Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ཨ་བྷི་ཙརྱཱའི་འཕྲིན་ལས་བདུད་དཔུང་བྱེ་མར་བརླག་བྱེད་འཇིགས་མེད་རྡོ་རྗེའི་འཁྲུལ་འཁོར།
   
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ཨ་བྷི་ཙརྱཱའི་འཕྲིན་ལས་བདུད་དཔུང་བྱེ་མར་བརླག་བྱེད་འཇིགས་མེད་རྡོ་རྗེའི་འཁྲུལ་འཁོར།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ཨ་བྷི་ཙརྱཱའི་འཕྲིན་ལས་བདུད་དཔུང་བྱེ་མར་བརླག་བྱེད་འཇིགས་མེད་རྡོ་རྗེའི་འཁྲུལ་འཁོར།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔ ཨ་བྷི་ཙརྱཱའི་འཕྲིན་ལས་བདུད་དཔུང་བྱེ་མར་བརླག་བྱེད་འཇིགས་མེད་རྡོ་རྗེའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས་སོ༔

སྨད་ལས་སོ༔ ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ༔ དབང་ཐོབ་དམ་ཚིག་ལྡན་པ་ཡི༔ ལྟ་བ་ཆོས་ཉིད་སྤྲོས་བྲལ་དབྱིངས༔ གཉིས་འཛིན་བྲལ་བར་ཐག་ཆོད་པས༔ དགྲ་དང་བགེགས་ཀྱི་བདེན་འཛིན་ཞིག༔ ཆོས་རྣམས་སྒྱུ་མའི་ཡོ་ལངས་ལ༔ རྒྱུ་འབྲས་རྟེན་འབྲེལ་ཀུན་རྫོབ་གྲུབ༔ སྙིང་རྗེས་སྒྲོལ་བའི་དམ་ཚིག་གིས༔ མངོན་སྤྱོད་དྲག་པོའི་ལས་བརྩམས་བྱ༔

དཀྱིལ་འཁོར་ཆེན་པོའི་ལྷོ་ནུབ་ཏུ༔ དྲག་པོའི་དཀྱིལ་འཁོར་གྲུ་གསུམ་སྟེང་༔ དམར་གྱི་གཏོར་མ་བརྒྱན་ལྡན་དང་༔ མངོན་སྤྱོད་ཆས་རྣམས་བརྗིད་པར་བཤམ༔ དམིགས་བྱའི་དྲི་མས་སྦགས་པའི་གཟུགས༔ མིང་རུས་གནད་དབབ་རྟགས་ཀྱིས་བརྒྱན༔ བྲུབ་ཁུང་མེ་རི་འབར་ལ༔ དྲག་པོ་རྩང་དམར་ཁྲམ་གྱིས་བསྐོར༔ ཐུན་དང་མཚོན་ཆ་དག་གིས་དཀྱིལ༔ དམིགས་བྱའི་རོ་གཟུགས་གན་རྐྱལ་བཞག༔ སྙིང་གར་དགྲ་སྲོག་གཅོད་པ་ཡི༔ སྤུ་གྲིའི་འཁོར་ལོ་རྩིབས་དྲུག་པ༔ དུག་ཁྲག་སྦགས་པས་མནན་པ་ཡིས༔ ཐར་མེད་གཤིན་རྗེས་ཁྲམ་ཏུ་བཏབ༔

༈ གཏོར་སྒྲུབ་དམིགས་པ་ནི༔ རང་གཞུང་འཕྲིན་ལས་ཀྱི་བསྙེན་པ་གྲུབ་པ་དང་༔ བདག་ཉིད་ཧེ་རུ་འཁོར་དང་བཅས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་དྲུག་པ་ལྟེ་བར་རྡོ་རྗེས་མཚན་ཅིང་མེ་འབར་བར་བསམ་ལ༔ ལྷ་སོ་སོའི་རྩ་སྔགས་མཐར༔ མ་ཧཱ་ཤཱ་རི་རཾ་སརྦ་དུཥྚཱན་པྲ་ཏྱཾ་གི་ར་བྷྱོ་བྷྱོ་ཟློག་ཟློག་བྷྱོ་ཟློག་ཅིག༔ ཅེས་མང་དུ་བཟླ༔ ཕུར་བའི་ལྷ་ཚོགས་ལ་ཆེད་དུ་གཏོར་འབུལ་བྱས་ཤིང་འཕྲིན་ལས་བཅོལ༔ གཙོ་བོའི་འཁོར་ལོ་ལས་བྱུང་བའི་འོད་ཟེར་འཁོར་རྣམས་ཀྱི་ཐུགས་ཀར་ཐིམ་པས་རྒྱུད་བསྐུལ་ནས་སླར་འདུས་རྡོ་རྗེ་གསུམ་གྱི་སྲོག་ཐོབ་པར་བསམ་པ་ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐུལ་བའི་འཁོར་ལོ་དང་༔ འཁོར་ལོ་དེ་དམ་ཅན་རྣམས་ཀྱི་སྙིང་ནང་དུ་ཐོག་ལྟར་བབས་ནས་འཁོར་བ་ལ་དམིགས་ཏེ་བཟླས་པས༔ ཕོ་ཉ་ཐམས་ཅད་དགྲ་བོའི་སྟེང་དུ་རུབ་ནས་ལས་བྱེད་པར་བསམ་པ་ནི་དམ་ཅན་གནད་འབེབ་ཀྱི་འཁོར་ལོ་སྟེ༔ གནད་གསུམ་པོ་འདི་ནི་ལས་སྦྱོར་གྱི་སྔགས་དྲུག་ལ་སོགས་པའི་སྐབས་ཐམས་ཅད་དུ་ཤེས་པར་བྱ་བ་ཡིན་ནོ༔ མཆོད་བསྟོད་ཚོགས་ལྷག་བར་བཏང་ཞིང་བསོད་ནམས་ཀྱིས་དཔུང་བསྐྱེད༔ དངོས་གཞི་མངོན་སྤྱོད་ཀྱི་རིམ་པ་ལ༔

