས་ཀྱི་ཛཔྲ་དམིགས་ཚོགས་དྲུག་རང་གྲོལ།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔གསང་བ་སྔགས་ཀྱི་ཛཔྲ་དམིགས་ཚོགས་དྲུག་རང་གྲོལ་བཞུགས༔

རྩ་བ་པདྨ་འབྱུང་གནས་ཀྱི་སྔགས་དམིགས་ནི༔ རང་ཉིད་གུ་རུ་པདྨའི་སྐུར་གསལ་བའི༔ ཐུགས་ཀར་པད་ཟླར་རང་འདྲའི་ཡེ་ཤེས་སེམས༔ དེ་ཐུགས་པད་ཟླར་རྡོ་རྗེ་རྒྱ་གྲམ་ནི༔ ཕྱོགས་བཞིའི་དབུས་མ་རང་རང་ཕྱོགས་ཀྱི་མདོག༔ མཚམས་བཞིའི་རྭ་དང་ལྟེ་དཀྱིལ་མཐིང་དྭངས་གསལ༔ ལྟེ་བར་ཧཱུྃ་ཨཱཿཨཱོཾ་གསུམ་བརྩེགས་མར་གསལ༔ ཧཱུྃ་མཐར་གཡས་སྐོར་རྡོ་རྗེ་གསང་བའི་སྔགས༔ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཐམས་ཅད་གསེར་གྱི་མདོག་ཅན་འོད་ཟེར་དཔག་མེད་འཕྲོ༔ ཡར་འཕྲོས་འཕགས་རྣམས་མཆོད་ཅིང་བྱིན་རླབས་བསྡུས༔ མར་འཕྲོས་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་བསལ༔ ཐམས་ཅད་བདེ་ཆེན་ཡེ་ཤེས་ས་ལ་བཀོད༔ འཁོར་འདས་དྭངས་བཅུད་འོད་ཟེར་སྣ་ལྔའི་ཚུལ༔ ཏིང་འཛིན་སེམས་དཔའ་སྔགས་ཕྲེང་བཅས་ལ་ཐིམ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ༔ སྣང་བ་ཐམས་ཅད་པདྨ་འོད་ཀྱི་ཞིང་༔ སྣང་སྟོང་པདྨ་འབྱུང་གནས་སྐུའི་རོལ་པ༔ སྒྲ་གྲགས་ཐམས་ཅད་བཛྲ་གུ་རུའི་དབྱངས༔ གྲགས་སྟོང་སྐྱེ་མེད་པདྨའི་གསུང་རྡོ་རྗེ༔ དྲན་རྟོག་གང་ཤར་གཉིས་འཛིན་རྩིས་གདབ་བྲལ༔ དགོངས་པ་འཁྲུལ་མེད་པདྨའི་ཐུགས་རྡོ་རྗེ༔ སྐུ་གསུང་ཐུགས་གྱི་སྣང་བ་ཐ་མི་དད༔ དབྱེར་མེད་ཟུང་འཇུག་ཡེ་ཤེས་རྡོ་རྗེ་ཤར༔ གང་ཤར་ཆོས་ཉིད་རྒྱན་གྱི་འཁོར་ལོ་སྟེ༔ ཆོས་ཉིད་ཡེ་གྲོལ་ངང་ནས་ཡང་སྙིང་བཟླ༔ ཨོཾ་ཨཱ༔ཧཱུཾ༔བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཁྱེད་ཤེས་དད་མོས་རྩིས་གདབ་བྲལ༔ མ་ཡེངས་ངང་ནས་རིག་སྔགས་བཟླ༔ བྱིན་རླབས་ཉམས་འབར་ཡེ་ཤེས་རྒྱས༔ ཀུན་བཟང་དགོངས་པ་རང་གྲོལ་འགྱུར༔ ས་མ་ཡ༔

༡༽ མན་ངག་དང་པོ༔ གནས་ལྔར་འོད་ཐིག་ཉི་མའི་དཀྱིལ་འཁོར་ལྟེར༔ དཔྲལ་བར་གཤིན་རྗེའི་ངོ་བོ་ཨོཾ་དཀར་པོ༔ མགྲིན་པར་རྟ་མགྲིན་ངོ་བོ་ཨཱ༔དམར་པོ༔ ཐུགས་ཀར་གསང་བདག་ངོ་བོ་ཧཱུྂ༔མཐིང་ཀ༔ ལྟེ་བར་མཁའ་འགྲོའི་ངོ་བོ་བྂ༔ལྗང་ཁུ༔ གསང་བར་ཡཀྵ་མེ་དབལ་ཧྲཱིཿདམར་ནག༔ ཐུགས་ཀའི་ཧཱུྂ༔མཐིང་མགོ་བོ་ཉི་དཀྱིལ་ནང་༔ ཧཱུྂ༔ཡིག་དམར་ནག་ལྕགས་བསྲེག་ལྟ་བུའི་མཐར༔ རྩ་བའི་སྔགས་ཕྲེང་སོལ་མེ་བཞིན་དུ་འབར༔ གཡས་སྐོར་འོད་ཟེར་མེ་ཡི་ཚྭ་ཚྭ་འཕྲོ༔ རྒྱལ་ཀུན་བྱིན་རླབས་མཐུ་སྟོབས་བསྡུས་ཏེ་བསྟིམ༔ སྣང་གསུམ་གྱད་དུ་གྱུར་བས་རིགས་སྔགས་བཟླ༔ ཨོཾ་ཨཱ༔ཧཱུྂ༔ཨརྩེག་ནི་རྩིག་ན་མོ་བྷག་ཝ་ཏེ་ཧཱུྂ༔ཧཱུྂ༔ཕཊ༔ཕཊ༔ ཨཱ༔ཧཱུྂ༔ཧཱུྂ༔ཕཊ༔ རྩ་བའི་སྔགས་འདི་འབད་པས་བསྙེན༔ རིག་པ་ངར་བསྐྱེད་བལྟ་སྟངས་བཅས༔ སྔགས་ཕྲེང་ལས་མེ་ཡི་ཚྭ་ཚྭ་ཕྱོགས་བཅུར་འཕྲོས༔ གསང་བའི་ཧཱུྂ༔ཡིག་ལས་ཁྲོ་བོ་མེ་དབལ་རྡོ་རྗེ་དང་སྡིག་པ་འཛིན་པ་གྲངས་མེད་སྤྲོས༔ ཕྱི་ནང་གསང་བའི་དགྲ་བགེག་མ་ལུས་པ་ལྷག་མེད་དུ་རོལ་བར་བསམ་ཞིང་༔ བཛྲ་ཧཱུྂ༔ ཡཀྴ་ཧཱུྂ་རཀྴ་ཧཱུྂ༔ དྲག་ཏུ་བཟླ༔ སྣོད་བཅུད་མ་ལུས་པ་ཧཱུྂ༔དུ་གྱུར་བར་མོས་ཧཱུྂ༔ཤུབ་བུར་བཟླ༔ ཤམ་བུར་སྡེ་བརྒྱད་གནད་ལ་དབབ་པའི་སྲོག་གི་སྙིང་པོ་བཟླ༔ ཨཿཡ༔མ༔དུ༔རུ༔ཙ༔ཤ༔ན༔ཕཊ༔ སྡེ་བརྒྱད་གང་ལ་དམིགས་པའི་་སྲོག་ཡིག་འོད་ཀྱི་ལྕགས་ཀྱུས་འུབ་ཀྱིས་བསྡུས་ཏེ་སྲོག་ཡིག་གདན་དུ་བཀོད་ཅིང་༔ སྣང་སེམས་ཆོས་ཉིད་གཅིག་ཏུ་སྲོག་བསྲེས་ཤིང་ལྟ་བས་གཟིར༔ དགོས་པ་མཆིས་ཚེ་སྲུང་བཟློག་བསད་གསུམ་གསུམ་གྱི་དམིགས་པ་དང་༔ གཙོ་བོ་གསང་བ་ཧཱུྂ་སྒྲུབ་ལ་ནན་ཏན་ཏུ་འབད༔ དེས་ས་ལམ་གྱི་བར་ཆད་བཞི་ཞིང་ལྷ་སྲིན་དེ་བརྒྱད་ཀྱིས་ལས་བྱེད༔ གཞན་དོན་ལྷུན་གྱིས་འགྲུབ་པར་འགྱུར་རོ༔ ས་མ་ཡ༔

༢༽ མན་ངག་གཉིས་པ༔ གནས་ལྔ་འོད་ཐིག་ལྔ་དང་ཟླ་གདན་སྟེང་༔ དཔྲལ་བར་སྤྲུལ་སྐུའི་ངོ་བོ་ༀ་དཀར་པོ༔ མགྲིན་པར་ལོངས་སྐུའི་ངོ་བོ་ཨཱཿ་དམར་པོ༔ སྙིང་གར་ལོངས་སྐུའི་ངོ་བོ་ཧཱུྃ་མཐིང་ཀ༔ ལྟེ་བར་རིགས་ལྔའི་ངོ་བོ་ཧྲཱི་ལྔ་ལྡན༔ གསང་བར་སྒྲོལ་མའི་ངོ་བོ་ཏཱྂ༔ཡིག་དཀར་པོ༔ དེ་ཡི་་འོག་ཏུ་སྲུང་མ་ཏྲི༔དམར་ནག༔ ཐུགས་གའི་ཧཱུྂ༔གི་ཉི་མར་ཟླ་གདན་སྟེང་༔ ཨོཾ་མཐིང་མཐའ་མར་སྔགས་འཕྲེང་མུ་ཏིག་ཕྲེང་༔ དཀར་ལ་འཚེར་བ་གཡས་སུ་འཁོར་བ་ལས༔ རྒྱལ་བ་མཆོད་ཅིང་འགྲོ་བའི་ནད་གདོན་བསལ༔ ཆོས་དབྱིངས་ཞིང་གི་རྒྱལ་བའི་བྱིན་རླབས་དང་༔ ལྷ་དང་དྲང་སྲོང་རིག་སྔགས་འཛིན་པའི་མཐུ༔ འབྱུང་ལྔ་རིན་ཆེན་སྨན་གྱི་ནུས་པ་ཀུན༔ འོད་ལྔ་བདུད་རྩིའི་སྤྲིན་གྱི་རྣམས་པར་བསྡུས༔ ཐུགས་སྲོག་ལ་ཐིམ་བདེ་གཤེགས་ཀུན་འདུས་གྱུར༔ གཟུངས་རིང་༔ ཨོཾ་ན་མོ་བྷ་ག་ཝཱ་ཏེ༔ བྷཻ་ཥ་ཛྱཻ་གུ་རུ་བཻཌཱུརྱ་པྲ་བྷ་རཱ་ཛཱ་ཡ༔ ཧ་ཐཱ་ག་ཏཱཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱཻ༔ རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ༔ གཟུངས་ཐུང་༔ ཨོཾ་བྷཻ་ཥ་ཛྱེ་བྷཻཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱཻ༔ རཱ་ཛ་ས་མུདྒ་ཏེ་སྭཱ་ཧཱ༔ བདུད་རྩི་བྱིན་རླབས་བྱ་ན༔ སྟོང་ཉིད་ངང་ལས་བུམ་པ་གཞལ་མེད་ཁང་༔ སྨན་དང་ཁྲུས་ཆུ་སྨན་བླ་སྲས་བཅས་ཀྱི༔ གསང་གསུམ་དཀྱིལ་འཁོར་ཆེན་པོར་ཡེ་ནས་གྲུབ༔ ཡེངས་མེད་ངང་ནས་ཡིན་ལུགས་དོན་ལ་བལྟ༔ ཏིང་འཛིན་ལྡན་པས་སྔགས་བཟླ༔ ལྷ་ཚོགས་འོད་ཞུ་སྨན་མཆོག་བདུད་རྩིར་གྱུར༔ དུག་གསུམ་འབྱུང་བའི་ནད་རྣམས་སེལ་བ་དང་༔ ཕྱི་ནང་གདོན་བགེགས་བར་ཆད་ཞི་བ་དང་༔ མཐོང་ཐོས་དྲན་རེག་གྲོལ་བའི་དཔལ་ཐོབ་ཤོག༔ སྨོན་ལམ་བཏབ་ཅིང་མྱང་བར་བྱ༔ ས་མ་ཡ༔

