Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཀྲ་ཤིས་འདོད་དོན་ལྷུན་གྲུབ་རྡོ་རྗེའི་རོལ་དབྱངས།
   
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཀྲ་ཤིས་འདོད་དོན་ལྷུན་གྲུབ་རྡོ་རྗེའི་རོལ་དབྱངས།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཀྲ་ཤིས་འདོད་དོན་ལྷུན་གྲུབ་རྡོ་རྗེའི་རོལ་དབྱངས།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔བཀྲ་ཤིས་འདོད་དོན་ལྷུན་གྲུབ་རྡོ་རྗེའི་རོལ་དབྱངས་བཞུགས་སོ༔

ༀ་སྭ་སྟི་སིདྡྷི་བི་ཛ་ཡནྟུ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱིས༔ གང་སྨོན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ཀྱིས༔ ཆོས་དང་རིགས་བརྒྱུད་དར་བའི་བཀྲ་ཤིས་ཤོག༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ གུ་རུ་བློ་ལྡན་མཆོག་སྲེད་ལྷ་ཚོགས་ཀྱིས༔ ཤེས་རབ་རྣམ་གསུམ་འཕེལ་བའི་བཀྲ་ཤིས་ཤོག༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ གུ་རུ་ཉི་མ་འོད་ཟེར་ལྷ་ཚོགས་ཀྱིས༔ འཆད་རྩོད་སྤོབས་པ་རྒྱས་པའི་བཀྲ་ཤིས་ཤོག༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ གུ་རུ་ཤཱཀྱ་སེངྒེའི་ལྷ་ཚོགས་ཀྱིས༔ བཤད་སྒྲུབ་འཕྲིན་ལས་རྒྱས་པའི་བཀྲ་ཤིས་ཤོག༔ ནག་ཕྱོགས་འཇིགས་པའི་དམག་གིས་གཉེན་པོ་ཆེ༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ཀྱིས༔ དམག་དཔུང་མ་ལུས་ཧུར་ཐུམ་བཟློག་དང་༔ བསྟན་དང་དེ་འཛིན་སྲུང་བའི་བཀྲ་ཤིས་ཤོག༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ གུ་རུ་སྨན་གྱི་བླ་མའི་ལྷ་ཚོགས་ཀྱིས༔ ནད་གདོན་བར་ཆད་སེལ་བའི་བཀྲ་ཤིས་ཤོག༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་པ་ན༔ གུ་རུ་དྲྭ་བ་སྡོམ་པའི་ལྷ་ཚོགས་ཀྱིས༔ བསོད་ནམས་ལོངས་སྤྱོད་རྒྱས་པའི་བཀྲ་ཤིས་ཤོག༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་བསྐྱེད༔ གུ་རུ་དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱིས༔ འདོད་དགུའི་གཏེར་ཆེན་འབྱེད་པའི་བཀྲ་ཤིས་ཤོག༔ སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ གུ་རུ་ཟིལ་གནོན་དྲག་རྩལ་ལྷ་ཚོགས་ཀྱིས༔ སྡེ་བརྒྱད་དབང་དུ་བྱེད་པའི་བཀྲ་ཤིས་ཤོག༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ གུ་རུ་སེངྒེ་སྒྲ་སྒྲོགས་ལྷ་ཚོགས་ཀྱིས༔ སྣང་སྲིད་དབང་དུ་བསྒྱུར་བའི་བཀྲ་ཤིས་ཤོག༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ གུ་རུ་པདྨ་བཛྲ་ལྷ་ཚོགས་ཀྱིས༔ འབྱུང་བཞིའི་དྭངས་བཅུད་འཕེལ་བའི་བཀྲ་ཤིས་ཤོག༔ ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ གུ་རུ་རྟ་མཆོག་རོལ་བའི་ལྷ་ཚོགས་ཀྱིས༔ སྟོབས་ལྡན་འཇིགས་པ་བྲལ་བའི་བཀྲ་ཤིས་ཤོག༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ གུ་རུ་རྡོ་རྗེ་གྲོ་ལོད་ལྷ་ཚོགས་ཀྱིས༔ གཡུལ་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ གུ་རུ་སྤྱན་རས་གཟིགས་དབང་ལྷ་ཚོགས་ཀྱིས༔ དུས་མཐའི་མཚམས་སྦྱོར་ལེགས་པའི་བཀྲ་ཤིས་ཤོག༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན༔ གུ་རུ་སྣང་བ་མཐའ་ཡས་ལྷ་ཚོགས་ཀྱིས༔ སྲིད་ལས་རྣམ་པར་གྲོལ་བའི་བཀྲ་ཤིས་ཤོག༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ གུ་རུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀྱིས༔ ཚོགས་དྲུག་རང་གྲོལ་མཆོག་གི་བཀྲ་ཤིས་ཤོག༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བདག་སོགས་འགྲོ་བ་སྡུག་བསྔལ་ཚེ༔ གུ་རུ་བདེ་བ་ཆེན་པོའི་ལྷ་ཚོགས་ཀྱིས༔ དགོངས་བརྒྱུད་བྱིན་རླབས་འཕོ་བའི་བཀྲ་ཤིས་ཤོག༔

ས་མ་ཡ༔ དེ་ལྟར་བཀྲ་ཤིས་བརྗོད་པ་ཡིས༔ རིགས་གཟུགས་ལོངས་སྤྱོད་མངའ་ཐང་དང་༔ སྙན་གྲགས་འཁོར་དང་ཆོས་བརྒྱུད་ཀུན༔ ཉི་ལྟར་གསལ་ཞིང་མཚོ་ལྟར་རྒྱས༔ བཀྲ་ཤིས་ཀུན་གྱི་དང་པོ་ལ༔ ཀུན་རུ་པདྨའི་བཀྲ་ཤིས་བཟང་༔ བར་ཆད་སྤྲིན་པ་བཞིན་དུ་དེང་༔ མཐུན་རྐྱེན་རྩི་ཤིང་བཞིན་དུ་རྒྱས༔ མི་ཡི་ཆོས་ལ་དོན་འགྲུབ་ཅིང་༔ ལྷ་ཡི་ཆོས་ལ་བཀྲ་ཤིས་པ༔ བྱ་བ་ཀུན་ལ་ཁ་ལས་དགེ༔ བསམ་ལ་ལྷུན་གྲུབ་ཨེ་མ་ཧོ༔ ཨྠྀི༔ ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་བཀྲ་ཤིས་འདོད་དོན་ལྷུན་གྲུབ་རྡོ་རྗེའི་རོལ་དབྱངས།next