༈ ཐུགས་དམ་བསྐུལ་བ་ནི༔ གཏོར་མ་ལ་རཀྟ་བྲན༔ གོས་ནག་གྱོན༔ དར་ནག་ཕྱར༔ ཕུར་ནག་བརྡབ༔ རལ་བ་བསིག༔ བཤུག་པས་འབོད༔ རྔ་རོལ་འཇིགས་ཟིལ་ཆགས་པ་དཀྲོལ༔ གདུང་པའི་དབྱངས་བཅས་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་བྷྱོཿ དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་༔ འགྲོ་ཀུན་བདེ་བར་སྦྱོར་བའི་ཁུར་ཁྱེར་བའི༔ རིག་འཛིན་སྔགས་ཀྱི་བརྟུལ་ཞུགས་སྤྱད་པ་ལ༔ འཁུ་བར་བྱེད་ལ་ཡེ་ཤེས་སྤྱན་ཀྱིས་གཟིགས༔ སྐྱེ་མེད་དབྱིངས་ལས་འགགས་མེད་ཡེ་ཤེས་རྩལ༔ ཐོགས་མེད་ཐུགས་རྗེས་དྲག་པོའི་སྐུར་བཞེངས་ལ༔ མགོན་མེད་བདག་སོགས་སྐྱོབས་ཕྱིར་དབྱིངས་ནས་བསྐུལ༔ དབྱེར་མེད་མཐུ་སྟོབས་ནུས་པའི་བྱིན་ཆེན་ཕོབས༔ འབྲུ་གསུམ་རྡོ་རྗེའི་རྒྱས་བཏབ་དམ་ཉམས་རོ༔ སྲོག་དབུགས་དྲོད་རླངས་མ་ཡལ་དབང་པོ་ཚང་༔ ཕྱི་ནང་གསང་བའི་མཆོད་པ་འདོད་དགུར་འཇོ༔ རྩ་གསུམ་དམ་ཉམས་དགྱེས་པའི་རྫས་སུ་འབུལ༔ ཀུན་ཏུ་བཟང་པོ་སྒྱུ་འཕྲུལ་དྲ་བའི་གར༔ གཅིག་ཏུ་འདུས་པ་བླ་མ་རིན་པོ་ཆེ༔ མངོན་སྤྱོད་མཐུ་ཡི་བཀའ་བབ་བླ་རབས་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་དབྱིངས་ནས་བཞེངས༔ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ བསྟན་འགྲོར་མཐའ་དམག་སྡང་པ་ཐུགས་ཀྱིས་དགོངས༔ ཞེ་སྡང་གཡུལ་ངོ་གཞོམ་པའི་མཐུ་དཔུང་བསྐྱེད༔ གུ་རུ་ནད་སེལ་སྨན་བླའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ དུག་གསུམ་ནད་ཀྱིས་གཟིར་བ་ཐུགས་ཀྱིས་དགོངས༔ བདག་འཛིན་གདོན་ཆེན་གཞོམ་པའི་མཐུ་དཔུང་བསྐྱེད༔ གུ་རུ་སྨུག་འཛིན་ནོར་བདག་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ དབུལ་ཕོང་མུ་གེས་སྡང་བ་ཐུགས་ཀྱིས་དགོངས༔ སེར་སྣའི་དགྲ་སྡེ་གཞོམ་པའི་མཐུ་དཔུང་བསྐྱེད༔ གུ་རུ་ཡི་དམ་བཀའ་བརྒྱད་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཟབ་གཏེར་འགལ་རྐྱེན་སྡང་བ་ཐུགས་ཀྱིས་དགོངས༔ གསང་ཆེན་བསྟན་དགྲ་སྒྲོལ་བའི་མཐུ་དཔུང་བསྐྱེད༔ གུ་རུ་ཟིལ་གནོན་དྲག་རྩལ་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ གསར་སྐྱེས་འབྱུང་པོ་དར་བ་ཐུགས་ཀྱིས་དགོངས༔ སྡེ་བརྒྱད་འཁྲུལ་སྣང་གཞིག་པའི་མཐུ་དཔུང་བསྐྱེད༔ གུ་རུ་སེངྒེ་སྒྲ་སྒྲོག་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ འབྲོག་ཆེན་བར་དོར་འཁྱམས་པ་ཐུགས་ཀྱིས་དགོངས༔ དུད་འགྲོའི་དུག་རླངས་གཞིལ་བའི་མཐུ་དཔུང་བསྐྱེད༔ གུ་རུ་པདྨ་བཛྲ་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ འབྱུང་བ་གཡོ་འཁྲུགས་འགྱུར་བ་ཐུགས་ཀྱིས་དགོངས༔ ས་བདག་ཀླུ་གཉན་འདུལ་བའི་མཐུ་དཔུང་བསྐྱེད༔ གུ་རུ་རྟ་མགྲིན་ནག་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཐེ་ཚོམ་རྣམ་རྟོག་འཇིགས་སྐྲག་ཐུགས་ཀྱིས་དགོངས༔ ཆོམ་རྐུན་ཇག་ཚོགས་སྒྲོལ་བའི་མཐུ་དཔུང་བསྐྱེད༔ རྡོ་རྗེ་གྲོ་ལོད་ཁྲོ་བཅུའི་ལྷ་ཚོགས་ཀྱིས༔ དུག་ལྔ་ཁོངས་ནས་འཁྲུགས་པ་ཐུགས་ཀྱིས་དགོངས༔ གཤེད་མའི་མཚོན་ཆ་གཞོམ་པའི་མཐུ་དཔུང་བསྐྱེད༔ གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ ཚེ་ཟད་འཆི་བར་གཏུག་པ་ཐུགས་ཀྱིས་དགོངས༔ སྲོག་གཅོད་གཤེད་མ་བརླག་པའི་མཐུ་དཔུང་བསྐྱེད༔ གུ་རུ་འོད་དཔག་མེད་པའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ སྒྱུ་ལུས་གཡར་པོ་འཇིག་པ་ཐུགས་ཀྱིས་དགོངས༔ འཁྲུལ་སྣང་ཉིང་འཁྲུལ་གཞོམ་པའི་མཐུ་དཔུང་བསྐྱེད༔ ཆོས་སྐུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ འཁྲུལ་སྣང་དངོས་པོར་ཞེན་པར་ཐུགས་ཀྱིས་དགོངས༔ སྔོན་ལས་འཕྲལ་རྐྱེན་ཞི་བའི་མཐུ་དཔུང་བསྐྱེད༔ གུ་རུ་བདེ་བ་ཆེན་པོའི་ལྷ་ཚོགས་ཀྱིས༔ གཟུང་འཛིན་དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས༔ སྙེམས་འཕྲིག་དམ་སེལ་བྱུང་བ་ཐུགས་ཀྱིས་དགོངས༔ དམ་སྲི་རྩད་ནས་གཅོད་པའི་མཐུ་དཔུང་བསྐྱེད༔ དོ་བདོ་ཕོད་དུ་བཙུག་པའི་དགྲ་བོ་དང་༔ ངན་སྔགས་མཐུ་གཏད་བྱེད་པའི་བྱད་མ་ལ༔ རྩ་གསུམ་དམ་ཅན་སྲུང་མའི་མཐུ་ནུས་སྟོན༔ བྱད་མ་ལྷ་སྲུང་བདུན་བརྒྱུད་རྩད་ནས་ཆོད༔ ཛ་ཛ་ཛ་ཨ་མུ་ཀ་མ་ར་ཡ་རྦད་རྦད༔ ཅེས་སྙིང་ནས་བསྐུལ་ཞིང་༔ ༈ གསེར་སྐྱེམས་ནི༔ ༀ་ཨཱཿཧཱུྃ༔ བདེ་ཆེན་དྲོད་འཁྱིལ་བྱིན་རླབས་སྤྲིན་འཁྲིགས་ཀློང་༔ ཨོ་རྒྱན་ཐུགས་རྗེ་འགྱུར་མེད་དཀྱིལ་འཁོར་གཙོ༔ བདེ་བ་ཆེན་པོ་བརྒྱུད་གསུམ་བླ་མའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ ཡེ་ཤེས་ལྔ་ལྡན་འོད་གསལ་ཐིག་ལེའི་ཀློང་༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་དཀྱིལ་འཁོར་གཙོ༔ ཀུན་བཟང་ཡབ་ཡུམ་རིགས་ལྔ་ཞི་ཁྲོའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ བཀོད་པ་རབ་རྫོགས་བདེ་ཆེན་དག་པའི་ཀློང་༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་དཀྱིལ་འཁོར་གཙོ༔ སྣང་མཐའ་རབ་བདུན་ཕྱོགས་བཅུའི་སངས་རྒྱས་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ ཐུགས་རྗེའི་ཡེ་ཤེས་ཀུན་ཏུ་ཁྱབ་པའི་ཀློང་༔ ཨོ་རྒྱན་སྣང་མཐའི་སྤྲུལ་བའི་དཀྱིལ་འཁོར་གཙོ༔ སྤྱན་རས་གཟིགས་དབང་སྲས་བརྒྱད་བྱང་སེམས་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ བདུད་སྲིན་གཅལ་བཀྲམ་དབང་དྲག་འབར་བའི་ཀློང་༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་དཀྱིལ་འཁོར་གཙོ༔ པདྨ་དྲག་པོ་དྲེགས་པ་སྡེ་བརྒྱད་ཚོགས། གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ ལྟ་ན་སྡུག་པ་འཆི་མེད་བདུད་རྩིའི་ཀློང་༔ ཨོ་རྒྱན་སྨན་གྱི་བླ་མའི་དཀྱིལ་འཁོར་གཙོ༔ སྨན་བླ་མཆེད་བརྒྱད་སངས་རྒྱས་གྲུབ་རིག་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ དཔལ་འབྱོར་ཕུན་ཚོགས་རིན་ཆེན་གཏེར་གྱི་ཀློང་༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་དཀྱིལ་འཁོར་གཙོ༔ རྨུགས་འཛིན་དམར་པོ་འཇིག་འདས་ནོར་ལྷའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ བདུད་བཞི་གདན་བཏིང་བསྐལ་མེ་འབར་བའི་ཀློང་༔ ཨོ་རྒྱན་ཡི་དམ་ལྷ་ཡི་དཀྱིལ་འཁོར་གཙོ༔ རྡོ་རྗེ་གཞོན་ནུ་དཔལ་དགུ་སྤྲུལ་བའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ སྣང་སྲིད་དབང་སྡུད་གཟི་བརྗིད་འབར་བའི་ཀློང་༔ ཨོ་རྒྱན་གཞི་བདག་གཉན་པོའི་དཀྱིལ་འཁོར་གཙོ༔ ཟིལ་གནོན་དྲག་རྩལ་སྡེ་དཔོན་སུམ་ཅུའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ མུ་སྟེགས་ཚར་གཅོད་མཐུ་སྟོབས་དཔལ་འབར་ཀློང་༔ ཨོ་རྒྱན་དཔའ་བོ་གིང་གི་དཀྱིལ་འཁོར་གཙོ༔ སེངྒེ་སྒྲ་སྒྲོགས་དཔའ་བོ་འབུམ་སྡེའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ བདེ་ཆེན་རབ་འབར་བདུད་རྩིའི་སྤྲིན་ཆེན་ཀློང་༔ ཨོ་རྒྱན་འབྱུང་བ་བཞི་བདག་དཀྱིལ་འཁོར་གཙོ༔ པདྨ་བཛྲ་བདེ་གཤེགས་བརྒྱད་ཀྱི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ རུ་དྲ་བརྩེགས་པ་མཐིང་ནག་ཨེ་ཡི་ཀློང་༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དཀྱིལ་འཁོར་གཙོ༔ རྟ་མགྲིན་ནག་པོ་གསང་ཡེ་སྡེ་དཔའ་བོའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ རྒྱལ་བསེན་སྲོག་འཕྲོག་རྔམ་བརྗིད་འབར་བའི་ཀློང་༔ ཨོ་རྒྱན་རྡོ་རྗེ་གུར་གྱི་དཀྱིལ་འཁོར་གཙོ༔ རྡོ་རྗེ་གྲོ་ལོད་ཁྲོ་བཅུ་སྤྲུལ་བའི་ཚོགས༔ གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད༔ ཅེས་གསེར་སྐྱེམས་ཀྱིས་མཆོད༔ ༈ གཟུ་དཔང་ནི༔ ཧཱུྃ༔ དཀྱིལ་འཁོར་ཀུན་བདག་མཆོག་གསུམ་བླ་མ་དང་༔ ཡི་དམ་ཞི་ཁྲོ་རབ་འབྱམས་མཁའ་འགྲོའི་ཚོགས༔ ཁྱད་པར་པདྨ་ཞི་ཁྲོའི་ལྷ་ཚོགས་རྣམས༔ འཁོར་བཅས་བདག་ལ་དགོངས་ཤིང་གསན་དུ་གསོལ༔ སྣང་སྲིད་གདོད་ནས་ཆོས་སྐུར་རོ་གཅིག་ལ༔ མ་རྟོགས་སྒྲིབ་བསལ་འགྲོ་ཀུན་བསྒྲལ་སེམས་ཀྱང་། དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ རྩ་བརྒྱུད་བླ་མས་གཟུ་དང་དཔང་མཛོད་ཅིག༔ སྨིན་གྲོལ་ལམ་ཞུགས་བསྐྱེད་རྫོགས་ཟབ་མོའི་དོན༔ ཚུལ་བཞིན་ཉམས་བླངས་དངོས་གྲུབ་བླང་སེམས་ཀྱང་༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་མཛོད་ཅིག༔ བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས༔ འགྲོ་ལ་ཕན་བདེའི་དགའ་སྟོན་སྤེལ་སེམས་ཀྱང་༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དཔའ་བོ་མཁའ་འགྲོས་གཟུ་དང་དཔང་མཛོད་ཅིག༔ ཚེ་འདི་བློས་བཏང་དབེན་པའི་གནས་རྣམས་སུ༔ བདེ་ཆེན་བྱང་ཆུབ་སྒྲུབ་པར་སེམས་ན་ཡང་༔ དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ༔ དམ་ཅན་ཆོས་སྐྱོང་གཟུ་དང་དཔང་མཛོད་ཅིག༔ མ་ཉེས་མ་ལན་ཡེ་ཤེས་ལྷ་ཡི་ཚོགས༔ སྡིག་ཅན་ལས་ངན་བསྟན་པའི་སྤྱི་དགྲ་འདིས༔ སངས་རྒྱས་བསྟན་བཤིགས་དཀོན་མཆོག་དབུ་འཕང་དམད༔ བླ་མའི་ཐུགས་དཀྲུགས་དགེ་འདུན་སྡེ་ལ་བརྙས༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རི་ལྟར་བརྗིད་ཅིང་རྩང་ལྟར་འཛུགས་པ་དང་༔ མདུན་ནས་སྒུག་ཅིང་རྒྱབ་འདེད་ཟུར་ནས་གསོད༔ ལུས་ཀྱིས་རྡུང་རྡེག་དཀོར་རྫས་རྐུ་ཞིང་འཕྲོག༔ ངག་གི་ཡ་གས་གཞན་གྱི་ནུས་མཐུ་བསྒུལ༔ ཡིད་ཀྱིས་བསམ་ངན་དུག་ལྟར་གཡོ་བྱེད་པས༔ སྔ་དགྲ་ལག་བདར་ཕྱི་དགྲ་ཡིད་སེམས་དང་༔ ད་དགྲ་བདོ་བའི་དགྲ་བགེགས་གར་གནས་ཀྱང་༔ དཔལ་ཆེན་ཕུར་བུའི་བཀའ་ཉན་འཁོར་བཅས་ཀྱིས༔ སྐད་ཅིག་འདིར་ཁུག་མངོན་སྤྱོད་ལས་མཛོད་ཅིག༔ ཅེས་བདེན་པ་བརྗོད་དོ༔ ༈ བྲུབ་ཁུང་གསལ་བ་ནི༔ སྟོང་པའི་ངང་ལས་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ༔ ཁ་ཁྱེར་དོག་ཅིང་གཏིང་ཟབ་པ༔ འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབ་པ༔ སྟེང་ན་གཏི་མུག་གི་མུན་པ་གཏིབ་པ༔ མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ༔ ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་བཟད་པར་འཁྲུགས་པ༔ ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ༔ སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ༔ ཤ་ཟ་ལྟར་རྒྱུག་པ༔ རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོག་པས་གང་བ༔ སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་དུད་ཁ་ཡོངས་སུ་གྱུར་པ་ལས༔ དགྲ་བོ་དེ་ཉིད་ལུས་གཅེར་བུ་རིད་པ༔ མདོག་ནག་ཅིང་དྲན་པ་ཉམས་པ༔ མྱ་ངན་གྱི་ཕྱག་རྒྱ་ཅན་བུ་ག་དགུ་ནས་རྣག་ཁྲག་འཛག་པ༔ གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར༔ ལྕགས་ཀྱུའི་ཕྱག་རྒྱ་བཅས༔ ན་མོ རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་༔ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་༔ ཁྱད་པར་བཅོམ་ལྡན་འདས་དཔལ་ཆེན་སྣང་སྲིད་ཟིལ་གནོན་ཀུན་བཟང་པདྨ་ཞི་ཁྲོ་བཅུ་གསུམ་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས༔ བསྟན་དང་འགྲོ་བའི་སྤྱི་དགྲ༔ ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ༔ ཕྱི་དགྲ་ཡིད་ལ་སེམས་པ༔ ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་༔ གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག༔ དགྲ་བགེགས་གནོད་བྱེད་མ་ལུས་པ་ཛཿཧཱུྃ་བཾ་ཧོཿ ཅེས་ལན་གསུམ་སོགས་ཀྱིས་དགུག༔ ༈ ཕོ་ཉ་གཏང་བ་ནི༔ ཛཿ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་འགུགས་པར་བྱེད་པའི་ལྕགས་ཀྱུ་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་བླ་སྲོག་རྣམས༔ ཁུག་ཅིག་བཛྲ་ཨཾ་ཀུ་ཤ་ཡ་ཛ༔ བཛྲ་ཧ་ཡ་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་ཨཾ་གུ་ཤ་ཛ༔ ཧཱུྃ༔ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་འཆིང་བར་བྱེད་པའི་ཞགས་པ་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་ཡན་ལག་རྣམས༔ བྱད་དུ་ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔བཛྲ་སུ་ཀ་ར་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་པཱ་ཤ་ཧཱུྃ༔ བཾ༔ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་སྡོམ་པར་བྱེད་པའི་ལྕགས་སྒྲོག་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་དབང་པོ་རྣམས༔ དམ་པར་སྡོམས་ཤིག་བཛྲ་ཕོ་ཊ་བཾ༔ བཛྲ་སིཾ་ཧ་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་སྥོཊ་བཾ༔ ཧོ༔ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ ལོག་འདྲེན་མྱོས་པར་བྱེད་པའི་དྲིལ་བུ་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་རྣམ་ཤེས་ཡིད༔ མྱོས་སུ་ཆུགས་ཤིག་བཛྲ་གཎྜེ་ཧོ༔ བཛྲ་ནཱ་ག་མུ་ཁཱི་སརྦ་དུཥྚཱན་ནྲྀ་ཏྲི་གཎྜེ་ཧོ༔ ཨཱ༔ དཔལ་ཆེན་བཀའ་སྡོད་ལས་ཀྱི་ཕོ་ཉ་མོ༔ དགྲ་བོ་གནད་ལ་འབེབས་བྱེད་ཁྲག་ཐུན་ཐོགས༔ འཁོར་བཅས་ཁྱོད་ཀྱིས་དགྲ་བོའི་རྣམ་ཤེས་གཟུགས༔ ཉམས་པར་མཛོད་ཅིག་ཨ་བེ་ཤ༔ བཛྲ་རཀྴ་སཱི་སརྦ་དུཥྚཱན་ནྲྀ་ཏྲི་ཨཱ་བེ་ཤ་ཡ་ཨ་ཨཱ༔ དགུག་འཆིང་སྡོམ་མྱོས་ཀྱིས་དགྲ་བོ་ཐར་བ་མེད་པར་བསམ་ལ༔ ༈ བསྒྲལ་ལས་ནི༔ རིག་པ་མཆོག་གི་རྒྱུད་ལས། ལྷ་ཕྲལ་གཟུགས་ལ་དབབ་པ་དང་༔ བྱད་དུ་གཞུག་དང་སྨྱོ་རུ་གཞུག༔ རྡུལ་དུ་བརླག་དང་ཞལ་དུ་བསྟབ༔ དེ་ལ་ཕོ་ཉ་འཕྱོང་སྔགས་རྫས༔ ཏིང་འཛིན་དམོད་པས་ལས་རྫོགས་བྱ༔ ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ལ༔ ཀུན་བཟང་པདྨ་ཞི་ཁྲོའི་ལྷ་ཚོགས་གང་ཡིན་ཀྱང་སྒྲོལ་བྱེད་ཕུར་བའི་ལས་སྦྱོར་གྱི་ཟེར་ཀ་གདབ་པས་མཆོག་ཏུ་འགྱུར་ཏེ༔ དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ནི་རྒྱལ་བ་མ་ལུས་པའི་འཕྲིན་ལས་ཀྱི་བྱེད་པོ་གཅིག་ཏུ་ཆེ་ཞིང་༔ དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མཆོག་ཏུ་བསྔགས་པས༔ དམིགས་པ་ནི༔ རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུར་གནས་འགྱུར་ཞིང་༔ ཐུགས་ཀ་ནས་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བྱེད་པོ་སྒྲོལ་བྱེད་ཕུར་བའི་དཀྱིལ་འཁོར་སྤྲོས་པས་ཀཱི་ལ་ཡའི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་སྡིར་བ་ལྟར་བསམ་ལ༔ ཕུར་བའི་རྩ་སྔགས་བརྒྱ་རྩ༔ དྲག་སྔགས་མེ་དཔུང་མ༔ སྤུ་གྲི་རཀྨོ་བཅས་དྲག་ཏུ་རྔ་རོལ་བཅས་པས་ཐུགས་དམ་བསྐུལ༔ ༈ དང་པོ་ལྷ་དང་ཕྲལ་བ་ནི༔ གུ་གུལ་སོགས་དབྱེ་རྫས་ཀྱིས་བདུག་ཅིང་བྱ་རོག་དང་འུག་པའི་དང་རུས་ཕྱིར་འབྱེད་པའི་ཚུལ་བྱ༔ དཀྱིལ་འཁོར་གྱི་ལྷ་ཚོགས་དང་རྡོ་རྗེ་ལེགས་པ་འགོང་པོ་འཁོར་བཅས་ཀྱིས་བསྒྲུབ་བྱ་སྲུང་སྐྱོབ་བྱེད་པའི་ལྷ་དང་ཕྲལ་ནས་བྱ་སྤུ་རླུང་གིས་གཏོར་བ་ལྟར་བྱེར་བར་བསམ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ གཏོགས་ཤིག་གྲོགས་དང་བྲལ་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཧ་ས་ཡ་ར་ཧ་ས་ཡ་ར་ཧྲཱིཿདཎྜ་ཧཱུྃ་ཕཊཿ དགྲ་དང་དགྲ་སྐྱོབ་པའི་ལྷ་གཉིས་བྲལ་བར་གྱུར་ཅིག༔ ༈ གཉིས་པ་གཟུགས་ལ་དབབ་པ་ནི༔ ཡུངས་དཀར་རྫས་ཀྱིས་བྲབ་ཅིང་ཐལ་མོ་གཉིས་སྦུབ་ལ་འབེབ་པའི་ཚུལ་བྱ༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལས་སྤྲུལ་པ་ཡང་སྤྲུལ་ལྕགས་ཀྱུ་ཐོགས་པ་མང་པོ་དང་ཀླུ་ཆེན་འཇོག་པོ་འཁོར་བཅས་ཀྱིས་དགྲ་བོའི་རྣམ་ཤེས་བཀུག་ནས་ལིངྒ་ལ་བསྟིམས་པར་བསམ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ཕོབ་ཅིག་རྣམ་པར་གཟིར་བར་གྱིས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཨཱ་ཝེ་ཤ་ཡ་ཨཱ་ཝེ་ཤ་ཡ་ཧཱུྃ་ཕཊཿ ཆེ་གེའི་རྣམ་ཤེས་ལིངྒ་ལ་ཐིམ་པར་གྱུར་ཅིག༔

༈ གསུམ་པ་བྱད་དུ་གཞུག་པ་ནི༔ རྫས་ཚོན་སྣ་ལྔའི་སྐུད་པ་དང་ཡུགས་སའི་སྐྲ་སྐུད་ཀྱིས་ཡན་ལག་རྣམས་འཆིང་བའི་ཚུལ་བྱ༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཡང་སྤྲུལ་དང་བཅས་པ་རྣམས་དང་སྲོག་བདག་སྒྲོལ་གིང་འཁོར་བཅས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་ཐོགས་པ་རྣམས་ཀྱིས་དགྲ་བོ་རི་དྭགས་རྒྱར་ཚུད་པ་ལྟར་བཅིངས་པར་བསམ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ཟུངས་ཤིག་རྒྱོབ་ཅིག་རྣམ་པར་ཆིངས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཛཿཧཱུྃ་བཾ་ཧོཿ ཤཱི་གྷྲཾ་ཨཱ་ན་ཡ་ཧཱུྃ་ཕཊཿ དགྲ་བགེགས་གནོད་བྱེད་འདི་གྲུ་གུ་ཐུལ་དུ་ཆིངས་ཤིག་སྡོམས་ཤིག༔ ༈ བཞི་པ་སྨྱོ་རུ་གཞུག་པ་ནི༔ དུག་རྫས་སྣ་ཚོགས་དང་དྷ་དུ་རའི་ཁུ་བས་བྲབ༔ དཀྱིལ་འཁོར་གསུམ་ཡང་སྤྲུལ་དང་བཅས་པ་དང་གནམ་ཐེ་འཁོར་བཅས་ཀྱིས་སྨྱོ་དུག་གི་ཆར་ཕབ་པས་དམིགས་བྱ་མྱོས་རྨོངས་དྲན་མེད་མུ་འཆོལ་དུ་སྨྲ་བར་བསམ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ རིངས་པར་ཁུག་ལ་སྨྱོ་རུ་ཆུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུྃ་ཕཊ༔ ཆེ་གེ་སྨྱོ་རུ་ཆུགས་འབོག་ཏུ་ཆུགས་དྲན་པ་ཉམས་པར་གྱུར་ཅིག༔ ༈ ལྔ་པ་རྡུལ་དུ་བརླག་པ་ནི༔ དེ་ཡང་བདག་དཔལ་ཆེན་པོར་གསལ་བའི་ཐལ་མོ་གཉིས་ཐབས་ཤེས་ཀྱི་རང་བཞིན་ཉི་ཟླས་མཚན་པའི་བར་དུ་བསྙེན་ཕུར་ཡཀྴ་ཀྲོ་དྷ་དུས་མེའི་ཚྭ་ཚྭ་འཕྲོ་བར་མོས་ལ་བྱིན་གྱིས་བརླབ་སྟེ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཅེས་ཉེར་གཅིག་གི་མཐར༔ ཨོཾ་ལཾ་ཧཱུྃ་ལཾ་སཏྭམྦྷ་ཡ་ནཱན༔ མོ་ཧཱ་གྷ་ཏ་ཡ༔ བྷ་ག་ཝཱན༔ ཧྲཱིཿཥྚིཿབི་ཀྲིཏ་ཤྲཱི་བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཧཱུྃ་ཕཊ་ཕཊ༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བཾ་ཧོ༔ སརྦ་བིགྷྣཱན༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ བཛྲ་ཧཱུྃ་ཀཱ་ར་ཧཱུྃ་ཕཊ། ཧཱུྃ་ཀཱ་ར་ཧཱུྃ་ཨ་ཕཊ༔ སྤུ་གྲིའི་གདབ་སྔགས་བརྗོད་བཞིན་དུ༔ དམིགས་བྱའི་སྙིང་དཀར་ནག་མཚམས་སུ་བསྒྲིལ་ཞིང་གདབ་པས་ཁོའི་གཟུགས་ཕུང་གི་འབྱུང་བཞིའི་དྭངས་མ་རིམ་བཞིན་འདུས་ནས་ཡལ༔ སྙིང་གར་ཚེའི་རྟེན་ཨ་དཀར་པོ་འོད་ཀྱི་ཐིག་ལེའི་དབུས་སུ་ཀུན་གཞི་ནྲྀ་དུད་ཁའི་གཟུགས་སུ་འདུས་པར༔ ཕུར་རྩེ་ཧཱུྃ་ལྡན་བཏབ་པས་ནྲྀ་ཐིག་ལེ་ཨར་བཅས་བསྡུས་ནས་རང་ལ་བསྟན་པས་ཨ་དཀར་པོ་འོད་ཀྱི་གོང་བུ་ཅན་དེ་བདག་གི་སྙིང་གར་ཐིམ༔ ཚེ་དཔལ་གཟི་བརྗིད་འབར༔ སླར་ཡང་ཧཱུྃ་ལས་འཕྲོས་པའི་འོད་ཀྱི་རྩེ་ལས་གཟས་པོའི་རྣམ་ཤེས་ཨ་ཡིག་གི་གཟུགས་ཀྱིས་འོག་མིན་དུ་ཕཊ་ཕཊ་ཕཊ༔ ཅེས་གནས་སྤར་པས་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཞུགས༔ ཀཱི་ལ་ཡ་བརྗོད་པས་རྡོར་སེམས་ཀྱི་སྲས་སུ་སྐྱེས་པར་བསམ་པ་ནི་ཐུགས་རྗེ་རྗེས་འཛིན་གྱི་ཕུར་བུ་ཞེས་བྱ་སྟེ༔ ལས་ངན་རྣམ་སྨིན་གྱི་སྐྱེ་སྒོ་བཅད་ནས་སྐྱེ་མེད་ཀྱི་དབྱིངས་སུ་སྦྱོར་བར་བྱེད་དོ༔ ཕྱིར་མི་ལྡོག་པའི་ཕྱིར་ཁྲོ་བོ་བཅུའི་ཕུར་བུས་རིམ་པ་བཞིན་གདབ་སྟེ༔ སྤྱི་བོར་ཧཱུྃ་མཛད༔ དཔྲལ་བར་རྣམ་རྒྱལ༔ ལྟེ་བར་གཤིན་རྗེ༔ མགྲིན་པར་རྟ་མགྲིན༔ སྙིང་གར་འཁྱིལ་བ༔ དཔུང་གཡས་དབྱུག་སྔོན༔ དཔྱི་གཡོན་མི་གཡོ་བ༔ དཔྱི་གཡས་འདོད་རྒྱལ༔ དཔུང་གཡས་སུམ་རྒྱལ༔ ལྟེ་བར་སྟོབས་ཆེན་རྣམས་ཕུར་བུ་རང་རང་གི་སྔགས་ཀྱིས་གདབ་བོ༔ སྤྲོས་པ་ཆུང་བ་ལ་ཕུར་བའམ་རྩང་གཅིག་སྔར་གྱི་གདབ་ཤུལ་ཏུ་བཙུག་ཏེ་དམིགས་པ་བྱའོ༔ ༈ རྡུལ་དུ་བརླག་པ་དངོས་ནི༔ རྡོ་རྗེ་ཐོ་བས་གཏུན་ཁུང་གྲུ་གསུམ་ནང་དུ་བརྡུང་བཞིན༔ དཀྱིལ་འཁོར་གསུམ་གྱི་ལྷ་ཡང་སྤྲུལ་དང་བཅས་པ་དང་ལྷ་བདུད་རྣམ་རོལ་འཁོར་དང་བཅས་པས་རྡོ་རྗེ་རི་རབ་ཀྱི་ཐོ་བ་ཐོགས་ནས་དམིགས་བྱ་རྡུལ་དུ་བརླག་པར་བསམ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་ད་དྷ་ཡ་ད་དྷ་ཡ་ཧཱུྃ་ཕཊཿ དགྲ་བགེགས་གནོད་བྱེད་ཐལ་བའི་རྡུལ་དུ་རློགས་ཤིག༔ ཅེས་བརྗོད་བཞིན་ལན་གསུམ་དགུ་སོགས་བརྡུང་ངོ་༔ ༈ དྲུག་པ་ཞལ་དུ་བསྟབ་པ་ནི༔ ཧོམ་གཟར་དུ་སྙིགས་མའི་ཤ་ཁྲག་སྟོབ་ཅིང་༔ དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་རེ་མ་ཏིས་གྲོགས་བྱས་ཤིང་སྟོབས་པས་དགྱེས་པའི་སྐན་སྒྲ་དང་བཅས་རོལ་བར་བསམ་ལ༔ ཧཱུྃ་ཛཿ དམ་ཚིག་ཆེན་པོའི་དུས་ལ་བབ༔ སྤྲུལ་པ་ཆེན་པོའི་དུས་ལ་བབ༔ ཕྱག་བརྙན་ཆེན་པོའི་དུས་ལ་བབ༔ ཤྭ་ན་མུ་ཁའི་དུས་ལ་བབ༔ བདག་ཉིད་ཆེན་མོའི་དུས་ལ་བབ༔ ས་བདག་ཆེན་མོའི་དུས་ལ་བབ༔ ཁྱེད་ཀྱི་ཕྲིན་ལས་དུས་ལ་བབ༔ མཐུ་རྩལ་དབྱུང་བའི་དུས་ལ་བབ༔ ཤ་རུས་ལྷག་མེད་ཞལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་བྷིནྡྷ་ཡ་བྷིནྡྷ་ཡ་ཧཱུྃ་ཕཊཿ དགྲ་བགེགས་ཀྱི་ཤ་ཁྲག་ལྷག་མ་མེད་པར་རོལ་ཅིག༔ ཅེས་ཞལ་དུ་གསོལ༔ ཕུར་པ་ལ་རཀྟ་མཆོད་ཅིང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཕཊ༔ ཞེས་ལན་གསུམ་བརྗོད་པས་ཕུར་བའི་ལྷ་ཚོགས་མཉེས་ཤིང་སྐུ་ལ་གཟི་མདངས་རྒྱས༔ གསུང་གི་ང་རོ་སྲིད་པ་གསུམ་དུ་གྲགས་པར་བསམ༔ སྣང་སྲིད་ཕུར་བའི་དཀྱིལ་འཁོར་དུ་བསམ་ཞིང་ཅུང་ཟད་མཉམ་པར་བཞག༔ ལིང་རོ་ལྷག་མ་རྣམས་བདུད་རྩིར་སྦར་བ་ཞལ་དུ་སྟོབ་པ་ནི༔ ཧཱུྃ༔ པདྨ་ཞི་ཁྲོའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ དགྲ་བགེགས་འབྱུང་པོ་བསྒྲལ་པའི་ཤ་ཁྲག་རུས༔ བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཆེན་པོར་བཞེས༔ དུག་གསུམ་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ དུག་གསུམ་དགྲ་བགེགས་བསྒྲལ་པའི་ཤ་ཁྲག་རུས༔ སྲིད་གསུམ་ཞིང་ཀུན་གང་བའི་ལོངས་སྤྱོད་འདི༔ སྐུ་གསུམ་རོལ་པ་ཁྲག་འཐུང་ཞལ་དུ་སྟོབ༔ ཁམས་གསུམ་ཡོངས་སྒྲོལ་དངོས་གྲུབ་བསྩལ་དུ་གསོལ༔ སརྦ་ཤ་ཏྲཱུན་བིགྷྣཱན་མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་ཕུལ་བས་ལྷ་ཐམས་ཅད་མཉེས་ཏེ་ཧ་ཧ་ཞེས་བཞད༔ ཧཱུྃ་ཧཱུྃ་ཞེས་དངོས་གྲུབ་བསྩལ༔ ཕཊ་ཕཊ་ཀྱིས་དགྲ་བགེགས་དབྱིངས་སུ་བསྒྲལ་བར་བསམ་མོ༔ རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ༔ ཕྱི་དང་ནང་གི་འཚེ་བ་ཡི༔ བར་ཏུ་གཅོད་པ་ཐམས་ཅད་ཀུན༔ ཉེ་བར་ཞི་བར་མཛད་དུ་གསོལ༔ ཅེས་བསྟན་འགྲོའི་དོན་ཏུ་བསྔོ་སྨོན་བྱ༔ ཚོགས་ལ་རོལ་ཞིང་ལྷག་མ་བསྔོ༔ བཀའ་སྲུང་རྣམས་ལ་གཏོར་མ་འབུལ༔ སྲུང་བཟློག་མནན་དང་བསྲེག་པའི་ལས༔ གཏོར་ཟོར་ལ་སོགས་ལས་སྦྱོར་བརྩམས༔ ཚེ་གཡང་འགུག་ཅིག་བཀྲ་ཤིས་བརྗོད༔ ས་མ་ཡ༔ བསྟན་དགྲ་རྡུལ་བཞིན་རློག་པའི་ཐབས༔ པདྨ་ཀཱ་རའི་མན་ངག་འདི༔ རྗེས་འཇུག་ཀུན་གྱི་སྙིང་གི་ནོར༔ གཅེས་པར་སྲུང་མཛོད་དམ་ཚིག་ཅན༔ དབུ་ལ་རལ་བ་བརྗིད་རེ་ཆགས༔ ཕྱག་ན་ཕུར་བུ་ཟིལ་རེ་ཆེ༔ བསད་ནས་འདྲེན་པའི་ཐབས་ལམ་དེ༔ པདྨའི་གདུང་གིས་སྒོས་ཆོས་ཡིན༔ མཐུ་སྟོབས་བཀའ་བབ་རིག་པ་འཛིན༔ ལས་སུ་མཐུ་སྒྲུབ་སྔགས་ལ་འབུངས༔ སུ་ལ་མེད་པའི་གདམས་པ་དེ༔ ཡལ་བར་མ་འདོར་ཐུབ་པར་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་རུ་པདྨའི་མན་ངག་གཏེར་གནས་དུ་མ་ནས་བྱུང་བ་རིག་འཛིན་ཚེ་དབང་ནོར་བུ་ལ་དངོས་གྲུབ་ཏུ་ཐོབ་པའོ༔ ཛ་ཡནྟུ། །


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་ཨ་བྷི་ཙརྱཱའི་འཕྲིན་ལས་བདུད་དཔུང་བྱེ་མར་བརླག་བྱེད་འཇིགས་མེད་རྡོ་རྗེའི་འཁྲུལ་འཁོར།next