༣༽ མན་ངག་གསུམ་པ༔ རང་གི་སྙིང་དབུས་རང་འདྲའི་ཡེ་ཤེས་སྐུའི༔ མཐའ་མར་རྡོ་རྗེའི་ཡི་གེ་བཅུ་གཉིས་གསལ༔ གནས་གསུམ་ཟླ་བའི་གདན་ལ་ༀ་ཨཱཿཧཱུྃ༔ ཀླད་གོར་ནང་དུ་པདྨ་ཉི་མའི་སྟེང་༔ ནོར་བདག་སྲོག་སྙིང་ཛྃ་བྃ་ཁ་སྦྱོར་བའི༔ མཐའ་མར་རང་སྔགས་བྱུ་རུའི་ཕྲེང་བ་ལྟར༔ གཡས་སུ་འཁོར་བས་དོན་གཉིས་མཛད་པ་བསྒྲུབས༔ ལྷ་ཀླུ་སྡེ་བརྒྱད་ནོར་གཡང་མ་ལུས་པ༔ རིན་ཆེན་ཆར་དང་གསེར་འོད་རྣམ་པར་བསྡུས༔ ཐུགས་སྲོག་ལ་བསྟིམ་ཚེ་བསོད་ཡེ་ཤེས་རྒྱས༔ རྩ་སྔགས་ནི༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿཌཱ་ཀི་ནཱི་ཛྭ་ལ་སམྦྷ་རཾ་སྭཱ་ཧཱ༔ སྙིང་པོ་ནི༔ ཨོཾཛམྦྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ༔ རྒྱལ་བ་སྲས་བཅས་འགྲོ་བ་ལྷར་ཤཪ་བ༔ འཁོར་ལོའི་བསྒྱུར་རྒྱལ་རྨུགས་འཛིན་ནོར་ལྷའི་ཚོགས༔ ཐམས་ཅད་འོད་ཞུ་རང་གི་སྙིང་གར་ཐིམ༔ རང་ཉིད་མཐུ་དཔལ་གཟི་བརྗིད་ཆེར་རྒྱས་བསམ༔ ས་མ་ཡ༔

༤༽ མན་ངག་བཞི་པ༔ སྣོད་ཀྱི་འཇིག་རྟེན་འཇིགས་བྱེད་འབར་བའི་ཞིང་༔ བཅུད་ཀྱི་སེམས་ཅན་རྡོ་རྗེ་གཞོན་ནུའི་ལྷ༔ སྲིད་པའི་གཏོས་དང་མཉམ་པའི་སྙིང་ག་རུ༔ རྡོ་རྗེ་སེམས་དཔའ་རྒྱན་མེད་གཅེར་བུའི་སྐུ༔ དེའི་ཐུགས་ཀར་གནམ་ལྕགས་རྡོ་རྗེ་སྔོ༔ སོར་བཞིའི་ཚད་ཀྱི་ལྟེ་བར་ཉི་གདན་ལ༔ ཧཱུྂ༔ཡིག་སྔོན་པོ་འོད་ཟེར་འབར་བ་གསལ༔ དེ་མཐར་རྩ་བའི་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཀྱིས་དོན་གཉིས་བྱས་ཏེ་རང་ལ་ཐིམ༔ ཀཱི་ལ་ཡ་ཡི་སྔགས་སྒྲ་འབྲུག་སྟོང་ལྟར༔ ཆེར་སྡིར་གནམ་ས་རལ་བ་ལྟ་བའི་ངང་༔ ཆེ་བའི་ང་རྒྱལ་བསྐྱེད་དེ་སྔགས་འདི་བཟླ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བྂ་ཧཱུྂ༔ཕཊ༔ ཅི་ནུས་བཟླ༔ མཐར་ཁྲོ་བཅུའི་སྔགས་དང་བཀའ་བརྒྱད་ཀྱི་དྲག་སྔགས་སོ་ལྔ་པ་འདོན༔ རྩ་གསུམ་དྲིལ་སྒྲུབ་ནི༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་རྒྱལ་བ་རབ་འབྱམས་འདུ་བའི་ངེས་ཤེས་བསྐྱེད་ཅིང་༔ འོག་མིན་ཞིང་ནས་བླ་ཡི་དམ་དང༔ མཁའ་འགྲོ་དཔའ་བོ་བསྟན་སྲུང་རྒྱ་མཚོའི་ཚོགས༔ སྐུ་དང་ཡིག་འབྲུ་ཕྱག་མཚན་རྣམ་པ་རུ༔ ཆར་བཞིན་བབ་ནས་སྒོ་གསུམ་བྱིན་གྱིས་བརླབས༔ ཨོཾ་ཨཱཿཧཱུྂ༔ཧྲཱིཿ བཛྲ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུྂ༔ཨཱཿ རྩ་གསུམ་སྤྱི་དྲིལ་སྙིང་པོ་འདི་ཉིད་བཟླའོ༔ ཧཱུྃ་སྒྲུབ་ནི༔ གསལ་བ་གསུམ་ལྡན་དགོངས་པའི་ཡི་གེ་ཧཱུྂ༔ ཞི་བར་རྐྱང་སྟེ་དྲག་པོ་ཉིས་བརྩེགས་དང༔ དབང་ལ་ལྔ་སྒྲིལ་རྒྱས་པར་བདུན་སྒྲིལ་བཟླ༔ མཐར་ཐུག་དབུགས་ཉིད་ཧཱུྂ༔སྟེ་རྒྱུན་ཆད་མེད༔ གཞན་ནི་རང་གི་ཡི་དམ་ལྷག་པའི་ལྷའི༔ གསང་སྔགས་བཟླ་ཞིང་དམིགས་པའི་གཟེར་གདབ་བྱ༔ ཞི་རྒྱས་དབང་དྲག་ལས་ཀུན་འགྲུབ་པར་འགྱུར༔ ཕུར་བའི་ངེས་དོན་གྱི་བསྒྲུབ་པ་ནི༔ བཞུགས་སྟངས་ཀྱིས་གཅུན༔ ལྟ་སྟངས་ཀྱིས་གཟིར༔ བརྟུལ་ཞུགས་ཀྱིས་དཔའ་བསྐྱེད་ཅིང་༔ ཧོ༔ རིག་པ་ཡེ་ཤེས་ཕུར་བ་དབྱིངས་ལ་བཏབ༔ ཆོས་ཁམས་འཁྲུལ་བའི་སྣང་བ་ཐལ་བར་འབྱིན༔ གསལ་སྟོང་གཉིས་སུ་མེད་པའི་ཏིང་འཛིན་ངང་༔ སྐྱེ་མེད་ཆོས་སྐུར་གྲོལ་བའི་ཆེ་བ་ངོམ༔ བྱང་ཆུབ་སེམས་ཀྱི་ཕུར་བ་མཁའ་ལ་བཏབ༔ མ་དག་རླུང་སེམས་འཛིན་པར་ཐལ་བར་འབྱིན༔ ཡབ་ཡུམ་མཉམ་སྦྱོར་བདེ་བ་ཆེན་པོའི་ངང་༔ ལོངས་སྤྱོད་རྫོགས་སྐུར་གྲོལ་བའི་ཆེ་བ་ངོམ༔ ཚད་མེད་སྙིང་རྗེའི་ཕུར་བ་འགྲོ་ལ་བཏབ༔ རིགས་དྲུག་དོང་སྤྲུགས་ཞེན་འཛིན་ཐལ་བར་འབྱིན༔ མི་གནས་མྱ་ངན་འདས་པའི་གྲོང་ཁྱེར་དུ༔ སྤྲུལ་བའི་སྐུ་རུ་གྲོལ་བའི་ཆེ་བ་ངོམ༔ འདུས་བྱས་རྫས་ཀྱི་ཕུར་བ་དགྲ་ལ་བཏབ༔ མཚན་བཅས་བདུད་བཞིའི་དཔུང་ཚོགས་ཐལ་བར་འབྱིན༔ ཏིང་འཛིན་གསུམ་དང་བསྙེན་སྒྲུབ་བཞི་ཡིས་གཟིར༔ གྲུབ་པའི་དཔའ་རྟགས་གཉིས་འཛིན་དགྲ་ལ་ངོམ༔ ཧཱུྃ་གླུ་ལེན་བཞིན་ལྟ་གདེངས་བསྐྱེད༔ རྡོ་རྗེ་གཞོན་ནུ་འགྲུབ་པར་འགྱུར༔ སྲུང་བའི་སྐབས༔ སྣང་སྲིད་ཕུར་བའི་དཀྱིལ་འཁོར་དུ་གསལ་བའི་རང་གི་ཐུགས་ཀར་རྡོ་རྗེ་རྩེ་དགུ་བའི་མས་སྣ་དགུའི་ནང་དུ་སྲུང་བྱ་འཁོར་བཅས་ཚུད་པ་དང་༔ སྲོག་ཡིག་ལས་ཡི་གེ་དུ་མ་འཕྲོས་ཏེ་སྲུང་བྱ་བྱིན་ཀྱིས་རླབས་ནས་བན་བོན་སྟོང་གི་མཐུ་དང་ལྷ་འདྲེ་སུས་ཀྱང་གླག་མི་རྙེད་པར་བསྒོམས་ཤིང་སྤུ་གྲི་རཀྨོའི་སྔགས་བཟླ༔ བཟློག་པའི་སྐབས་སུ༔ དང་པོ་སྲུང་འཁོར་བརྟན་པར་བྱས་ལ་སྤྱི་བོ་ནས་ཁྱུང་གི་ཚྭ་ཚྭ་དང་ཕུར་བའི་སེར་བ༔ ཧཱུྂ༔གི་རླུང་ནག་སོགས་སྤྲོས་ཏེ་མཐུ་བྱད་ཀྱི་སྤྲིན་ནག་ཕུབ་མ་རླུང་གིས་སྦུར་བ་བཞིན་རང་གཤེད་རང་ལ་བཟློག་པར་བསམ༔ བསད་པ་དང་གདབ་ལས་སྐབས་ཀྱི་གཏོར་ཟོར་དང་ཕུར་ཐུན་སོགས་ཀྱི་དམིགས་པ་གཞན་དུ་ཤེས་པར་བྱའོ༔ ས་མ་ཡ༔

