Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་རླུང་རྟ་བསྐྱེད་པའི་གསོལ་འདེབས།
   
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་རླུང་རྟ་བསྐྱེད་པའི་གསོལ་འདེབས།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་རླུང་རྟ་བསྐྱེད་པའི་གསོལ་འདེབས།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་རླུང་རྟ་བསྐྱེད་པའི་གསོལ་འདེབས་བཞུགས༔

ན་མོ་གུ་རུ་པདྨ་བཛྲ་ཡེ༔ བསོད་ནམས་ཡེ་ཤེས་ཚོགས་གསོག་ཐབས༔ རླུང་ནི་སྟོབས་ལ་རྟ་ནི་རྒྱུ༔ གེགས་མེད་སྟོབས་ཀྱི་རྒྱུ་བ་ལ༔ བརྡ་ཐབས་ཚུལ་གྱིས་རླུང་རྟར་བརྗོད༔ གསོལ་བ་འདེབས་པ་ནི༔

ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་པས༔ འཛམ་གླིང་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ སྨོན་པ་ཀུན་འགྲུབ་རླུང་རྟ་ཡར་ལ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཆོས་བཞིན་སྤྱོད་པ་ཡོངས་ཀྱི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ རིགས་བརྒྱུད་དར་བའི་རླུང་རྟ་ཡར་ལ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་བློ་ལྡན་མཆོག་སྲེད་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ ཤེས་རབ་འཕེལ་བའི་རླུང་རྟ་ཡར་ལ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་འགྲོ་བའི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཉི་མ་འོད་ཟེར་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ སྤོབས་པ་རྒྱས་པའི་རླུང་རྟ་ཡར་ལ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འཆོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་ཨོ་རྒྱན་ཐུགས་རྗེས་བསྐྱེད༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཤཱཀྱ་སེངྒེའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ འཕྲིན་ལས་རྒྱས་པའི་རླུང་རྟ་ཡར་ལ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནག་ཕྱོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ བསྟན་དང་དེ་འཛིན་སྲུང་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སྨན་གྱི་བླ་མའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ ནད་གདོན་བར་ཆད་སེལ་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔གུ་རུ་དྲྭ་བ་སྡོམ་པའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ བསོད་ནམས་ལོངས་སྤྱོད་རྒྱས་པའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་ཡི་ཚོགས་དང་བཅས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ འདོད་དགུའི་གཏེར་ཆེན་འབྱེད་པའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཟིལ་གནོན་དྲག་རྩལ་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ སྡེ་བརྒྱད་དབང་དུ་བྱེད་པའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སེངྒེ་སྒྲ་སྒྲོགས་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ སྣང་སྲིད་འཁོར་ལོས་བསྒྱུར་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་པདྨ་བཛྲ་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ འབྱུང་བཞིའི་དྭངས་བཅུད་འཕེལ་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་རྟ་མཆོག་རོལ་བའི་ལྷ་ཚོགས་ཀྱིས༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ སྟོབས་ལྡན་འཇིགས་པ་བྲལ་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་དྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་རྡོ་རྗེ་གྲོ་ལོད་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ གཡུལ་ལས་རྣམ་པར་རྒྱལ་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་བ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སྤྱན་རས་གཟིགས་དབང་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ དུས་མཐའི་མཚམས་སྦྱོར་ལེགས་པའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་གྲོལ་སྟོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་སྣང་བ་མཐའ་ཡས་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ སྲིད་ལས་རྣམ་པར་གྲོལ་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ འཁྲུལ་སྣང་སྡུག་བསྔལ་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ ཚོགས་དྲུག་རང་གྲོལ་མཆོག་གི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བདག་སོགས་འགྲོ་བ་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ དད་གུས་མོས་པས་གདུང་བས་གསོལ་འདེབས་ན༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ གུ་རུ་བདེ་བ་ཆེན་པོའི་ལྷ་ཚོགས་ཀྱི༔ སྔགས་དང་ཏིང་འཛིན་ཐུགས་བསྐྱེད་བདེན་པའི་མཐུས༔ དགོངས་བརྒྱུད་བྱིན་རླབས་འཕོ་བའི་རླུང་རྟ་བསྐྱེད༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་མཱ་ཡ༔ ཅེས་བརྗོད་པདྨས་ཐུགས་རྗེས་སྐྱོབས༔ བསོད་ནམས་སྟོབས་རྒྱས་བསམ་དོན་འགྲུབ༔ རང་གཞན་དོན་གཉིས་ལྷུན་གྲུབ་པའི༔ ཡིད་བཞིན་ནོར་བུའི་མན་ངག་གོ༔ ཨྠྀི༔

༈ རླུང་རྟ་བསྐྱེད་པའི་ལས་ཚོགས་བཞུགས་སོ༔ སྐུ་རྟེན་གུ་རུའི་ལྷ་ཚོགས་ལ༔ ཞལ་གསེར་འབུལ་དང་ན་བཟའ་སྒྲོན༔ མཆོད་པ་འབུལ་ཞིང་གསོལ་འདེབས་དང་༔ མཐོང་གྲོལ་སྐུ་བརྙན་རི་རྩེར་བཞེངས༔ གསུང་རྟེན་ལྷ་ཚོགས་གསང་སྔགས་བསྙེན༔ ཐོས་གྲོལ་ཆོ་ག་གཞུང་བཞིན་བཏང་༔ གསོལ་འདེབས་སྙིང་པོའི་དར་ཅོག་སྒྲོན༔ འབྱུང་བ་བཞི་བསྐྱེད་ཙཱཀྲ་གདགས༔ ཐུགས་རྟེན་མཆོད་རྟེན་སཙྪཱ་གཏབ༔ རིན་ཆེན་མེ་ལོང་མདའ་དར་དང་༔ རྡོ་རྗེའི་མདུད་པ་འབྲལ་མེད་བཅིང་༔ ཤེས་པ་ཧུར་བྱུང་ཏིང་འཛིན་བསྐྱེད༔ ཡོན་ཏན་རིན་ཆེན་གཏེར་བུམ་མཆོད༔ ཕོ་བྲང་ཕྱོགས་མཚམས་དབུས་གླིང་ལྔར༔ སྔགས་དང་སྤེལ་ཚིག་བཅས་པ་ཡི༔ ཕྱོགས་ལས་རྣམ་རྒྱལ་བ་དན་སྦྲེངས༔ འཕྲིན་ལས་རྟ་མཆོག་རླུང་ལ་སྐྱོན༔ རྟ་ནི་ཅང་ཤེས་ཆས་ལྡན་པ༔ འཕྲུལ་གྱི་གཤོག་པ་མཁའ་ལ་རྩེ༔ བཀྲ་ཤིས་རྫས་རྟགས་འདོད་ཡོན་བཅས༔ རླུང་གི་ལྷར་བཅོལ་ཞིང་སར་འབུལ༔ དེ་ལྟར་བྱས་ཚེ་བསོད་ནམས༔ དབང་ཐང་ཉམས་པ་སོར་ཆུད་འགྱུར༔ ཆོས་བྱར་གེགས་མེད་ཐར་ལམ་ཟིན༔ འཇིག་རྟེན་ཡང་དག་ལམ་དུ་འགྲོ༔ ས་མ་ཡ༔ དེ་ལྟར་བསྟན་པའི་དོན་ནི་འདི་ལྟ་སྟེ༔ སྐུ་བརྙན་ལ་བརྟེན་ནས་རླུང་རྟ་བསྐྱེད་པའམ་བསོད་ནམས་རྒྱས་པའི་ཐབས་ནི༔ སྤྲོས་མེད་ལ་གུ་རུའི་སྐུ་བརྙན་གང་རུག་གི་སྤྱན་སྔར་ཚོགས་མཆོད་ཅི་ནུས་སུ་བཤམས་ཤིང་གསོལ་བ་གདབ༔ ནུས་ན་རི་བོ་ཆེན་པོའི་རྩེ༔ ཆུ་བོའི་གཞུང་༔ རྒྱ་མཚོའི་ནང་༔ ལུང་གསུམ་མདོ༔ ཚོང་འདུས་ཆེན་པོ་སོགས་སུ་གུ་རུ་ཟ་བེར་ཆོས་གོས་མཐོང་གྲོལ་པད་ཞྭ་གསོལ་བ༔ ཕྱག་གཡས་སྡིག་མཛུབ་མཁའ་ལ་ཕྱར་ཞིང་གཡོན་ཐོད་བུམ་བདུད་རྩིའི་གང་བ་བསྣམས་པ་བཞེངས༔ དེའི་སྤྱན་སྔར་མཆོད་པ་བརྒྱ་རྩ་སྤྲོས་བཅས་ཅན་བཤམས་ལ་ཆོ་ག་བཏང་༔ རླུང་རྟའི་གསོལ་འདེབས་འདི་ཉིད་བརྒྱ་རྩ་བརྒྱད་བརྗོད་པས་གུ་རུའི་སྐུའི་སྟོབས་དང་གཟི་བརྗིད་བྱིན་རླབས་ལུས་ལ་ཞུགས་ནས༔ མཐོང་བ་ཙམ་གྱིས་ལྷ་འདྲེ་མི་གསུམ་ཟིལ་གྱིས་གནོན་ཅིང་མཐོང་ཚད་ལ་ཐར་བའི་ས་བོན་ཐེབས་པར་འགྱུར་རོ༔ གསུང་ལ་བརྟེན་པ་ནི༔ ཆོ་ག་གཞུང་བཞིན་བཏང་ཞིང་བསྙེན་པ་དང་༔ དར་ཅོག་ལ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྷ་སྔགས་དང་༔ གསོལ་འདེབས་བསམ་པ་ལྷུན་གྲུབ་མ་བཀོད་ནས་དར་ཅོག་བྱ་བ་དང་༔ འབྱུང་བཞི་བསྐྱེད་པའི་ཙཀྲ་ནི༔ དཀྱིལ་དུ་རྡོ་རྗེ་རྒྱ་གྲམ་དབུས་འཁོར་ལོ་རྩིབས་བཞི་པའི་ལྟེ་བར་ཡི་གེ་ཧྲཱི༔ དེའི་མཐར་ༀ་ཨ་མ་ར་ཎ་ཛི་ཝན་ཏི་འཆང་བ་པོའི་ཚེ་དང་ཡེ་ཤེས་ཝརྡྷ་ན་སྭཱཧཱ༔ དེ་ཕྱིར་རྩིབས་མཆན་བཞིའི་དབུས༔ སངས་རྒྱས་སྤྱན་མ་ལ༔ ཧ་ཡིག་མཐར་ ༀ་ལཾ་ལཾ་བུདྷ་ལོ་ཙཱ་ནི་ས་ཡི་ཁམས་ནས་ཚེ་བསོད་དབང་ཐང་བསྐྱེད་སྭཱ་ཧཱ༔ བདག་མ་ལ༔ རི་ཡིག་མཐར་བཛྲ་ༀ་བཾ་བཾ་བཛྲ་མཱ་མ་ཀཱི་ཆུ་ཡི་ཁམས་ནས་ཚེ་བསོད་དབང་ཐང་བསྐྱེདསྭཱ་ཧཱ༔ གོས་དཀར་མོ་ལ༔ ནི་ཡིག་མཐར་ༀ་རཾ་རཾ་བཛྲ་པཎྜ་ར་དེ་ཧི་དེ་ཧི་མེ་ཡི་ཁམས་ནས་ཚེ་བསོད་དབང་ཐང་བསྐྱེད་སྭཱ་ཧཱ་༔ སྒྲོལ་མ་ལ༔ ས་ཡིག་མཐར་ༀ་ཡཾ་ཡཾ་བཛྲ་ཏཱ་རེ་ཏུཏྟཱ་རེ་རླུང་གི་ཁམས་ནས་ཚེ་བསོད་དབང་ཐང་བསྐྱེད་སྭཱ་ཧཱ༔ མཚམས་བཞི་སྲོག་ཆག་བཞིའི་ལྟོ་བ་པདྨ་འདབ་བརྒྱད་ལ་རིམ་པར་༔ བྱང་ཤར་ལུས་བསྐྱེད་པར་རྨ་བྱའི་ལྟོ་བར༔ ནང་དུ་བྷྲཱུྃ་འཆང་པ་པོའི་ལུས་བསྐྱེད༔ བར་འདབས་བརྒྱད་ལ༔ ༀ༔ཡེར༔ཡེར༔ཧོ་ཕན༔ཡེར༔ཡེར་ཡེ༔སྭཱཧཱ༔ ཕྱིའི་མུ་འཁྱུད་ལ༔ ༀ་བཛྲ་གུ་རུ་རཏྣ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ལུས་བསྐྱེད་སྭཱ་ཧཱ༔ ནུབ་བྱང་སྲོག་བསྐྱེད་པར་མཁའ་ལྡིང་གི་ལྟོ་བར༔ ནང་དུ་བྷྲཱུྃ་འཆང་པ་པོའི་སྲོག་བསྐྱེད༔ བར་འདབས་བརྒྱད་ལ༔ༀ་སལ༔སལ༔ཧོ་ཕན༔སལ༔སལ༔ཡེ༔སྭཱ་ཧཱ༔ ཕྱིའི་མུ་འཁྱུད་ལ༔ ༀ་བཛྲ་གུ་རུ་རྡོ་རྗེ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ སྲོག་བསྐྱེད་སྭཱ་ཧཱ༔ ལྷོ་ནུབ་དབང་ཐང་བསྐྱེད་པར་གླང་པོའི་ལྟོ་བར༔ ནང་དུ་བྷྲཱུྃ་འཆང་པ་པོའི་དབང་ཐང་བསྐྱེད༔ བར་འདབས་བརྒྱད་ལ༔ ༀ་མེར༔མེར༔ཧོ་ཕན༔མེར༔མེར༔ཡེ༔སྭཱཧཱ༔ ཕྱི འི་མུ་འཁྱུད་ལ༔ ཕྱིའི་མུ་འཁྱུད་ལ༔ༀ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ དབང་ཐང་བསྐྱེད་སྭཱ་ཧཱ༔ ཤར་ལྷོ་རླུང་རྟ་བསྐྱེད་པར་རྟ་མཆོག་གི་ལྟོ་བར༔ ནང་དུ་བྷྲཱུྃ་འཆང་པ་པོའི་རླུང་རྟ་བསྐྱེད༔ བར་འདབས་བརྒྱད་ལ༔ ༀ༔ལཾ༔ལཾ༔ཧོ་ཕན༔ལཾ༔ལཾ༔ཡེ་སྭཱ་ཧཱ༔ ཕྱིའི་མུ་འཁྱུད་ལ༔ ཕྱིའི་མུ་འཁྱུད་ལ༔ༀ་བཛྲ་གུ་རུ་ཀརྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ རླུང་རྟ་བསྐྱེད་སྭཱ་ཧཱ༔ སྲོག་ཆག་བཞི་ཀ་ཞལ་ཕྱི་ལ་བལྟ་བའོ༔ བར་མཚསམ་རྣམས་སུ་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཀྱིས་གཏམ་པར་བྱའོ༔ མཐའི་མུ་འཁྱུད་ལ༔ ༀ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་པུཥྚཾ་ཀུ་རུ་སྭཱ་ཧཱ༔ འཆང་བ་པོའི་སྲོག་ལུས་དབང་ཐང་རླུང་རྟ་ཐམས་ཅད་ཝརྡྷ་ན་བི་ཝརྡྷ་ན་སྭཱཧཱ༔ མཐའ་སྐོར་དུ་དབྱངས་དང་གསལ་བྱེད་རྟེན་འབྲེལ་སྙིང་པོས་བསྐོར་བ་བྱའོ༔ རྫས་ནི་བདུད་རྩི་དཀར་དམར༔ ཕོ་ལ་དཔའ་བོའི་སྐྲ༔ མོ་ལ་དཔའ་མོའི་སྐྲ༔ བཟང་པོ་དྲུག་དང་རིན་ཆེན་རྣམ་ལྔའོ༔ ཕན་ཡོན་ལུས་ལ་ནད་མེད༔ སྲོག་ལ་འཚེ་བ་མེད༔ དབང་ཐང་རྒྱས༔ རླུང་རྟ་དར་བར་འགྱུར་རོ༔ ༈ ཐུགས་རྟེན་རིན་ཆེན་མེ་ལོང་ནི༔ བྱང་སེམས་དཀར་དམར་མཚོན་པའི་ཟངས་དང་དངུལ་བསྲེས་པའི་མེ་ལོང་ལ༔ དབུས་སུ་རྡོ་རྗེའི་ལྟེ་བར་ཨ༔ དེའི་མཐར་རྡརྨ་དྷ་ཏུ་ཨཱ༔ དེའི་མཐར༔ ཡེངས་མེད་ཆོས་ཉིད་དོན་ལ་བལྟ༔ གནས་ལུགས་དྲི་མེད་རྟོག་གྱུར་ཅིག༔ ཅེས་འབྲི༔ དེའི་དོན་ལ་དྲན་ཤེས་ཀྱིས་བསྐྱངས་པས་རྒྱལ་བ་ཀུན་གྱི་དགོངས་པ་རྟོགས་པར་འགྱུར་རོ༔

༈ ཡོན་ཏན་གཏེར་བུམ་ནི༔ བུམ་པ་ཚད་ལྡན་གཡང་རྫས་སྣ་ཚོགས་དང་༔ བཀྲ་ཤིས་རྟགས་བརྒྱད་ཀྱི་འཁོར་ལོ་ནོར་བུའི་པ་ཏྲ་ཕྲེང་བས་བསྐོར་བ་མུ་འཁྱུད་གསུམ་པ་ལ༔ དབུས་སུ་བྷྲཱུྃ་དེའི་མཐར་མུ་འཁྱུད་ནང་མ་ལ༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཧྲཱི་མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ སྲོག་ལུས་དབང་ཐང་རླུང་རྟ་སརྦ་པུཥྚཾ་ཀུ་རུ་ཡེ་སྭཱཧཱ༔ དེའི་མཐར་མུ་འཁྱུད་བར་མ་ལ་བཀྲ་ཤིས་རྟགས་བརྒྱད༔ དེའི་མཐར་མུ་འཁྱུད་ཐ་མ་ལ་རྟེན་འབྲེལ་སྙིང་པོ༔ མཐའ་བར་མེ་རི་པ་ཏྲས་མཛེས་པར་བྱ༔ རབ་གནས་འཐོར༔ བུམ་པར་བཞུགས་སུ་གསོལ་བས་རླུང་རྟ་དར༔ ཆོས་གཡང་ནོར་གཡང་རྩོལ་བ་མེད་པར་འདུ་བར་འགྱུར་རོ༔ ༈ ཕྱོགས་ལས་རྣམ་རྒྱལ་བ་དན་ནི༔ དབུས་མུ་འཁྱུད་དང་པོ་གླིང་ལྔ་སྤྱིའི་གསོལ་འདེབས་ཚན་ལྔ་རླུང་རྟའི་འདོད་གསོལ་དང་བཅས་པའོ༔ དེའི་ཕྱིར་དཀྱིལ་འཁོར་བརྒྱད་ལ༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་ནས་ཨོ་རྒྱན་ཕྱག་རྒྱ་བཞི་ལྡན་བར༔ དཀྱིལ་འཁོར་གྱི་སྒོ་ཁང་བཞི་ལ་འགྲོ་བ་གནས་འདྲེན་གུ་རུའི་རྣམ་འགྱུར་བཞི་སྟེ༔ ཨོ་རྒྱན་རྡོ་རྗེའི་གུར༔ ཨོ་རྒྱན་དུས་གསུམ་མཁྱེན་པ༔ ཨོ་རྒྱན་སྣང་མཐའི་སྒྱུ་འཕྲུལ༔ ཨོ་རྒྱན་ བདེ་ཆེན་རྒྱལ་པོ་བཞི་ཤར་ནས་རིམ་པར་འགོད༔ སྟེང་གི་རྒྱལ་མཚན་ལ༔ ཐུགས་རྗེ་འགྱུར་མེད་སྟེ༔ འགྲོ་དྲུག་སྡུག་བསྔལ་ཆེན་པོའི་ཉེན་པ་ན༔ སོགས་ཀྱི་སྨོན་ལམ་བྱ༔ མཚམས་རྣམས་སུ་བཀྲ་ཤིས་པའི་རྟགས་བརྒྱད༔ ཕྱོགས་བཞིར་སྟག་སེང་ཁྱུང་འབྲུག་བཞི་འགོད་པར་བྱའོ༔ དེས་སྐུ་ཚེ་བརྟན༔ སྙན་གྲགས་འབར༔ འདུ་བ་རྒྱས༔ མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ལེགས་ཚོགས་ཆར་དུས་ཀྱི་རྒྱ་མཚོ་བཞིན་འཕེལ་བར་འགྱུར་རོ༔

༈ འཕྲིན་ལས་བཀྲ་ཤིས་རླུང་རྟ་ནི༔ ཅང་ཤེས་འཕྲུལ་གྱི་གཤོག་པ་ཅན༔ མདོག་དང་ཡན་ལག་དབང་པོ་རབ་ཏུ་དར་བ༔ རིན་པོ་ཆེའི་རྒྱན་ཆས་སྤྲས་པ༔ རྒྱབ་ཏུ་ནོར་བུ་རིན་པོ་ཆེའི་ལྟོ་བར༔ ༀ་ཀུན་འདུས་སརྦ་འདུ་འདུ་ཧོ༔ བསམ་པ་ལྷུན་གྲུབ་རླུང་རྟ་བསྐྱེད༔ ཞེས་བྲིས་པ༔ མཐའ་སྐོར་བཀྲ་ཤིས་པའི་འདོད་ཡོན་དང་མཆོད་རྫས་སྣ་ཚོགས་ཀྱི་གང་བ༔ མཚམས་བཞིར་སྟག་སེང་ཁྱུང་འབྲུག་བཞི་བརྩེ་བ༔ རླུང་རྟའི་གསོལ་འདེབས་དང་བཅས་རླུང་གི་ལྷ་མོ་ལ་བཅོལ་ནས་བླ་མ་རྒྱལ་བ་སྲས་བཅས་ལ་འབུལ་བར་བྱའོ༔ དེས་བསམ་དོན་ལྷུན་གྱིས་འགྲུབ་པར་འགྱུར་རོ༔ ས་མ་ཡ༔ ཨྠྀི༔ ༈ གསོལ་འདེབས་བསྡུས་པ་བྱ་ན༔ ཧོ༔ བླ་མ་པདྨ་འབྱུང་གནས་ཞི་ཁྲོའི་ལྷ༔ གནས་གསུམ་མཁའ་འགྲོ་དམ་ཅན་སྲུང་མ་ལ༔ འདོད་ཡོན་རྨད་བྱུང་རླུང་རྟ་འདི་འབུལ་ལོ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་མ་ཡ༔ མངྒ་ལཾ། །


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་ཀྱི་རླུང་རྟ་བསྐྱེད་པའི་གསོལ་འདེབས།next