༥༽ མན་ངག་ལྔ་བ༔ སྙིང་དབུས་ཕྱག་ན་རྡོ་རྗེའི་ཐུགས་ཀ་རུ༔ ཉི་མའི་དཀྱིལ་འཁོར་དབུས་སུ་ཧཱུྂ༔དམར་ནག༔ ཡེ་ཤེས་མེ་ཡི་ཚྭ་ཚྭ་རབ་ཏུ་འཕྲོ༔ མཐར་མར་སྔགས་འཕྲེང་དམར་པོ་གཡས་སུ་འཁོར༔ འོད་འཕྲོས་དོན་གཉིས་བྱས་ཤིང་རང་ལ་ཐིམ༔ རྒྱལ་ཀུན་མཐུ་སྟོབས་ནུས་པའི་དབང་ཆེན་ཐོབ༔ སྣང་སྲིད་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ཡི༔ ལྷ་རྣམས་ཞལ་དང་རྩ་བའི་རིགས་སྔགས་དང་༔ ཧཱུྂ༔དང་ཕཊ༔སྒྲ་ཆད་པ་མེད་པར་གྲགས༔ ས་གཞི་གཡོས་ཞིང་རི་འགུལ་ཆུ་མཚོ་ཁོལ༔ སྲིད་པའི་ཁམས་ཀྱི་རྒྱལ་པོ་དྲེགས་པ་དང་༔ གནས་བདག་ཡུལ་སྐྱོངས་ཐམས་ཅད་སྲོག་ནས་དྲངས༔ ཀུན་ཀྱང་གུས་ཚུལ་མཆོད་པའི་ཡོད་བྱད་ཐོགས༔ གདན་འོག་འཁོད་ཅིང་སྐྱབས་སོང་སེམས་བསྐྱེད་བླང་༔ བཀའ་ཉན་དམ་ལས་འདའ་བའི་གནས་མེད་བསམ༔ ལྟ་བའི་ངར་བསྐྱེད་དྲག་སྔགས་ཐོག་ལྟར་བཟླ༔ ཧཱུྂ༔ཨ་ཀཱ་ཡ་ཧ་ཨ་མ་ར༔ ཡ་མ་དུ་རུ་ཙ་ཤ་ན༔ ཏྲིག་ནན༔ སྦུར་ཐུམ་ཛ་ཛ༔ དྷ་ལོ་ཤ་བུ་ཝ་མ༔ ཨ་རྣྀ་ཏྲི་སིདྡྷི་ཕ་ལ་ཛ་ཛ་ཛ༔ ཅི་ནུས་བཟླ༔ ལྟ་གདེང་བསྐྱེད་ཅིང་༔ ཧཱུྂ༔བཛྲ་ཕཊ༔ དྲག་ཏུ་བརྗོད༔ ལས་སྦྱོར་ཇག་སྲུང་ནི༔ དགྲ་རྐུན་མང་བའི་ཕྱོགས་སུ་འགྲོ་བ་ལ་གྲི་ལྕགས་ཀྱི་སྤུ་གྲི་སོར་བཞི་བ་རྣོ་ངར་དང་ལྡན་པ་ལ་གོང་གི་སྔགས་དང་ཡོངས་འདུས་ཀྱི་སྔགས་སྦྲེལ་མར་མན་ངག་བཞིན་བྲིས་པ་རབ་གནས་བྱས་ལ་གོང་བར་སྦས་ཤིང་འཆང་བའམ༔ མ་འབྱོར་ན་ས་ལ་མདའ་གཞི་འགེང་བའི་གཟུགས་བྲིས་མདེའུ་རྩ་འགྲོ་ཕྱོགས་ལ་བསྐོར༔ གཞུ་མཆོག་གཉིས་ལ་ལྡོག་པས་མནན་ཏེ༔ མགྲིན་པའི་རྟ་མགྲིན་གྱི་ཐུགས་ལས་ཕག་མོ་དམར་མོ་འཕྲོས་ཏེ་བར་ཆད་ངན་པ་ཐམས་ཅད་བྱ་སྒྲོ་མེས་བྲེག་པ་བཞིན་དུ་སོང་བར་མོས་ལ་རྩ་སྔགས་བརྒྱ་རྩ་དང་༔ ལས་སྔགས་འདི་ཅི་ནུས་བཟླ༔ ཨོཾ་ཨཱཿཧཱུྂ༔ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་མ་ཧཱ་ཐ་ན་ཧཱུྂ༔ཕཊ༔ སྣང་བ་དགའ་ཡལ་ལེ༔ ནམ་མཁའི་སྤྲིན་དང་༔ སེར་བུ་འགྲོ་ཕྱོགས་སུ་ལྡོག་པ༔ མཁའ་འགྲོས་ལུང་བསྟན་སོགས་འགྲུབ་པའི་རྟག་ཤར་བ་དང་ས་རིས་ལྡོག་པས་བཤིག་ལ་འགྲོ་ཕྱོགས་སུ་གཏོར༔ རང་མདུན་དུ་ཕག་མོ་སྡེ་ལྔ་གསལ་བའི་ང་རྒྱལ་གྱིས་འགྲོ༔ སྒྲིབ་ཤིང་གི་ལས་སྦྱོར་ནི༔ གཡུལ་འཁྲུགས་སོགས་ཀྱི་སྐབས་སུ་ལུས་སྒྲིབ་པར་འདོད་ན༔ སྐྱེས་པ་གྲིར་ཤི་བའི་ཤ་པགས་བསྲེགས་པའི་ཐལ་བར་བུར་ནག་བསྲེས་ཤིང་རྭ་ནང་དུ་བཅུག་ནས་དཀར་འོད་ཆ་ཙམ་མེད་པའི་མུན་པའི་ནང་ནས་སྔགས་འདི་བཟླ༔ ཨོཾ་ན་མོ་རུ་ཏྲི་ཡ་ན་མོ་ཧི་རི་མི་རི་སྭཱཧཱ༔ ཞག་ཉེར་གཅིག་བར་གཡོ་བ་མེད་པར་བཟླས་ལ༔ དངོས་ཉམས་སོགས་འགྲུབ་པའི་རྟགས་བྱུང་བ་དང་སྨིན་ཕྲག་ཏུ་ཐིག་ལེ་བྱས་ཏེ་མེ་ལོང་ནང་དུ་བལྟས་ཚེ་རང་གཟུགས་མི་མཐོང་ན་མཆོག་སྟེ༔ འགྲུབ་པ་ཡིན་ནོ༔ ས་མ་ཡ༔

༦༽ མན་ངག་དྲུག་པ༔ རང་གི་སྙིང་དབུས་དབུ་མའི་ནང་དབྱིངས་སུ༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་རྩེ་དགུ་པ༔ མཐིང་ནག་གྱེན་འགྲེང་མེ་འོད་འཕྲོ་བའི་ལྟེར༔ ཉི་མའི་གདན་ལ་ཧཱུྂ་མཐིང་ནམ་མཁའི་མདོག༔ མཐའ་མར་སྔགས་ཕྲེང་མེ་འབར་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་འཇིག་རྟེན་ཐམས་ཅད་གང་༔ མ་དག་དངོས་འཛིན་ལྷག་མ་མེད་པར་བསྲེག༔ ཕྱི་ཡི་བར་ཆད་གདུག་པའི་གཅན་གཟན་དང༔ ནང་གི་མ་རུང་ཕྲ་མེད་གནོད་པའི་ཚོགས༔ གསང་བ་བྱད་ཁ་རྦོད་གཏོང་ངན་པ་རྣམས༔ རང་གཤེད་རང་དབབ་ཐལ་བའི་རྡུལ་བརླག་བསམ༔ འོད་ཟེར་ཚུར་འདུས་རྡོ་རྗེའི་སྲུང་འཁོར་གྱུར༔ ནང་བཅུད་མ་ལུས་གསང་བདག་སེངྒེའི་སྒྲ༔ སྒྲ་གྲགས་གཞོམ་བྲལ་འགྱུར་མེད་ཧཱུྃ་གི་གདངས༔ དྲན་རྟོག་རང་ཟད་ཀ་དག་ཆོས་ཉིད་དབྱིངས༔ གསལ་བརྟན་ཏིང་འཛིན་ངང་ནས་གསང་སྔགས་བཟླ༔ ཨོཾ་བཛྲ་གུ་རུ་སེདྷ་གཎྜེ་དྷཱརྨཱ་དྷཱ་ཏུ་ཧཱུྂ་ཧཱུྂ་ཧཱུྂ༔ ལས་སྔགས༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྛཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྂ་ཕཊ༔ ཡུམ་སྔགས༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊཿ མང་དུ་བཟླ༔ འགྲུབ་པའི་རྟགས་ནི་༔ གསང་བདག་སེང་གེ་སྒྲ་དང་ཡུམ་བདུད་འདུལ་དྲག་མོ་སེང་གེའི་གདོང་བ་ཅན་དང་ཁྲོ་བོ་ཡོངས་འདུས་ཀྱི་བསྙེན་པ་ཕྱི་ནང་གསང་བའི་རྟགས་རྫོགས་བར་དུ་བཟླས་པས་གདུག་པའི་སེམས་ཅན་ཀྱི་གནོད་པ་ཞི་བ་དང་༔ བྱད་ཕུར་རྦོད་གཏོང་ངན་པ་བཟློག་པ༔ ལྷ་ཀླུ་སྡེ་བརྒྱདཀྱི་གནོད་པ་སེལ་བ༔ གཟའ་སྐར་འཕྲོད་སྦྱོར་དང་ལྟས་ངན་པ་དགེ་བར་བསྒྱུར་བ་དང་༔ གཤིན་པོ་གཤེད་དང་བྲལ་བ༔ རྟག་ཏུ་གཡོ་བའི་སེམས་བརྟན་པ༔ རྩ་རླུང་ཐིག་ལེའི་གེགས་སེལ་བ༔ ལྷ་མི་ཀུན་གྱིས་བཀུར་བ༔ སྐྱེ་འཆི་ལ་རང་དབང་ཐོབ་ནས་མཁའ་སྤྱོད་ཀྱི་ཞིང་དུ་བསྒྲོད་པར་འགྱུར་རོ༔ གཅན་གཟན་ཀྱི་གནོད་པ་སྲུང་བ་ལ༔ རང་གི་སྤྱི་བོ་ནས་སེདྒེ་འཇིགས་སུ་རུང་བ་མང་པོ་འཕྲོས་ཏེ་འགྲོ་བའི་གནས་ཀྱི་སེམས་ཅན་གདུག་པ་ཅན་ཕྱོགས་སོ་སོར་བྲོས་པར་བསམ་ལ་སྔགས་བཟླས་ན་གཅན་གཟན་དང་མི་འཕྲད་དོ༔ གཞན་སྟག་གཟིག་དོམ་དྲེད་སོགས་ལ་ཡུངས་དཀར་ལ་བསྔགས་ནས་གཏོར་བ་དང་༔ རི་དྭགས་ལ་བ་བླ༔ དུག་སྦྲུལ་ལ་གླ་རྩི༔ སྤྱང་ཀིར་སྤྱང་བྲུན་ནམ་སྤང་སྤོས་ཀྱི་དུད་པ་བདུག༔ བྱི་བར་ནས་སམ་ཡུངས་དཀར༔ ཁྱི་ལ་རང་གི་རྐང་འོག་གི་སའམ་བྱེ་མ་ལ་བསྔགས་ནས་གཏོར་བས་ཐུབ་པོ༔ གནོད་བྱེད་ཐམས་ཅད་གཞོམ་པའི་སྲུང་མདུད་ཟབ་མོ་ནི༔ སྐུད་པ་སྐུ་གསུམ་མམ་ཡེ་ཤེས་ལྔ་མཚོན་པའི་ཁ་དོག་ཅན་ལ་མདུད་པ་གསུམ་དང་དགུ་གཅིག་སོགས་དུས་དང་བསྟུན་པར་བརྒྱབ་ལ༔ རྩ་བའི་སྔགས་བརྒྱ་རྩའི་གཤམ་དུ་ཨོཾ་ཨཱཿཧཱུྂ༔མ་ནུ་སརྦ་ཀཱ་ཡ་ཝཱཀ་ཙིཏྟ་རཀྵ༔ ཞེས་ལན་ཉེར་གཅིག་བརྗོད་ལ་ཕུས་གདབ་ནད་གདོན་སྤྱིར་སྨན་བླ་དང་སྲོག་ཡིག རྒྱལ་འགོངས་ལ་རྟ་མགྲིན་སོགས་ཡི་དམ་ཀྱི་སྐུ༔ ས་བདག་ཀླུ་གཉན་ལ་ཁྱུང་༔ སྡིག་པ༔ ཁྲོ་ཆུ་ཁོལ་མ༔ མེ་དཔུང་༔ ནམ་མཁའ་སྟོང་པ༔ ཀེང་རུས་མེ་འབར་སོགས་བསྒོམ་པས་ཐུབ་པོ༔ ས་མ་ཡ༔

༧༽ མན་ངག་བདུན་པ༔ ཐུགས་ཀར་རབ་ཏུ་གསལ་བ་ཉི་ཟླའི་གདན༔ སྟེང་དུ་གསེར་གྱི་རྡོ་རྗེ་རྩེ་ལྔ་བ༔ ལྟེ་བར་པདྨ་དམར་པོ་འདབ་བརྒྱད་པ༔ དབུས་སུ་ཚེ་དཔག་མེད་པ་གཅེར་བུའི་སྐུ༔ མཉམ་བཞག་ཕྱག་གི་ནང་དུ་ཚེ་བུམ་ཀྱི་༔ ཁ་རྒྱན་པདྨའི་དབུས་སུ་རྡོ་རྗེ་གསུམ༔ རང་མདོག་ལ་དམིགས་ཆོས་ཉིད་དོན་ལ་བལྟ༔ ༀ་ཨཱཿཧཱུྃ༔ སྒྲ་བཅས་ཤུབ་བུ་འགོག་བཟླས་ཀྱི༔ མཉམ་བཞག་རྒྱུན་སྐྱོང་རང་ངོར་བཞག༔ ཡེ་ཤེས་སེམས་དཔའི་ཐུགས་ཀར་པད་ཉིའི་སྟེང་༔ ཧྲཱིཿཡིག་དམར་པོ་པདྨ་རཱ་གའི་མདོག༔ དེ་མཐར་རྩ་བའི་སྔགས་ཕྲེང་གཡས་སུ་འཁོར༔ འོད་འཕྲོས་དོན་གཉིས་བྱས་ཏེ་ཚུར་འདུས་པས༔ ཀུན་ལ་བདེ་ཆེན་ཡེ་ཤེས་ཐོབ་པར་དམིགས༔ ཏིང་ངེ་འཛིན་གྱིས་གེགས་སེལ་བྱིན་རླབས་ཉམས་རྩལ་འབར༔ ཅི་མཛད་རང་བྱུང་བདེ་བའི་དོན་ལ་བལྟ༔ ཡབ་ཡུམ་གཉིས་མེད་རྩ་སྔགས་ནི༔ ཨོཾ་ཨཱ༔ཧཱུྂ་གུ་རུ་ཤྲཱི་པདྨ་བཛྲ་ཧྲཱིཿ དྷུ་མ་གྷ་ཡེ་ཌཱ་ཀི་ནཱི་ན་མཿསྭཱ་ཧཱ༔ མཁའ་འགྲོ་ཡབ་ཡུམ་སྔགས༔ ཨོཾ་ཨཱཿཧཱུྂ་ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ་ཛ༔ཧཱུྂ༔ རྩ་གསུམ་སྤྱི་དྲིལ་སྔགས༔ ཨོཾ་ཨཱཿཧཱུྂ༔གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སྭཱ་ཧཱ༔ ལས་སྔགས༔ ཧྲཱིཿམ་ཧ་རི་ནི་ས༔ ར་ཙ་ཧྲཱི་ཡ་ཨརྣི་ཏྲི་ཛ༔ སརྦ་ཨཾ་གུ་ཤ་ཛ༔ ཙིཏྟ་ཧྲཱིཾ་ཧྲཱིཾ་སརྦ་བ་སུ་སིདྡྷི་ཀུ་རུ་སྭཱ་ཧཱ༔ ལས་སྦྱོར་ནི༔ ས་གཡོ་བ་ལ༔ སཙྪཱ་སེར་པོའི་ནང་དུ་གནས་ཆེན་རྣམས་ཀྱི་ས་དང་༔ གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་འདོད་གསོལ་བཅས་བྲིས་ཏེ་རང་སྡོད་སའི་ཕྱོགས་བཞིར་འཇོག་པ་དང་༔ སྐྱེར་བའི་ཕུར་བུ་ལྔའི་དལ་ལ་གཙོ་འཁོར་ཡོངས་རྫོགས་ཀྱི་སྔགས་བཀོད་ལ་གྲི་ཁྲག་སོགས་ཁྲག་སྣ་བྱུགས་བྱིན་གྱིས་བརླབས་ཤིང་ཕྱོགས་བཞི་དབུས་ལྔར་བཏབ་པས་ཐུབ་པོ༔ ཆུ་དགྲ་ལ༔ གླ་རྩི་གུ་གུལ་མི་ཚིལ། མི་ཁྱི་ཕག་བྱིའི་བྲུན་རྒྱ་སྣག་དང་སྦྱར༔ ཡུག་ས་ཐེངས་དགུར་བུད་པའི་གོས་ལ་སྔགས་ཡོངས་རྫོགས་བྲིས་ཤིང་ཕུར་བའི་དབལ་དུ་བཅུག་ཏེ་ཆུ་ཡོང་བའི་ཕྱོགས་སུ་བཏབ་པས་ཐུབ་པོ༔ མེ་དགྲ་ལ༔ བུམ་པའི་ནང་དུ་སྔགས་ཡོངས་རྫོགས་དང་གཡུ་ལ་བཾ་དང་ཆུ་ཤེལ་ལ་ཁཾ་བྲིས་པ་དང་ཚྭ་སྣ་ཐོབ་ཚད་བཅུག་ལ་རྩ་སྔགས་སྟོང་ཕྲག་གིས་བྱིན་གྱིས་བརླབས་པས་ཐུབ་པོ༔ རླུང་དགྲ་ལ༔ གྲི་ལྕགས་ཀྱི་རལ་གྲིའི་རྩེ་མོར་མེ་རི་དང་རྩ་བར་རྡོ་རྗེ་རྒྱ་གྲམ་དང་ཤྭ་ཁྲག་བྱུགས་རྩ་སྔགས་སོགས་མན་ངག་བཞིན་བྲིས་བ་རབ་གནས་ལེགས་པར་བགྱིས་ལ་ཏིང་འཛིན་ལྡན་པའི་ངང་རླུང་འབྱུང་བའི་ཕྱོགས་བཏབ་པས་ཐུབ་པོ༔ ཏིང་ངེ་འཛིན་གྱི་གེགས་གཙོ་བོ་བྱིང་རྒོད་སྲུང་བའི་རྫས་དང་འཁོར་ལོ་ནི༔ བྱིང་བའི་ཚེ་ཤུགས་པས་བདུག༔ དམ་སེལ་མེད་པའི་ཆོས་སྨན་བཏུང་༔ གནས་གསུམ་ག་བུར་གྱི་ཐིག་ལེ་བྱས་ལ་རྩ་སྔགས་མཐར༔ ཨོཾ་ཙི་སུམ་ཙི་སུམ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྒྱད་ཀྱི་ཆུ་གཙང་བྱིན་གྱིས་རླབས་ལ་འཐོར་འཐུང་དང་ཁྲུས་བྱས་ན་བྱིང་བ་དང་གཉིད་ཆེ་བ་སོགས་སེལ་ལོ༔ རྒོད་པ་ལ་མཁའ་འགྲོའི་རིགས་ཅན་ཀྱི་དབུ་སྐྲས་རང་གི་སྲིན་ལག་གཡས་གཡོན་བསྡམ་ལ་རླུང་དལ་བུར་བཏང་༔ རྒལ་ཚིག་དྲང་པོར་བསྲིང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་བཅའ༔ གསང་གནས་སུ་ཐིག་ལེ་ནག་པོའི་ནང་དུ་སྲོག་ཡིག་བསྒོམ་ལ་རྩ་སྔགས་གཤམ་ས་མ་དྷི་ཏིཥྛ་བཛྲ་ཞེས་བརྒྱ་རྩ་བཟླས་པས་སེལ་ལོ༔ ཐབས་གྲོགས་འགུགས་པ་ལ༔ གཟུགས་ཅན་དང་གཟུགས་མེད་ཀྱི་དཔའ་བོ་དང་མཁའ་འགྲོ་སུ་ཡང་རུང་༔ མིང་གཟུགས་བྲིས་པ་དམིགས་པས་འགུགས་པ་དང་༔ རྩ་སྔགས་དང་དཔའ་བོ་ཡབ་ཡུམ་སྲོག་སྔགས་མཐར༔ ཨཱ་བེ་ཤ་ཡ་ཨཱ་ར་ལི་ཧོ་བཛྲ་ས་མ་ཡ་ཕེཾ་ཕེཾ༔ཧྲཱིཾ༔ཧྲཱིཾ༔ཛ༔ཧཱུྂ༔བྂ༔ཧོ༔ ཞེས་སྟོང་རྩ་བཟླས་ལ་སིནྡྷུ་ར་དང་ཅུ་གང་ལ་བསྔགས་ནས་སྨིན་མཚམས་སུ་ཐིག་ལེ་འགོད་པའམ་རོལ་མོའི་ནང་དུ་བྲིས་ནས་དཀྲོལ་ན་དཔའ་བོ་དཔའ་མོ་ཐམས་ཅད་རང་དབང་མེད་པར་འདུས་ནས་དངོས་གྲུབ་སྟེར་བར་བྱེད་དོ༔ ས་མ་ཡ༔

༨༽ མན་ངག་བརྒྱད་པ༔ གནས་གསུམ་འོད་ལྔའི་དལ་དུ་ཡིག་འབྲུ་གསུམ༔ ཐུགས་ཀར་ཧཱུྃ་ཡིག་ཀླད་གོར་ཉི་དཀྱིལ་སྟེང་༔ པདྨ་གསུང་གི་སྙིང་པོ་ཧྲཱིཿདམར་ནག༔ མཐའ་མར་སྔགས་ཕྲེང་རང་སྒྲ་ལྡིར་བཞིན་འཁོར༔ ཡི་གེར་མེ་རླུང་འཁྲིལ་ཞིང་གཡོ་བ་ཡི༔ འོད་ཀྱིས་འཕགས་པ་མཆོག་ཅིང་འགྲོ་སྒྲིབ་སྦྱང་༔ འོད་ཟེར་ཚུར་འདུས་དཔལ་ཆེན་སྐུ་གསུང་ཐུགས༔ ངོ་བོ་ཧྲཱི་ཡིག་མེ་འོད་འབར་བ་ཡིས༔ བ་སྤུའི་བུ་ག་གོ་མཚམས་མེད་པར་གཏམ༔ དབང་ཆེན་དགྱེས་པའི་རྟ་སྐད་ལན་གསུམ་བཏོན༔ དང་པོས་བསྟན་སྲུང་གཟུགས་ཅན་གཟུགས་མེད་སྡེ༔ ལྷ་འདྲེ་མི་གསུམ་སྲོག་འགུལ་གནས་ནས་བསྐྱོད༔ གཉིས་པས་ཤ་རུལ་སྦྲང་མ་བཞིན་དུ་བསྡུས། གསུམ་པས་བཀའ་ཉན་གསུང་བསྟོད་དམ་ལ་བཞག༔ ཕོ་རྒྱུད་ཐམས་ཅད་དཔའ་བོ་རྟ་མགྲིན་ལྔ༔ མོ་རྒྱུད་ཐམས་ཅད་ཕག་མོ་ལྷ་ལྔར་གསལ༔ སྣང་སྲིད་དག་པ་དབང་གི་དཀྱིལ་འཁོར་ཆེ༔ སྔགས་ཀྱི་སྒྲ་དབྱངས་འཁོར་འདས་ཀུན་ཏུ་ཁྱབ༔ ཨོཾ་ཨཱཿཧཱུྂ༔གུ་རུ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཀྲོ་དྷ་ཧ་རི་ནི་ས་ས་མ་ཡ་ཛ༔ ཀཱ་ལེ་ཤྭ་ར་སིདྡྷི་ཕ་ལ་ཧཱུྂ༔ ཅི་ནུས་བཟླ༔ དགྲ་འཆིང་བའི་གདམས་པ་ནི༔ བྱ་རྒོད་ཀྱི་རྒྱུས་པ་ཤ་དང་བྲལ་བ་རིང་ཚད་རང་སོར་དགུ་ཙམ་གཙང་མ་བཟོས་ལ་རྩ་སྔགས་མཐར༔ ཨོཾ་མ་ཏུ་ར༔ ཀ་ཏུ་ར༔ ནི་ར་ནི་ར༔ རྩ་ཆིངས་རྩ་སྡོམས༔ ཡིད་ཆིངས༔ ཞེས་སྟོང་བཟླས་ཤིང་རྒྱུས་པ་ཇག་རྐུན་གྱི་ཡན་ལག་སུ་མོས་ལ་མདུད་པ་གསུམ་བརྒྱབ་ནས་རྒྱུས་སྣེ་མེ་ལ་བསྲེག་པ་དར་དམར་གྱི་ཁུག་མར་བཅུག་ལ་ལྷམ་གྱི་ནང་ངམ་གདན་འོག་སོགས་མི་ཡིས་མི་མཐོང་སར་སྦས་པས་དགྲ་བོའི་ཡན་ལག་འཆིངས་ཤིང་བྲན་དུ་འགྱུར་རོ༔ དཀྲོལ་བའི་ཚེ་རྩ་སྔགས་གཤམ་ཨེ་ཡྂ་རྂ་ལྂ་བྂ་ཤུདྷེ་ཤུདྷེ་སིག་སིག་ཤད་སིག་ཤད་ཧོ༔ ལན་བདུན་བཟླས་ཤིང་རང་གི་དྲི་ཆུ་ལ་བསྔགས་ཤིང་རྒྱུས་སྣེ་བརླན་པར་བྱས་པས་གྲུབ་པོ༔ གཟའ་དང་གདོང་ཐུག་སོགས་སྲུང་བ་ལ༔ མེ་ལོང་གི་ངོས་ལ་རྩ་སྔགས་གཡོན་སྐོར་དུ་བྲིས་པ་མགུལ་བར་ཁ་ཕྱིར་བསྟན་དུ་འདོགས་པའམ་དགོས་དབང་དང་བསྟུན་པར་བཞག་ལ་རང་ཉིད་རྟ་མགྲིན་གསལ་བའི་དཔྲལ་བའི་སྤྱན་ལས་འོད་ཟེར་སྣ་ཚོགས་སྤྲོས་ཏེ་གཟའ་ཀླུ་སྡེ་བརྒྱད་ཐམས་ཅད་དབང་དུ་བསྡུས་པར་མོས་ཏེ་རྩ་སྔགས་མང་དུ་བཟླས་པས་ཐུབ་པོ༔ གཞན་ཡང་རྩ་སྔགས་ཀྱིས་གཟི་དང་ཆུ་མིག་ཅན་གྱི་སྲུང་རྐུད་བྱིན་གྱིས་བརླབས་པ་དང་རྩ་སྔགས་རྒྱ་ཤོག་ལ་བྲིས་པ་སྤྲ་ཚིལ་གྱིས་གཡོག་ཏེ་སྟེང་དུ་མིག་གསུམ་དགུ་སོགས་བསྐོས་པ་ལུས་ལ་འཆངས་པས་ཀྱང་ཐུབ་ངེས་སོ༔ གསང་བ་རྣམ་རྟོག་ཐད་ཀར་གཅོད་པར་བྱེད་པ་ནི་རྣམ་རྟོག་ཐམས་ཅད་ཀྱི་རང་གཟུགས་རླུང་ནག་པོ་རང་ལུས་ཙམ་མདུན་དུ་གསལ་བ་ལ་ཁྲོ་བོའི་ཕྱག་གི་ཐོད་དབྱུག་བསྣུན་པས་སིལ་བུར་གཏོར༔ ཡབ་ཀྱི་སྨིན་མཚམས་ནས་མེ་འཕྲོས་པས་ཐམས་ཅད་གཞོབ་ཏུ་བསྲེག༔ ཡུམ་གྱིས་གསང་བ་ནས་ཆུ་བྱུང་པས་དག་པར་བཀྲུས༔ ཡབ་ཡུམ་གཉིས་མེད་ཀྱི་ཤངས་ནས་རླུང་བྱུང་བས་སྟོང་པར་སྦྱངས་བར་བསམ་ལ་རྣམ་རྟོག་སྐྱེ་ཚེ་སེམས་སྔགས་སྒྲ་ལ་གཏད་ཅིང་དྲག་ཏུ་བཟླ༔ སེམས་ཅུང་ཟད་གནས་ཚེ་སྔགས་མཚམས་བཞག་ཏེ་སྒོམ་ལ་འཇུག་དེ་ལྟར་བཟློས་པས་རྣམ་རྟོག་ཐམས་ཅད་སེལ་བར་འགྱུར་རོ༔ ས་མ་ཡ༔

༩༽ མན་ངག་དགུ་པ༔ གནས་གསུམ་འོད་ཐིག་རྡོ་རྗེ་གསུམ་གྱིས་མཚན༔ ཧཱུྃ་ཡིག་ཀླད་གོར་ཆོས་དབྱིངས་བརྡལ་བའི་ནང་༔ ཡེ་ཤེས་སེམས་དཔའ་ཕྱག་རྡོར་ཐུགས་ཀ་རུ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་གྱེན་ལངས་ལྟེར༔ ཉི་མའི་སྟེང་དུ་ཧཱུྂ༔ཡིག་དམར་ནག་གསལ༔ མེ་ཟེར་འཁྱུགས་པའི་སྔགས་ཕྲེང་གཡས་སུ་འཁོར༔ ཕྱོགས་བཅུ་རབ་འབྱམས་རྒྱལ་བར་མཉེས་མཆོད་ཕུལ༔ བྱིན་རླབས་མཐུ་སྟོབས་འོད་ཐིག་རྣམ་པར་བསྡུས༔ འོད་ཟེར་སླར་འཕྲོས་འགྲོ་བའི་ནད་གདོན་དང་༔ སྡིག་སྒྲིབ་བག་ཆགས་བཅས་པ་སྟོང་པར་སྦྱང་༔ གནོད་སེམས་འཆང་བའི་མི་དང་མི་མིན་དང་༔ འབྱུང་པོ་རྣམས་ཀྱི་གདུག་རྩུབ་བསམ་སྦྱོར་ངན༔ སྔོན་ལས་འཕྲལ་རྐྱེན་བར་ཆད་མ་ལུས་སེལ༔ ཚེ་བསོད་ཉམས་དང་རྟོགས་པའི་ཡེ་ཤེས་རྒྱས༔ ཁམས་གསུམ་ལྷ་འདྲེ་མི་གསུམ་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་དྲེགས་པས་བཀའ་ལ་ཉན༔ ཅི་བཅོལ་འཕྲིན་ལས་སྤྲོ་བཞིན་བསྒྲུབ་པར་བསམ༔ སྣང་རྡོ་རྗེ་ཁྲོ་ལོད་གསལ་བ་ཡི༔ ལྷ་སྔགས་ཆོས་ཉིད་རོལ་བའི་ངང་ཉིད་ལས༔ རིག་རྩལ་སྔགས་ཀྱི་སྒྲ་དབྱངས་དིར་དིར་སྒྲོགས༔ རྩ་སྔགས་འདི་བཟླ༔ ཨོཾ་ཨཱཿཧཱུྂ་མ་ཧཱ་གུ་རུ་བི་རུ་ཀྲོ་དྷ་ལོ་ཀོཏྟ་ར་སརྦ་སིདྡྷི་ཧཱུྂ༔ཧཱུྂ༔ཧཱུྂ༔ཕཊ༔ ཅི་མང་བཟླ༔ སྤྱི་དྲིལ་སྔགས༔ ཨོཾ་ཨཱ༔ཧཱུྂ༔ཨརྩིག་ནིརྩིག་ན་་མོ་བྷ་ག་ཝ་ཏེ་ཧཱུྂ༔ཧཱུྂ༔ཕཊ༔ཕཊ༔ ཨཱ༔ཧཱུྂ༔ཧཱུྂ༔ཕཊ༔ ཟུར་ཆག་སྔགས༔ ཨོཾ་བཛྲ་གུ་རུ་ཀྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྂ་ཧཱུྂ་ཧཱུྂ༔ འདི་གསུམ་རང་གི་བློ་ལ་གང་མོས་བཟླ༔ སྐབས་སུ་རྩ་སྔགས་ཤམ་བུར་ཧཱུྂ༔ཕཊ༔ཅེས༔ ངར་ལྡན་མང་བཟླས་སྣང་བའི་ཡུལ་རྣམས་ལ༔ ཐོགས་རྡུགས་མེད་པ་རིག་པའི་རྩལ་ཡང་སྦྱང༔ དེ་ལྟར་གྲོ་ལོད་རྩ་སྔགས་གང་མོས་པ༔ བཟླ་ཞིང་ནུས་པ་ཐོན་ན་ལས་ལ་སྦྱོར༔ དེ་ཡང་མཚོན་བཟློག་རིག་སྔགས་རྒྱལ་པོ་འདི༔ དམིགས་པའི་ཁ་བསྒྱུར་ཏིང་འཛིན་ངར་དང་བཅས༔ ཨོཾ་རྣོར་སོད་བཟློག་ཆུཾ་དྲིལ་སྭཱ་ཧཱ༔ བཟླ་ཞིང་རྟེན་འབྲེལ་རྫས་འཁོར་སྲུང་བ་ཡང༔ བྱས་པས་མཚོན་གྱི་གནོད་པ་བཟློག་པར་བྱེད༔ མི་སྣང་བ་བསྒྲུབ་པ༔ སྐྱེས་པ་གྲིར་ཤི་བའི་པགས་པ་ཤ་དང་རོ་བསྲེགས་པའི་སྤུར་ནག་གཉིས་རྩི་བཞིན་བཏགས་ཏེ༔ རྭ་ནང་དུ་སྔགས་འདིས་ཞག་ཉི་ཤུ་རྩ་གཅིག་ཏུ་བསྒྲུབ་པར་བྱ་སྟེ༔ ཨཱོཾ་ན་མོ་རུ་ཏྲི་ཡ་ན་ཧོ༔ ཧི་རི་མི་རི་སྭཱཧཱ༔ ནམ་དགོས་པའི་སུས་སྨིན་ཕྲག་ལ་བྱུགས་པས་སུས་ཀྱང་མི་མཐོང་སྟེ། སླར་ཕར་འཇོམས་ནུས་པར་ཐེ་ཚོམ་མེད་དོ༔ བཟློག་པའི་ཕུར་བུ་བསྒྲུབ་པ་ནི༔ གྲི་ལྕགས་གི་ཕུར་བའི་དབལ་གྱི་ནང་དུ་རྩ་སྔགས་དང་རྩེ་མོ་གསུམ་ལ་ཧཱུྂ༔གསུམ་འབྲི༔ ལྕུམ་ཞོག་གི་ནང་དུ་རྩ་སྔགས་ལས་སྔགས་ཡོངས་རྫོགས་དང་དྲག་སྔགས་སོ་ལྔ་བ་དང་རྟེན་འབྲེལ་སྙིང་པོས་མཐའ་བརྒྱན་པ་དྲིལ་བ་ནང་གཞུགས་བྱ༔ རྫས་ནི་ཡུང་ནག༔ ཏིལ་ནག༔ མུ་ཟི་ནག་པོ༔ གུ་གུལ་ནག་པོ༔ ཚྭ༔ སྒོག་པ༔ གཡེར་མ༔ ཁྱི་ནག་སྤུ༔ གསང་བའི་རྫས་གཅིག་ནི་ཡུག་ས་ཐེངས་དགུ་མའི་གོས་སམ་སྐྲ་བཅས་བཅུག་ལ་རབ་ཏུ་གནས༔ དགོས་པའི་དུས་སུ་ཟུར་རྩེ་དགྲ་ལ་གཏད་ཅིང་རྩ་སྔགས་མཐར་ཁ་བསྒྱུར་བཅས་བྷྱོ་བྷྱོ་ཟློག་ཟློག༔ བརྗོད་པས་སྙིགས་དུས་ཀྱི་བསམ་སྦྱོར་ནག་པའི་བན་བོན་སོགས་ཀྱིས་མཐུ་གཏོང་པ་བཟློག་པ་དང་༔ སེར་བ་ཁ་བསྒྱུར་བ། ནོར་ཕྱུགས་རྗེས་ཀྱི་འགོང་པོ་བཟློག་པ་སོགས་དང་༔ རྐུན་མ་ལ་རྐང་རྗེས་སུ་ཕུར་བ་བཏབ་ལ་རྩ་སྔགས་གཤམ་དུ། ཛ་ཧཱུྂ་བྃ་ཧོ་རྐུན་མ་མྱུར་དུ་ཁུག ཅེས་པས་ཐུབ་པོ༔ ཞེ་སྡང་ཞི་བར་བྱེད་པ་ལ་ཁྱི་འཐབ་པའི་རྡུལ་གྱིས་དམིགས་བྱའི་གཟུགས་བརྙན་བཅོས་ལ་རྩ་སྔགས་མཐར་ཁྲོས་པ་ཞི་བར་གྱུར་ཅིག༔ ཅེས་བརྗོད་ཅིང་ཡུངས་དཀར་ལ་བསྔགས་པ་གཏོར་བས་ཐུབ་ལ༔ རང་ཉིད་ལ་སྙིང་དབུས་སུ་ཁྲོ་ལོད་ཐེ་བོང་ཙམ་ཞིག་གསལ་ལ་དེའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་ཞེ་སྡང་ཁྲག་དམར་པོའི་རྣམ་པར་སོང་བར་མོས་ལ་སྔགས་གོང་བཞིན་བཟླ་བའམ༔ རྫས་ལག་མཐིལ་གཡས་སུ་བྱུགས་ལ་ཞེ་སྡང་ཐམས་ཅད་དེར་འདུས་པར་བསམ་ཞིང་སྔགས་ཆུས་མཐར་བཀྲུ་བར་བྱའོ༔ ས་མ་ཡ༔

༡༠༽ མན་ངག་བཅུ་པ༔ དཔྲལ་མགྲིན་སྙིང་གར་འོད་ལྔའི་གོང་བུ་རུ༔ ཁ་དོག་གསུམ་ལྡན་ཡི་གེ་འབྲུ་གསུམ་བཀོད༔ ཐུགས་ཀར་ཧཱུྃ་གི་ཐིག་ལེར་རྡོ་རྗེ་སེམས༔ དཀར་གསལ་རྒྱན་མེད་རྡོར་དྲིལ་ཕྱེད་དཀྱིལ་རོལ༔ དེའི་ཐུགས་ཀར་པདྨ་ཉི་ཟླ་ཡི༔ དཀྱིལ་དབུས་ཧྲཱིཿདང་གཡས་སུ་ཨཱོཾ་ཡིག་དང་༔ གཡོན་དུ་ཨཱཿཡིག་མདུན་དུ་ཧཱུྃ་ཡིག་གསལ༔ མཐའ་བསྐོར་ཡིག་དྲུག་སྔགས་ཕྲེང་དམར་སྒོ་རེ༔ འཁོར་ལས་འོད་ཟེར་རྒྱལ་བའི་ཞིང་ཀུན་ཁྱབ༔ མཆོད་པས་མཉེས་ཤིང་མཁྱེན་བརྩེ་ནུས་པ་ཡི༔ བྱིན་རླབས་མ་ལུས་འོད་ལྔའི་རྣམ་པར་བཀུགས༔ འོད་ཟེར་སླར་འཕྲོས་རིགས་དྲུག་གནས་ཀུན་ཁྱབ༔ ལས་ཉོན་འབྲས་བུ་སྡུག་བསྔལ་རྒྱུ་བཅས་སྦྱང་༔ བར་དོར་གནས་པའི་འགྲོ་བར་དབྱུགས་དབྱུང་ཞིང་༔ བྱང་ཆུབ་སེམས་མཆོག་རིན་ཆེན་སྐྱེས་པར་བསམ༔ སྣང་གྲགས་རྟོགས་གསུམ་འཕགས་པའི་སྐུ་གསུང་ཐུགས༔ དོན་དམ་སྐྱེ་མེད་ངང་ནས་སྔགས་སྒྲ་སྒྲོགས༔ ཨོཾ་ཨཱ༔ཧཱུཾ༔ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾ༔ ཅི་ནུས་བཟླ༔ སྡིག་པ་ཞི་བའི་ཐབས་ལ༔ གསུང་རྟེན་མཚན་སྔགས་མཆོད་པ་སྟེ༔ རྒྱུ་ནི་ནད་གདོན་སྡིག་སྒྲིབ་ཞི་བ་ལ་དུང་༔ བྱང་ཆུབ་ཤིང་༔ ཙནྡན་དཀར་པོ༔ ཚེ་བསོད་ཡེ་ཤེས་རྒྱས་པ་ལ༔ གསེར༔ ར་གན༔ སྐྱེར་བའི་ཤིང་༔ མི་དང་མི་མིན་སོགས་སྣང་སེམས་དབང་དུ་བསྡུ་བ་ལ་བྱུར་དམར༔ ཟངས༔ སེང་ལྡེང་༔ ཤུག་དམར༔ དགྲ་བགེགས་ཉོན་མོངས་གསོད་པ་ལ་ལྕགས༔ ཆུ་ཤིང་༔ སེ་བའི་ཤིང་༔ དེ་དག་མ་རྙེད་ན་རས་བྱང་ཤོག་བུར་བྱས་ཀྱང་རུང་༔ ངོས་གཙང་མར་རྩ་སྔགས་མཐར་གཤམ་གང་འདོད་དེ་་བྲིས་ལ་མཆོད་པ་རྣམས་ལྔ་བཤམས་ཤིང་དད་མོས་རྣམ་པར་དག་པས་ཉི་མ་ནུབ་པ་དང་དུས་མཉམ་པར་རིག་སྔགས་རྩེ་གཅིག་ཏུ་ནམ་ལངས་བར་བཟླས་ན་ལས་གང་འདོད་དེ་འགྲུབ་པ་དང་༔ རྟག་དུ་མཆོད་ན་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་ཚེ་རབས་ཀུན་ཏུ་སྤྱན་རས་གཟིགས་ཀྱིས་བཤེས་གཉེན་མཛད་པ་ཡིན་ནོ༔ ལས་ཐམས་ཅད་འགྲུབ་པའི་སྦ་ལྕག་ནི༔ སྦ་སྙུག་ཚིགས་གསུམ་པའི་ནང་དུ་རྩ་སྔགས་མཐར་སརྦ་སིདྡྷི་སྭཱ་ཧཱ༔ཞེས་དང་རིགས་ལྔ་ཡབ་ཡུམ་གྱི་སྔགས་མཐར་ལས་བཞིའི་སྔགས་དང་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཅས་བྲིས་ལ༔ བཟང་པོ་དྲུག་དང་རིན་ཆེན་སྣ་ཚོགས་ཀྱི་བྱེ་མ༔ མཁའ་འགྲོའི་རིགས་ཅན་གྱི་དབུ་སྐྲ༔ སྔགས་པ་ནུས་ལྡན་གྱིས་དབུ་སྐྲ༔ དགེ་སློང་ཁྲིམས་ལྡན་གྱི་དབུ་སྐྲ་བཅས་བཅུག་ལ་མགོ་མཇུག་ཟངས་ཀྱིས་བཏུམ༔ མགོ་རྣ་ལོང་གི་གཡས་སུ་ལྕགས་ཀྱུ་དང་གཡོན་དུ་ཨ་ལོང་ཆུང་ངུ་བཏགས༔ རྣ་ལོང་ནང་དུ་དར་སྣ་ལྔའི་ཐག་པ་རང་གི་གྲུ་གང་བ་བྱས་ལ་རབ་དུ་གནས༔ དེ་སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་ཡིན་པས་མཆོད་པས་སྡིག་པ་དག་ཚོགས་རྫོགས་འབྱོར་བ་ཕུན་སུམ་ཚོགས༔ དགོས་པའི་དུས་སུ་ཀླད་ལ་བསྐོར་བ་འམ་ཕྱོགས་དེར་དམིགས་ཏེ་བཙུགས་པ༔ བྲབས་པ༔ ལག་ཏུ་འཆང་པ་སོགས་བྱས་པས་ཁ་བ་གཅོད༔ སེར་བ་བསྒྱུར༔ རླུང་ངན་བཟློག༔ གཞན་དགྲ་འོང་བ༔ ཆགས་ཆེ་བ༔ འདྲེར་འཕྲད་པ༔ ནད་རིམས་མཆེད་པ་སོགས་ཞི་བ་དང་༔ ལས་མགོ་རྩོམ་པ༔ གཟའ་སྐར་ངན་པར་འཕྲད་པ༔ ནད་ངན་མཆེད་པ་སོགས་སེལ་ལོ༔ སྔགས་ཆུ་བྱིན་གྱིས་རློབས་ཚེ༔ རྩ་སྔགས་མཐར༔ ཏདྱ་ཐཱ༔ ཨ་ལོ་ཀ་ལོ་ཨཱ་ལི་ཀཱ་ལི་མུན་ཙི་ཏི་སྭཱ་ཧཱ༔ ཞེས་ཉི་མར་ཁ་བལྟས་ཏེ་བརྒྱ་རྩ་བརྒྱད་བརྗོད་ནས་འཐོར་འཐུང་བྱས་པས་དགབ་འདྲེ་བར་ཆད་ནད་ཀུན་སེལ་བ་དང་༔ བདག་གཞན་ཐམས་ཅད་སྲུང་བར་འགྱུར་རོ༔ འཕོ་བ་འགྲུབ་པའི་རིལ་བུ་ནི༔ རྒྱ་འགྲོན་སྦྲུམ་མ་བསྲེགས་ཐལ་དང་༔ སྦྲང་རྒོད༔ རྡོ་ཁབ་ལེན༔ རྒྱ་ཚྭ༔ ལྕེ་ཚའི་མེ་ཏོག་སྦྱར་ལ་རྩ་སྔགས་གཤམ༔ ཛྙཱ་ན་ཌཱ་ཀི་ནཱི་བྂ་པྲ་བེ་ཤ་ཡ་ཕཊ༔ ཅེས་འབུམ་ཕྲག་གིས་བྱིན་གྱིས་བརླབས་པ་སྤྱི་བོར་བྱུགས་པས་འབྱོངས་ངོ་༔ ས་མ་ཡ༔

༡༡༽ མན་ངག་བཅུ་གཅིག་པ༔ སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན༔ མགྲིན་པར་པདྨ་དམར་པོར་ཨཱ༔ཡིས་བརྒྱན༔ ཐུགས་གར་རྡོ་རྗེ་རྒྱ་གྲམ་ཧཱུྂ༔སྔོན་གསལ༔ ལྟེ་བར་གོས་དཀར་ཡུམ་སྲོག་ནི༔དམར་སྐྱ༔ གསང་བར་ཆོས་སྐྱོང་ཀུན་འདུས་ཏྲི་དམར་ནག༔ ཧཱུྃ་གི་ཐིག་ལེའི་ནང་དུ་ཟླ་གདན་ལ༔ ཧྲཱིཿཡིག་དམར་པོ་འོད་ཟེར་རབ་ཏུ་འབར༔ དེ་མཐར་རྩ་སྔགས་བྱུ་རུའི་ཕྲེང་བ་ལྟར༔ གཡས་སུ་འཁོར་ལས་འོད་འཕྲོས་དོན་གཉིས༔ སྣོད་བཅུད་མ་ལུས་བདེ་ཆེན་དག་པའི་ཞིང་༔ སྒྲ་གྲགས་ཐམས་ཅད་ཨ་མི་ཏ་བྷའི་དབྱངས༔ ཀུན་རྟོག་དྲི་མེད་བྱང་ཆུབ་སེམས་ཀྱི་ངང་༔ ཞེན་འཛིན་ཡིད་དཔྱོད་བྲལ་བའི་ངང་ནས་བཟླ༔ ཨོཾ་ཨ་མི་ཏ་བྷཱ་ཧྲཱིཿ ཡང་སྐབས་སུ༔ རང་ཉིད་འོད་དཔག་མེད་ཀྱི་སྐུར་གྱུར་པའི་རང་འདྲ་ཡེ་སེམས་ཀྱི་ཐུགས་ཀར་རྡོ་རྗེ་ཧྲཱིཿདང་བཅས་པའི་ཐ་མར༔ ཨཱོཾ་ཨ་མི་ཏ་བྷཱ་ཧྲཱིཿཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་ཅིང་དགྱེས་པ་བསྐངས༔ སྲིད་པ་བདུན་གྱི་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་ཐམས་ཅད་སངས་རྒྱས་འོད་དཔག་མེད་ཀྱི་སྐུར་གྱུར་པར་བསམས་ལ་གོང་གི་སྔགས་དང་མཚན་བརྒྱ་རྩ་བརྒྱད་པ་བཀླགས་པར་བྱའོ༔ སངས་རྒྱས་རབ་བདུན་གྱི་སྔགས་ནི༔ ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ༔ ཨ་ནུ་ག་ཏེ༔ ཨཱོཾ་ཀུ་རུཾ་གི་ནི་སྭཱ་ཧཱ༔ འདི་ནི་དེ་བཞིན་གཤེགས་པ་སྤྱིའི་སྔགས་ཞེས་ཀྱང་བྱ༔ བདེ་གཤེགས་རབ་བདུན་གྱི་སྔགས་ཞེས་ཀྱང་བྱ༔ ལས་སྒྲིབ་རྒྱུན་གཅོད་པའི་སྔགས་ཞེས་ཀྱང་བྱ༔ འཁོར་ཀུན་སྒྲོལ་གྱི་སྔགས་ཞེས་ཀྱང་བྱའོ༔ མི་འཁྲུགས་པའི་སྔགས་ནི༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི༔ རོ་ཙ་ནི་རོ་ཙ་ནི༔ ཏྲོ་ཊ་ནི་ཏྲོ་ཊ་ནི༔ ཏྲཱས་ནི་ཏྲཱ་ས་ནི༔ པྲ་ཏི་ཧ་ན༔ པྲ་ཏི་ཧ་ན༔ སརྦ་ཀརྨ་པ་རཾ་པ་རཱ་ཎི་མེ་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ༔ སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས་ནི༔ ན་མོ་བྷ་ག་བ་ཏེ་ཨ་མི་ཏ་བྷཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མི་ཏེ། ཨ་མི་ཏོདྦྷ་བེ། ས་མི་ཏ་སཾ་བྷ་བེ༔ ཨ་མི་ཏ་བིདྲཱནྟེ། ཨམེ་ཏེ་ག་མི་ནི་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་སྭཱ་ཧཱ༔ སྔགས་འདི་བརྗོད་པས་འོད་དཔག་མེད་པའི་ཕན་ཡོན་ཇི་སྙེད་པ་གཟུང་བར་འགྱུར་རོ༔ སྒྲུབ་པ་པོ་ལ་ནད་བྱུང་བའི་ཚེ༔ ཆུ་གཙང་རྩ་སྔགས་གཤམ༔ བཛྲ་བི་ཤ་ཧཱུྂ༔ཕཊ༔ ཅེས་བརྒྱ་རྩ་བརྗོད་ཅིང་ཆུའི་རྡུལ་ཕྲ་རབ་ཧྲཱིཿཡིག་དུ་གྱུར་བས་ལུས་ཀྱི་ན་ཚ་ཐམས་ཅད་སེལ་བར་བསམ་ལ་ཁོང་དུ་བཏང་བས་ནད་གང་ཡིན་ཡང་ཕན་པ་རྒྱ་ཆེར་འབྱུང་ངོ་༔ བློ་རྣོ་བར་འདོད་པ་ལ༔ ན་མོ་བི་ན་པྲ་ཛྙེ་སྭཱ་ཧཱ༔ ཞེས་བརྒྱ་རྩ་བརྗོད་ལ་ཤུ་དག་དཀར་པོ་དང་ཆུ་གཙང་ལ་བསྔགས་ནས་རྒྱུན་དུ་ཉུང་ངུ་རོལ་བ་དང་ཁྱད་པར་ཚེས་བཅོ་ལྔའི་ཟླ་གཟས་ཟིན་པའི་ཚེ་ནམ་ལང་བར་བཟླས་ཏེ་འཐུང་ན་ཤེས་རབ་མེ་ལྟར་འབར་བར་འགྱུར་རོ༔ རྨི་ལམ་གསལ་བར་འདོད་ན༔ རྩ་སྔགས་མཐར་ཙད་ཏྲ་དེ་བ་སིདྡྷི་ཕུ་ར་མི་ཡ༔ ཞེས་པ་ཚེས་བཅོ་ལྔ་གསུམ་ལ་བསྙེན་གནས་བསྲུངས་ཤིང་སྒོ་གསུམ་གྱི་མཚམས་མ་རལ་བར་བྱས་ཏེ་བཟླས་ལ་བཟང་དྲུག་མཚོན་ཙམ་བཏབ་པའི་ཆུ་གཙང་ལ་བསྔགས༔ ཉལ་བའི་ཚེ་འདོད་པའི་དོན་ལ་གསོལ་བ་བཏབ་ཅིང་ངག་བཅད་བྱས་ཏེ་དོན་གཞན་ཡིད་ལ་མ་བྱས་པར་ཉལ་བས་སེམས་ལ་སྡིག་པ་དག་པའི་མཚན་མ་དང་༔ སངས་རྒྱས་ཀྱི་ཞལ་ལ་བལྟ་བ་སོགས་གང་བསམ་པ་དེ་རྨི་ལམ་དུ་མཐོང་བར་འགྱུར་རོ༔ ས་མ་ཡ༔

༡༢༽ མན་ངག་བཅུ་གཉིས་པ༔ ཡབ་ཡུམ་གཉིས་མེད་ཐུགས་ཀར་པད་ཟླའི་སྟེང་༔ ཡེ་ཤེས་འོད་ལྔའི་ཐིག་ལེ་འཁྱིལ་བའི་དབུས༔ འབྲུ་དགུ་རྡོ་རྗེའི་སྙིང་པོ་བརྩེགས་མར་གསལ༔ དེ་ལས་འོད་འཕྲོས་སྣང་སྲིད་ཆོས་སྐུའི་ཞིང་༔ ཀུན་བཟང་དགོངས་པ་རང་གྲོལ་ཏིང་འཛིན་ངང་༔ ཡེ་གྲོལ་གདོད་ནས་དག་པའི་གཤིས་སུ་བལྟ༔ ཨཱོཾ་ཨཱཿཧཱུྃ། འ་ཨ་ཤ་ས་མ་ཧ༔ ཆོས་ཉིད་དོན་ལ་མཉམ་པར་བཞག་ནས་བཟླ༔ སྐབས་སུ༔ ཐུགས་གར་ཡེ་ཤེས་ཐིག་ལེ་ལྔ་ལྡན་གྱི༔ སྙིང་པོ་མཐིང་གསལ་དབུས་སུ་ཨ་དཀར་པོ༔ དེ་མཐར་ཀློང་གྲོལ་རྡོ་རྗེའི་ཡི་གེ་དྲུག༔ འོད་ལྔའི་ཟེར་ཐག་འོག་མིན་ཞིང་ཀུན་ཁྱབ༔ རྒྱལ་བ་རབ་འབྱམས་མཁྱེན་བརྩེ་ནུས་སྟོབས་བསྡུས༔ སླར་ཡང་འོད་འཕྲོས་རིགས་དྲུག་གནས་ཀུན་ཁྱབ༔ སྐྱེ་འགྲོའི་ལས་ཉོན་བག་ཆགས་འཁྲུལ་བ་སྦྱང་༔ ངེས་པའི་དོན་མཐོང་འཁོར་བ་དོང་ནས་སྤྲུགས༔ འཿཨཿཤཿསཿམཿཧཿ ཞེས་བཟླ༔ སྲོག་གི་སྙིང་པོ་ལ་རིག་པ་གཏད་ཅིང་སྣང་བ་རྣམ་རྟོག་ཐམས་ཅད་དེར་ཐིམ་ཐིམ་བར་མཉམ་པར་བཞག༔ སླར་ཡང་འཕྲོ་འདུ་སྔར་བཞིན་བྱས་ཏེ་སེམས་ཅན་ཐམས་ཅད་ཀུན་བཟང་དུ་གྱུར་བ་རྣམས་ཀྱིས་ཀྱང་སྔགས་ཀྱི་རང་སྒྲ་དི་རི་རི་སྒྲོགས་པར་བསམ་ཞིང་རིགས་དྲུག་ཀློང་གྲོལ་ཡི་གེ་དྲུག་པ་འབད་པས་བཟླ་བར་བྱའོ༔ དབྱངས་སུ་གྱེར་དང་དྲག་ཏུ་བཟླ་བ་དང་༔ ཤུབ་བུར་འདྲེན་ཅིང་རླུང་དང་བསྦྲགས་པ༔ མཉམ་པར་བཞག་ནས་དོན་ལ་ལྟ་བ་སོགས་སྐབས་དང་བསྟུན་ནས་བཟླའོ༔ ས་མ་ཡ༔

༡༣༽ མན་ངག་བཅུ་གསུམ་པ༔ བླ་མ་ཡབ་ཡུམ་སྤྱི་བོའི་དབུ་མ་ནས༔ མར་བྱོན་སྙིང་དབུས་པདྨའི་ལྟེ་བ་རུ༔ ཉི་ཟླའི་སྟེང་དུ་བག་དྲོ་ལྷམ་མེར་བཞུགས༔ རང་མདངས་འོད་འབར་མཚོན་གང་གཟི་བྱིན་འབར༔ དེའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང་༔ རྡོ་རྗེ་རྩེ་ལྔ་ནས་འབྲུ་ཙམ་གྱི་ལྟེར༔ འོད་ལྔའི་ཐིག་ལེའི་དབུས་སུ་ཡི་གེ་ཨཱཿ མཐའ་བསྐོར་འོད་ལྔ་ལུ་གུ་རྒྱུད་འཁྱུགས༔ ཡེ་ཤེས་ཐིག་ལེ་རེ་རེའི་སྙིང་པོ་རུ༔ བླ་མའི་སྲོགས་སྔགས་གཟི་བྱིན་ལམ་མེར་གསལ༔ མ་ཡེངས་རང་ཤར་རིག་པའི་ངོ་བོར་བལྟ༔ ཨཱོཾ་ཨཱཿཧཱུྃ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་སིདྡྷི་ཕ་ལ་ཧཱུྃ༔ ཞེས་པའི་ཡིག་འབྲུ་རེ་རེ་གནས་པ་ལུ་གུ་རྒྱུད་དུ་འཁོར་བའི་འཕྲོ་འདུ་སྔར་བཞིན་གྱི་དམིགས་པ་དང་བཅས་དེ་ལ་རིག་པ་རྩེ་གཅིག་ཏུ་གཞིར་ནས་སྔགས་ཅི་འགྲུབ་ཡིད་བཟླས་བྱ༔ སྐབས་སུ་སྲས་བཅས་རྒྱལ་བའི་ཡེ་ཤེས་བྱིན༔ འཇའ་ལྟར་ཤར་ཞིང་སྤྲིན་ལྟར་གཡོ་བ་དང་༔ ཆར་ལྟར་བབ་པས་སྒོ་གསུམ་བྱིན་བརླབས་ཏེ༔ ཉམས་དགའ་བག་དྲོ་རིག་རྩལ་ཤེས་རབ་རྒྱས༔ ཡེ་ཤེས་རང་གསལ་རླུང་གི་དོན་ལ་བལྟ༔ རླུང་བུམ་ཅན་བཟུང་ཞིང་སྔགས་བསྙེན༔ སྐབས་སུ་གནས་གསུམ་རྡོ་རྗེའི་འབྲུ་གསུམ་གསལ༔ ཧཱུྂ་གི་ཀླད་གོར་དབུས་སུ་འོད་ལྔའི་སྦུབས༔ རང་འདྲའི་བླ་མ་སྣང་སྟོང་འོད་ཀྱི་སྐུ༔ ཐུགས་གར་ཡེ་ཤེས་ལྔ་ཡི་འོད་ཀློང་དུ༔ གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བ་ལ༔ ཆོས་སྐུ་འགྱུར་མེད་རང་མདངས་འོད་མཐིང་དལ༔ སྲོག་གི་དྭངས་མ་ཨཱ༔དཀར་འོད་ཟེར་འཕྲོ༔ མཐའ་མར་སྔགས་ཕྲེང་དཀར་པོ་གཡས་སུ་འཁོར༔ འོད་འཕྲོས་འཁོར་འདས་བདེ་ཆེན་པདྨ་བཀོད༔ འགྲོ་ཀུན་བདེ་ཆེན་ཡུམ་གྱི་ངོ་བོར་གྱུར༔ སྙན་འཇེབས་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག༔ ཨོཾ་ཨཱ༔ཧཱུྂ༔གུ་རུ་དྷཱ་ཀི་ནཱི་ཛྙཱ་ན་སརྦ་སིདྡྷི་ཕ་ལ་ཧཱུྂ༔ ཅི་ནུས་བཟླ༔ ཡང་སྐབས་སུ༔ བཟླས་པས་ལྷ་ཚོགས་ཆར་བཞིན་བབ་པ་ཡི༔ ཡབ་རྣམས་རང་དང་ཡུམ་རྣམས་ཡུམ་ལ་ཐིམ༔ ཐམས་ཅད་དབྱེར་མེད་ཡེ་ཤེས་ཉག་གཅིག་ཏུ༔ ཐག་ཆོད་ངེས་པའི་ངང་ནས་ཐུགས་རྒྱུད་བསྐུལ༔ ཚིག་བདུན་གསོལ་འདེབས་ཀྱིས་བྱིན་འབེབས་པར་བྱ༔ ཧཱུཾ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུཾ༔ ཞེས་དད་གདུང་དྲག་པོས་བླ་མའི་མོས་གུས་གནད་དུ་བསྣུན་ནོ༔ དྲན་པ་ཙམ་གྱིས་ཀྱང་འགལ་རྐྱེན་སྡུག་བསྔལ་ཐམས་ཅད་འཇོམས་ཤིང་ དགའ་བདེ་གནམ་ས་འཐབས་པ་ལྟ་བུའི་བྱིན་རླབས་དང་དངོས་གྲུབ་ཆར་བཞིན་འབེབ་པར་བྱེད་པའི་རྡོ་རྗེའི་ལྗགས་ཀྱིས་བསྔགས་པའི་གསོལ་འདེབས་ལ་འབད༔ རྩ་བ་དག་བརྒྱུད་པའི་བླ་མའི་མཚན་ཡང་གདུང་བ་དྲག་པོས་འབོད་པར་བྱ༔ སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ་གྱི་སྔགས༔ ཨོཾ་ཨཱ༔ཧཱུྂ༔བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔སིདྡྷི་ཕ་ལ་ཧཱུྂ༔ཨཱཿ ཞེས་བདུན་ནམ་ཉེར་གཅིག་སོགས་དབྱངས་དང་གར་འཆམས་སྟངས་སྟབས་བཅས་པས་བཟླ༔ བསྙེན་སྒྲུབ་སྐབས་སུ་དབྱངས་བཅས་ལན་གསུམ་སོགས་ཅི་ནུས་བྱའོ༔ བླ་མའི་ཡོན་ཏན་དྲན༔ རྒྱུད་གྱི་དམ་ཚིག་གཙང་༔ ཕྱི་ཡི་རྫས་ཚོགས༔ ནང་གི་དད་མོས་འཕེལ་བའི་དུས་ཐུགས་དམ་བསྐུལ་ཞིང་བྱིན་གྱི་རློབ་པའི་དུས་ཡིན་པས༔ རྒྱལ་བ་རྣམས་ལ་སློབ་པ་ལམ་གྱི་དམ་བཅའ་དུས་སུ་སྨིན་པར་གསོལ་བ་བཏབ༔ སྒྲུབ་པའི་གནས་ཁང་༔ དམ་རྫས༔ སྟོན་འཁོར༔ རྡོ་རྗེའི་ལུས་དང་ཤེས་རྒྱུད་བྱིན་གྱིས་བརླབས་པར་གསོལ་བ་ཤུགས་དྲག་ཏུ་བཏབ་པས༔ འགལ་རྐྱེན་བསལ༔ བྱིན་གྱིས་རླབས༔ དབང་བཞི་སྐུར༔ ཤེས་རྒྱུད་སྨིན༔ དངོས་གྲུབ་ཐོབ་པར་འགྱུར་ཏེ༔ ཐུན་མོང་གི་དངོས་གྲུབ་བརྒྱད༔ མཆོག་གི་དངོས་གྲུབ་རིག་འཛིན་རྣམ་པ་བཞི༔ མཐར་ཐུག་གི་དངོས་གྲུབ་སྐུ་དང་ཡེ་ཤེས་རྒྱ་མཚོ་ལྷུན་གྱི་གྲུབ་པའི་དངོས་གྲུབ་ཐམས་ཅད་བླ་མ་ལ་བརྟེན་ནས་འགྲུབ་པ་ཡིན་ནོ༔ ལས་བཞི་གང་སྒྲུབ་ཀྱང་བླ་མའི་སྐུ་ལས་རང་མདོག་ཀྱི་འོད་ཟེར་འཕྲོས་པས་མ་ལུས་པ་འགྲུབ༔ འདོད་དོན་གང་བཅོལ་ཡང་བླ་མའི་ཕྱག་གི་ནོར་བུའི་འོད་ཀྱིས་སྒྲུབ༔ འདོད་ཆགས་ཞི་བ་ལ༔ སྙིང་དབུས་སུ་བྂ༔ཡིག་མཐིང་ཀ་ལས་བདུད་རྩི་དཀར་དམར་གྱི་རྒྱུན་གྲང་ངར་དང་ལྡན་པ་བབ་པས་ལུས་ཐམས་ཅད་བདེ་བས་ཁྱབ་པར་བསམ་ལ་སྙིང་པོ་བཟླས་པས་སེལ༔ ཞེ་སྡང་སོགས་ཉོན་མོངས་གང་ཞི་བར་བྱེད་པ་དེའི་ངོ་བོ་སྟོང་པ་བླ་མའི་ཐུགས་ཆོས་སྐུ་དང་བསྲེ༔ རང་བཞིན་གསལ་བ་བླ་མའི་གསུང་ལོངས་སྐུ་ལ་སྦྱོར༔ ཀུན་ཏུ་ཁྱབ་པ་བླ་མའི་སྐུ་སྤྲུལ་སྐུའི་རོལ་བར་ཤེས་པའི་ངང་༔ སྔོན་བསུ་རྗེས་དཔྱོད་མེད་པར་༔ མི་སྤྲོ༔ མི་བསྡུ༔ རང་སར་ཀློད་ལ་སྙིང་པོ་བཟླས་པས་སེལ༔ བྱིང་རྨུག་ཆེ་བའི་དུས༔ རང་སེམས་དང་བླ་མ་དབྱེར་མེད་དུ་བསྲེས་ལ་ནམ་མཁའ་སྔོ་ཐིང་བའི་དབུས་སུ་འཕུར་ནས་འགྲོ་བར་བསྒོམ་ལ་བཟླ༔ རྒོད་པའི་དུས༔ བླ་མ་དང་རང་སེམས་དབྱེར་མེད་དུ་བསྲེས་པ་ཐིག་ལེ་མཐིང་ནག་གི་རྣམ་པར་བསྡུས་པ་གསང་བའི་གནས་སུ་བསྒོམ་ནས་རིམ་བཞིན་ཇེ་ཆུང་སོང་ཞིང་མཐར་དམིགས་པ་མེད་པའི་ངང་དུ་འཇོག༔ ས་མ་ཡ༔ ཨྠྀིཿ རྒྱ་རྒྱ་རྒྱ༔ ཛཔྲ་དམིགས་རྫོགས་སོ༔ ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔ མངྒ་ལཾ༔


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་གསང་བ་སྔགས་ཀྱི་ཛཔྲ་དམིགས་ཚོགས་དྲུག་རང་གྲོལ།next