Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔དབང་གི་བཀོལ་བྱང་ཆེན་མོ།
   
   
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔དབང་གི་བཀོལ་བྱང་ཆེན་མོ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔དབང་གི་བཀོལ་བྱང་ཆེན་མོ།

༄། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔དབང་གི་བཀོལ་བྱང་ཆེན་མོ་བཞུགས་སོ༔

ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ༔ སྤྲོས་བཅས་ལྷ་དབང་སྐུར་བ་ལ༔ སྐུ་འབག་དམ་ཚིག་རྟེན་རྣམས་ནི༔ རྩ་གསུམ་སྔགས་ཀྱི་བྱིན་གྱིས་རླབས༔ མཐོང་ཐོས་རེག་པ་དོན་ལྡན་འགྱུར༔ གཙོ་བོ་རྣམས་ལ་རྩ་བའི་སྔགས༔ འཁོར་ལ་རང་གི་ཡང་སྙིང་དང་༔ རྩ་གསུམ་དྲིལ་སྒྲུབ་གསང་སྔགས་སམ༔ ཐོད་ཕྲེང་རྩལ་གྱིས་གཏད་པར་བྱ༔ བླ་སློབ་དགོངས་པ་དབྱིངས་སུ་གཏད༔ སྣང་བ་དག་པ་རབ་འབྱམས་ངང་༔ བརྡ་དོན་རྟགས་གསུམ་ཅི་བཤད་ཀྱང་༔ ཆོས་ཉིད་དབྱིངས་ལས་རྒྱན་དུ་ཤར༔ ནམ་མཁའ་ལ་ནི་ནམ་མཁའ་བཞིན༔ ཡེ་ཤེས་དབྱིངས་ལས་སྤྲུལ་བའི་ལྷ༔ རིག་པའི་ངོ་བོར་ཆོས་ཉིད་ལྷ༔ རང་ཤར་རང་བཞག་ཀློང་དུ་ཀློད༔ ས་མ་ཡ༔

ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་པས༔ འཛམ་གླིང་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ནས་མ་སྟོངས་པར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ ཆོས་བཞིན་སྤྱོད་པ་ཡོངས་ཀྱི་གཉེན་གཅིག་པོ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ གུ་རུ་པདྨ་རྒྱལ་པོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་དོན་ལ་དགོངས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ གུ་རུ་བློ་ལྡན་མཆོག་སྲེད་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོང་རེ་འགྲོ་བའི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོའི་ཚེས་བཅུའི་དུས་སུ་དངོས་སུ་འབྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ གུ་རུ་ཉི་མ་འོད་ཟེར་ལྷ་ཚོགས་ལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འཆོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་ཨོ་རྒྱན་ཐུགས་རྗེས་བསྐྱེད༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ གུ་རུ་ཤཱཀྱ་སེངྒེའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཕུར་བའི་གྲུབ་ཐོབ་མི་བརྗེད་གཟུངས་མཆོག་ཐོབ༔ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་གྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཚེ་ལ་དབང་བརྙེས་ཞི་བའི་གཟུངས་མ་མཆོག༔ ཟ་ཧོར་ལྷ་ལྕམ་མནྡཱ་ར་བ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཀུན་གྲུབ་མ་ཞེས་གྲགས་པ་རྒྱས་པའི་ཡུམ༔ བལ་བོའི་མཁའ་འགྲོ་ཤཱཀྱ་དེ་ཝི་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གསེར་གྱི་རྣ་ཆ་ཅན་ཞེས་དབང་གི་ཡུམ༔ མོན་གྱི་མཁའ་འགྲོ་བཀྲ་ཤིས་ཁྱུ་འདྲེན་མས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གར་བྱེད་ཆེན་མོ་ཞེས་གྲགས་དྲག་པོའི་ཡུམ༔ དཔའ་མོ་ཆེན་མོ་ཀཱ་ལ་སིདྡྷི་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༡༽ནག་ཕྱོགས་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས༔ དམག་དཔུང་ཧུར་ཐུམ་བཟློག་པར་ཐེ་ཚོམ་མེད༔ གུ་རུ་དམར་ནག་མེ་ཕྲེང་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གུ་རུ་དྲག་པོའི་ཡུམ་མཆོག་རྣལ་འབྱོར་མ༔ བསྟན་དགྲའི་དཔུང་བཅོམ་བདེ་ཆེན་ཡེ་ཤེས་བསྐྱེད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་དུ་གཤིན་རྗེ་ཡ་མ་རཱ་ཛ་ནག༔ སྟག་ལྤགས་བེར་གསོལ་བེ་ཅོན་དབྱུག་ཐོ་བསྣམས༔ ཟ་བྱེད་ནག་མོ་གཡས་ན་འཁོར་ལོ་དང་༔ གཡོན་ན་མཚོན་གྱི་དྲུ་གུ་བསྣམས་པས་འཁྱུད༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་རུ་བདུད་ནག་རྐོས་རྗེ་དྲང་དཀར་ནག༔ ཕྱག་གཉིས་ཁྲམ་ཤིང་དང་ནི་དགྲ་སྟྭ་བསྣམ༔ བདུད་མོ་རེ་ཏི་མཐིང་ནག་ཁྲམ་ཤིང་དང་༔ ནད་གྱི་རྐྱལ་བ་འཛིན་པ་ཡབ་ལ་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཏུ་སྲིན་པོ་གློག་ཕྲེང་ལྗང་ནག་རྔམས༔ ཕྱག་གཡས་ཐོག་དང་གཡོན་པས་སེར་བ་འབེབས༔ ཁྲག་མིག་དམར་ནག་ཁྲག་འཛགས་ཕུར་པ་དང་༔ ཁྲག་ཕོར་སྟོབས་པ་ཡབ་ལ་དགྱེས་པར་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་དུ་གནོད་སྦྱིན་ཡཀྴ་མེ་དབལ་དམར༔ ཕྱག་གཡས་རལ་གྲི་གཡོན་ན་རིན་པོ་ཆེ། ནག་མོ་མི་སྲུན་ལྗང་ནག་རལ་གྲི་དང་༔ གཡོན་ན་ལྕགས་ཀྱི་སྤྱང་མོ་འགྱེད་པས་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོར་གཟའ་བདུད་སྤུ་གྲི་འབར་བ་ནི༔ དུད་ཁ་མདའ་གཞུ་རྒྱལ་མཚན་་སྦྲུལ་ཞགས་བསྣམས༔ གནམ་སྨན་ཐོག་གི་བུ་ཡུག་མ་དམར་མོ༔ གཡས་གཡོན་ཐོག་མདའ་རུས་སྦལ་བསྣམས་པས་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་ཀླུ་བདུད་ནག་པོ་སྐུ་མདོག་སེར༔ གཡས་ན་སྦྲུལ་ཞགས་གཡོན་པས་ཆུ་སྲིན་འཛིན༔ ཀླུ་མོ་ལྕམ་ཅིག་དམར་མོ་གཡས་ནད་རྐྱལ༔ གཡོན་དུག་གི་སྤུ་གྲི་འཛིན་པས་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་ལྷ་ཆེན་དབང་ཕྱུག་ཆེན་པོ་དམར༔ གཡས་ན་རླུང་ཞགས་གཡོན་ན་ལྕགས་ཀྱུ་འདེབས༔ ཨུ་མ་དེ་ཝཱི་དམར་མོ་སྲིད་གསུམ་ཀུན༔ གསལ་བའི་མེ་ལོང་གཏེར་སྒྲོམ་འཛིན་པས་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་ཁྲག་འཐུང་མ་ཧཱ་ཀཱ་ལ་མཐིང་༔ གཡས་ན་ཟངས་གྲི་གཡོན་ན་ལྕགས་པར་འཛིན༔ དུང་སྐྱོང་མ་ནག་མོ་གནམ་ལྕགས་རལ་གྲི་དང་༔ ནེའུ་ལེའི་རྐྱལ་པ་འཛིན་པས་ཡབ་ལ་འཁྲིལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྡེ་བརྒྱད་ཀྱི་སྲོག་འཁོར་ཐོགས་ལ༔གུ་རུ་དམར་ནག་མེ་ཕྲེང་བཀའ་ཉན་པ༔ སྔགས་བདག་སྡེ་དཔོན་དཔོན་ཆེན་པོ་སུམ་ཅུ་དང་༔ དཔལ་གྱི་མགོན་པོ་བདུན་ཅུ་རྩ་ལྔ་ལ་སོགས༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༢༽སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ནས༔ མི་བཟོད་སྡུག་བསྔལ་ཆེན་པོས་ནོན་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ གུ་རུ་སྨན་གྱི་བླ་མའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྲ་དབྱངས་རྒྱལ་པོ་སྐུ་མདོག་སེར་འོད་འབར༔ མཛེས་པའི་ཕྱག་གཉིས་མཆོག་སྤྱིན་ཕྱག་རྒྱ་མཛད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མྱ་ངན་མེད་མཆོག་སྐུ་མདོག་དམར་འོད་འབར༔ ཕྱག་གཉིས་ཏིང་འཛིན་གཡོ་མེད་མཉམ་བཞག་རྒྱ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཚན་ལེགས་ཡོངས་གྲགས་སྐུ་མདོག་སེར་འོད་འབར༔ ཕྱག་གཡས་སྐྱབས་སྤྱིན་གཡོན་པ་མཉམ་བཞག་མཛད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གསེར་བཟང་དྲི་མེད་སྐུ་མདོག་སེར་འོད་འབར༔ ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་ཐུགས་གར་བརྒྱན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཆོས་བསྒྲགས་རྒྱལ་པོ་སྐུ་མདོག་དཀར་འོད་འབར༔ ཕྱག་གཉིས་ཆོས་འཆད་ཕྱག་རྒྱས་ཐུགས་གར་བརྒྱན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མངོན་མཁྱེན་རྒྱལ་པོ་སྐུ་མདོག་དམར་འོད་འབར༔ ཕྱག་གཡས་མཆོག་སྦྱིན་གཡོན་པ་མཉམ་བཞག་མཛད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤཱཀྱ་ཐུབ་པ་གསེར་མདོག་འོད་ཟེར་འབར༔ ཕྱག་གཡས་བདུད་འདུལ་གཡོན་པ་མཉམ་བཞག་རྒྱ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སངས་རྒྱས་སྟོང་སོགས་ཕྱོགས་བཅུའི་བདེ་གཤེགས་རྣམས༔ ཀུན་ཀྱང་མཚན་དཔེ་ཡོངས་རྫོགས་ཚངས་སྤྱོད་ཆས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདུད་རྩི་སྨན་གྱི་ལྷ་མོ་སྒེག་ལ་མཛེས༔ བཞི་བརྒྱ་རྩ་བཞིའི་ནད་སེལ་སྨན་སྣོད་ཐོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རིགས་དྲུག་དྲང་སྲོང་དཀའ་ཐུབ་རྣལ་འབྱོར་ཆས༔ ཚངས་སྐུད་ཐོར་ཅོག་དྲི་མེད་རས་གཟན་གསོལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གནོད་སྦྱིན་སྡེ་དཔོན་བཅུ་གཉིས་གཡོག་དང་བཅས༔ གོ་ཁྲབ་བེར་གྱོན་མཚོན་ཆ་སྣ་ཚོགས་ཐོགས༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་སྡེ་བཞི་རང་རྟགས་ཕྱག་མཚན་བསྣམས༔ སྒྲུབ་པ་པོ་ལ་ལུས་དག་གྲིབ་བཞིན་འགྲོགས༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༣༽འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་གཟིར་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔ དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ གུ་རུ་དྲྭ་བ་སྡོམ་པའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་གྱི་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ ནོར་བུ་བཟང་པོ་དཔལ་ལྡན་ཟླ་ཤེལ་མ་༔ ལྷོ་ཡི་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ གང་བ་བཟང་པོ་དཔལ་ལྡན་ཟས་སྤྱིན་མ་༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཀྱི་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔་ནོར་མཆོག་སྤྱིན་མཛད་དཔལ་ལྡན་བཞིན་བཟང་མ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་གི་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ རྣམ་མང་ཐོས་སྲས་དཔལ་ལྡན་ནོར་རྒྱུན་མ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོའི་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ རོལ་བའི་ཕྲེང་ཅན་དཔལ་ལྡན་རབ་བཟང་མ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ ནོར་བདག་འཇམ་འཁྱིལ་དཔལ་ལྡན་རབ་སྦས་མ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ ཞལ་གྱི་དབང་ཕྱུག་དཔལ་ལྡན་ལྷ་མཆོག༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་ཕྱོགས་ནས་ནོར་གཡང་སྡུད་མཛད་པ༔ སྤྱོད་པའི་དབང་པོ་དཔལ་ལྡན་དབྱངས་ཅན་མ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནོར་ལྷའི་རིགས་གྱུར་བྱེ་བ་ཕྲག་བརྒྱ་སོགས་༔ དགོས་འདོད་རིན་ཆེན་ཆར་བ་འབེབས་མཛད་པ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༤༽ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདེང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་ཡི་ཚོགས་དང་བཅས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ གུ་རུ་དཔལ་ཆེན་བཀའ་བརྒྱད་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་ཡང་དག་ཐུགས་ཀྱི་དཀྱིལ་འཁོར་དུ༔ དཔལ་ཆེན་ཡང་དག་སྔོན་པོ་རྡོར་དྲིལ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་མདུན་འཇམ་དཔལ་སྐུའི་དཀྱིལ་འཁོར་དུ༔ གཤིན་རྗེ་གཤེད་པོ་སེར་པོ་དབྱུག་ཏོ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཕྱོགས་པདྨ་གསུང་གི་དཀྱིལ་འཁོར་དུ༔ དབང་ཆེན་རྟ་མགྲིན་དམར་པོ་པདྨ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཕྱོགས་འཕྲིན་ལས་ཕུར་བའི་དཀྱིལ་འཁོར་གྱི༔ རྡོ་རྗེ་གཞོན་ནུ་སྔོན་པོ་ཕུར་བ་འདྲིལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོ་མ་མོ་རྦོད་གཏོང་དཀྱིལ་འཁོར་གྱི༔ དཔལ་ཆེན་མངོན་རྫོགས་མཐིང་ནག་ཁྲམ་ཤིང་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་བདུད་རྩི་ཡོན་ཏན་དཀྱིལ་འཁོར་དུ༔ བདུད་རྩི་འཁྱིལ་བ་ལྗང་ཁུ་བུམ་པ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་དུ༔ དྲེགས་པ་ཀུན་འདུལ་སྔོན་པོ་དབང་སྙིང་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་དམོད་པ་དྲག་སྔགས་དཀྱིལ་འཁོར་དུ༔ སྟོབས་ལྡན་ནག་པོ་དམར་ནག་འཁོར་ལོ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ཡངས་ནས༔ མཁའ་ཁྱབ་རྡོ་རྗེ་ཁྱུང་གིས་སྤྲུལ་གར་འགྱེད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ཡི་དམ་ཐེག་དགུ་རྒྱུད་སྡེ་དྲུག༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཚོམ་བུ་འབུམ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༥༽ སྦས་ཡུལ་ནགས་རོང་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉན་པོའི་འཁོར་དང་བཅས༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ གུ་རུ་ཟིལ་གནོན་དྲག་རྩལ་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འཇམ་དཔལ་རྡོ་རྗེ་རྣོན་པོ་སྐུ་མདོག་སྔོ༔ ཕྱག་གཡས་རལ་གྲི་མེ་འབར་མཁའ་ལ་ཕྱར༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མགྲིན་པར་ཉི་མའི་གདན་ལ་རྟ་མགྲིན་དམར༔ གཡས་པས་ཐོད་དབྱུག་གཡོན་པས་སྡིག་མཛུབ་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གསང་བའི་བདག་པོ་མཐིང་ཀ་ཞལ་གཅིག་པ་༔ ཕྱག་གཉིས་རྡོ་རྗེ་ཕྱར་ཞིང་གཡོན་སྡིག་མཛུབ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡེ་ཤེས་མགོན་པོ་མཐིང་ནག་ཞལ་གཅིག་པ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འདོར་སྟབས་ཅན༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཟའ་བདུད་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལ༔ ཉི་ཟླ་གཟའ་སྐར་འབྱུང་བའི་བདག་པོར་བཞེངས༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འཁོར་དུ་ཤར་ཕྱོགས་ཞིང་སྐྱོང་སེངྒེའི་གདོང་༔ དགེས་ཡུམ་སི་ན་ར་མ་མི་ལྤགས་གསོལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་རུ་བསེ་ཡི་སྐྱེ་བུ་གདུག་པ་ཅན༔ ཟངས་ཀྱི་ཕུར་པས་དགྲ་གདོན་བགེགས་ཚོགས་སྒྲོལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཏུ་ལྕགས་ཀྱི་སྐྱེས་བུ་དྲག་རྩལ་ཅན༔ ཤེལ་གྱི་ཕུར་པས་དགྲ་གདོན་བགེགས་ཚོགས་སྒྲོལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་དུ་དུང་གི་སྐྱེས་བུ་ཆེན་པོ་མི་བཟད་པ༔ དུང་གི་ཕུར་པ་དྲིལ་ཞིང་དགྲ་བགེགས་སྒྲོལ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོར་དམ་ཅན་སྐྱེས་བུ་རྡོ་རྗེ་ལེགས༔ དམར་ནག་ཕྱག་གཉིས་རྡོ་རྗེ་དགྲ་སྙིང་འཛིན༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་རྨ་ཆེན་སྤོམ་ར་སྐུ་མདོག་དཀར༔ གཡས་པ་མདུང་དང་གཡོན་པ་ནོར་གཞོང་འཛིན༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་གཉན་ཆེན་ཐང་ལྷ་སྐུ་མདོག་དཀར༔ ཕྱག་གཡས་སྦ་ལྕག་གཡོན་པས་ཤེལ་ཕྲེང་འདྲེན༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་ལྷ་མོ་གཉན་གྱི་རེ་མ་ཏི༔ མཐིང་ནག་རལ་གྲི་ཐོད་པ་ནེའུ་ལེ་འཛིན༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྲིད་པ་ཆགས་པའི་ལྷ་རབས་མཆེད་དགུ་དང་༔ དགེ་བསྙེན་ཉེར་གཅིག་བརྟན་མ་བཅུ་གཉིས་དང་༔ ཆེ་གཉན་བཙན་པོ་རི་དབང་ཡུལ་གྱི་ལྷ༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྗེ་ཡི་མགུལ་ལྷ་བཅུ་གསུམ་ལ་སོགས་པ༔ སྲིད་པའི་མཐུ་ཆེན་ལྷ་ཀླུ་དྲེགས་པའི་ཚོགས༔ སྐལ་ལྡན་འདི་ལ་སྲུང་སྐྱོབས་མཐུ་དབང་སྩོལ༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༦༽སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ གུ་རུ་སེངྒེ་སྒྲ་སྒྲོགས་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཡུམ་མཆོག་བདུད་འདུལ་དྲག་མོ་སེང་གེའི་གདོང༔ དམར་ནག་ཞལགཅིག་ཕྱག་གྲི་ཐོད་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་དུ་རྡོ་རྗེ་དཔའ་བོ་སྐུ་མདོག་མཐིང་༔ རྡོ་རྗེ་དཔའ་མོ་སྔོ་སྐྱ་སྒེག་པའི་ཉམས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་རུ་རིན་ཆེན་དཔའ་པོ་སྐུ་མདོག་སེར༔ རིན་ཆེན་དཔའ་མོ་སེར་སྐྱ་སྙེམ་པའི་ཉམས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཏུ་པདྨ་དཔའ་བོ་སྐུ་མདོག་དམར༔ པདྨ་དཔའ་མོ་དམར་སྐྱ་ཆགས་པའི་ཉམས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་དུ་ལས་ཀྱི་དཔའ་བོ་སྐུ་མདོག་ལྗང་༔ ལས་ཀྱི་དཔའ་མོ་ལྗང་སྐྱ་ཁྲོ་བའི་ཉམས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོར་འགུགས་གིང་མཐིང་ནག་ལྕགས་ཀྱུ་འཛིན༔ ཡུམ་མཆོག་རྡོ་རྗེ་སྔོན་མོ་རྡོ་རྗེ་ཐོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་འཛིན་གིང་སེར་ནག་རལ་གྲི་འཛིན༔ རིན་ཆེན་སེར་མོ་རིན་ཆེན་ཐོགས་པས་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་སྟོབ་གིང་དམར་ནག་ཐོད་སྙིང་འཛིན༔ པདྨ་དམར་མོ་པདྨ་ཐོགས་པས་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་རྒྱུག་གིང་ལྗང་ནག་རྒྱུ་ཞགས་འཛིན༔ ཀརྨ་ལྗང་གུ་རྒྱ་གྲམ་ཐོགས་པས་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དཔའ་བོ་མཁའ་འགྲོ་གིང་ཕོ་ཀིང་མོའི་ཚོགས༔ བྱེ་བ་དཔག་མེད་ཉི་ཟེར་རྡུལ་བཞིན་འཁྲིགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༧༽ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ གུ་རུ་པདྨ་བཛྲ་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རིགས་ཀྱི་བདག་པོ་བཅོམ་ལྡན་བདག་ཚེ་དཔག་མེད༔ ཚེ་བུམ་འཛིན་པ་གོས་དཀར་ཡུམ་དང་འཁྲིལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་དུ་ཞེ་སྡང་རྡོ་རྗེ་རྡོ་རྗེ་མཐིང་༔ སྐྱོད་བྱེད་དམར་མོ་རྡོ་རྗེ་གྲི་གུག་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོར་རུ་ང་རྒྱལ་རྡོ་རྗེ་རིན་ཆེན་སེར༔ གཤིན་རྗེ་འཇོམས་མ་ལྗང་གུ་རིན་ཆེན་ཐོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཏུ་འདོད་ཆགས་རྡོ་རྗེ་པདྨ་དམར༔ སྲེག་བྱེད་སྔོན་མོ་པདྨ་གྲི་གུག་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་དུ་ཕྲག་དོག་རྡོ་རྗེ་རྒྱ་གྲམ་ལྗང་༔ ཙན་ཏི་ཀ་སེར་རྒྱ་གྲམ་གྲི་གུག་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོར་གཏི་མུག་རྡོ་རྗེ་འཁོར་ལོ་སྨུག༔ རྨོངས་བྱེད་དཀར་མོ་ཁ་ཊྭཱྃ་འཛིན་པས་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་བདེ་བའི་རྡོ་རྗེ་པད་ཞགས་སེར༔ ལཱ་མ་སྔོན་མོ་ལྕགས་ཀྱུ་འཛིན་པས་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་མཚོ་སྐྱེས་རྡོ་རྗེ་བུམ་པ་དམར༔ མནྡཱར་བ་པད་སྡོང་དཀར་ལ་སྔོ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་ཁྲག་འཐུང་རྡོ་རྗེ་དགྲ་སྟྭ་སྨུག༔ གསོད་བྱེད་སྤུ་གྲི་ལྗང་མོ་ཡབ་ལ་འཁྲིལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤ་ཁམས་སེང་གདོང་དཀར་མོ་རྡོ་རྗེ་འཛིན༔ དྲོད་ཁམས་འོད་གསལ་གླང་གདོང་རིན་ཆེན་སྔོན༔ ཁྲག་ཁམས་མཉེན་གསལ་སྤྱང་གདོང་པདྨ་སེར༔ དབུགས་ཁམས་ཡང་གསལ་ཁྱུང་གདོང་རྒྱ་གྲམ་ལྗང་༔ ཆོས་ཁམས་བཀྲག་གསལ་འུག་གདོང་རྡོ་རྗེ་མཐིང་༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་དུ་ཆུ་ཁམས་རྟ་གདོང་ལྕགས་ཀྱུ་དཀར༔ ལྷོར་རུ་ས་ཁམས་ཕག་གདོང་ཞགས་པ་སེར༔ ནུབ་དུ་མེ་ཁམས་སེང་གདོང་ལྕགས་སྒྲོག་དམར༔ བྱང་དུ་རླུང་ཁམས་སྦྲུལ་གདོང་དྲིལ་བུ་ལྗང་༔ དབུས་སུ་མཁའ་ཁམས་ཁྱུང་གདོང་རྡོ་རྗེ་མཐིང་༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་ཆེན་ལམ་ནས་བདེ་བ་མཆོག་ལ་སྦྱོར༔ གཞན་ཡང་འབྱུང་ལྔའི་མཁའ་འགྲོ་བྱེ་བ་འབུམ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༨༽ལམ་འཕྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་བརླག་པར་བྱེད༔ གུ་རུ་རྟ་མཆོག་རོལ་བའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཙུག་གི་རྒྱན་གཅིག་པདྨ་ཐོད་ཕྲེང་རྩལ༔ གསང་བའི་ཡུམ་མཆོག་རྡོ་རྗེ་ཕག་མོ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ཕྱོགས་ཞི་བྱེད་གསང་བ་ཡེ་ཤེས་དཀར༔ འཇོ་སྒེག་བརྩེ་བའི་འཛུམ་ཞལ་རྣམ་པར་ངོམ༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་དཀར་པོ་རྡོར་དྲིལ་འཛིན་པའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ཕྱོགས་རྒྱས་བྱེད་གསང་བ་ཡེ་ཤེས་སེར༔ དགྱེས་བཞད་སྙེམ་པའི་འགྱིང་ཉམས་ཅིར་ཡང་སྟོན༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་སེར་པོ་རྡོར་དྲིལ་འཛིན་པའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཕྱོགས་དབང་བྱེད་གསང་བ་ཡེ་ཤེས་དམར༔ རྗེས་ཆགས་བཟི་བས་མིག་བརྡ་སྣ་ཚོགས་བསྒྱུར༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་དམར་པོ་རྡོར་དྲིལ་འཛིན་པའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཕྱོགས་འཇིགས་བྱེད་གསང་བ་ཡེ་ཤེས་ལྗང་༔ ཁྲོ་འཛུམ་དཔའ་བའི་སྟངས་སྟབས་སྣ་ཚོགས་བསྒྱུར༔ ཕྱག་གཡས་ཅིང་ཏེའུ་གཡོན་པས་དྲིལ་བུ་འཁྲོལ༔ དཔའ་བོ་ལྗང་ཁུ་རྡོར་དྲིལ་འཛིན་པའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་སྒོར་དཀར་མོ་ལྕགས་ཀྱུ་མེ་ལོང་འཛིན༔ ལྷོ་སྒོར་སེར་མོ་ཞགས་པ་གཏེར་བུམ་འཛིན༔ ནུབ་སྒོར་དམར་མོ་ལྕགས་སྒྲོག་པད་ཕོར་འཛིན༔ བྱང་སྒོར་ལྗང་མོ་དྲིལ་བུ་ཕུར་བུ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༩༽གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་དྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ གུ་རུ་རྡོ་རྗེ་གྲོ་ལོད་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གསུང་གི་དབང་ཕྱུག་འཕགས་པ་སྤྱན་རས་གཟིགས༔ པདྨ་རྒྱལ་པོ་ཞལ་གཅིག་ཕྱག་གཉིས་དམར༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟེང་དུ་ཧཱུྃ་ཀཱ་ར་དང་སྒྲ་འབྱིན་མ༔ དཀར་མོ་འཁོར་ལོ་འཛིན་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་དུ་རྣམ་པར་རྒྱལ་བ་མདའ་སྙེམས་མ༔ སྔོ་སྐྱ་རྡོ་རྗེ་འཛིན་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་རུ་གཤིན་རྗེའི་གཤེད་ཆེན་དུར་བདག་མ༔ སེར་སྐྱ་རལ་གྲི་བསྣམས་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཏུ་དབང་ཆེན་རྟ་མགྲིན་ཙཎྜ་ལཱི༔ ལྗང་གུ་དབྱུག་ཏོ་འཛིན་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་དུ་བདུད་རྩི་འཁྱིལ་བ་རླུང་འབྱིན་མ༔ སྔོ་སྐྱ་རྔ་ཡབ་ཐོགས་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོར་དབྱུག་སྔོན་ཅན་དང་རྡོ་རྗེ་སྡེར༔ དམར་སེར་རལ་གྲི་ཕྱར་བས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་མི་གཡོ་མགོན་པོ་གཏུན་ཁུང་མ༔ དམར་མོ་ཐོ་བ་གདེངས་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་གཞན་གྱིས་མི་ཐུབ་རྡོ་རྗེ་སྙེམས༔ ལྗང་གུ་བུམ་པ་བཏེགས་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་སྐུལ་བྱེད་མ༔ སེར་སྐྱ་རྩེ་གསུམ་འཛིན་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འོག་ཏུ་སྟོབས་པོ་ཆེ་དང་ཡུམ་གསོད་བྱེད་མ༔ སེར་མོ་དགྲ་སྟྭ་བསྣམས་པས་ཡབ་ལ་འཁྱུད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དཔའ་བོ་གིང་ཆེན་སྡེ་བཞི་ལས་མདོག་ཅན༔ དཔའ་མོ་རྣལ་འབྱོར་མ་བཞི་གཅེར་བུའི་ཉམས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྡོ་རྗེའི་ཁྲོ་ཚོགས་ནམ་མཁའ་ཁྱབ་པར་འཕྲོ༔ ཧ་ཧ་ཧཱུྃ་ཕཊ་དྲག་སྔགས་འབྲུག་ལྟར་སྡིར༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༡༠༽ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་ཐོབ༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་བ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ གུ་རུ་སྤྱན་རས་གཟིགས་དབང་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རིགས་བདག་འོད་དཔག་མེད་པ་སྐུ་མདོག་དམར༔ ཚངས་སྤྱོད་མཉམ་བཞག་བེཌཱུརྱཱ་སྣོད་བསྣམས༔ དབང་ཆེན་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དམར༔ འདོར་སྟབས་རུས་རྒྱན་ཐོད་བྱུག་ཞགས་པ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྡོ་རྗེ་སེམས་དཔའ་ཞལ་གཅིག་ཕྱག་གཉིས་དམར༔ རྡོར་དྲིལ་འཛིན་རོལ་སྟབས་ལོངས་སྐུའི་ཆས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ ཤར་དུ་ས་སྙིང་རིན་ཆེན་མྱུ་གུ་དཀར༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ ཤར་ལྷོར་ཕྱག་རྡོར་ལྗང་གུ་རྡོ་རྗེ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ ལྷོར་ནམ་སྙིང་དཀར་པོ་རལ་གྲི་བསྣམས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ ལྷོ་ནུབ་སྤྱན་རས་གཟིགས་དམར་པདྨ་འཛིན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ ནུབ་ཏུ་སྒྲིབ་སེལ་ལྗང་གུ་པུ་སྟི་ཐོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ ནུབ་བྱང་ཀུན་བཟང་དམར་པོ་རིན་པོ་ཆེ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ བྱང་དུ་བྱམས་པ་དཀར་སེར་ཀླུ་ཤིང་ཕྱར༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྙིང་རྗེ་ཆེན་པོས་སྙིགས་དུས་འགྲོ་བ་འདུལ༔ བྱང་ཤར་འཇམ་དཔལ་དཀར་ལྗང་ཨུཏྤ་ལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་འཁོར༔ ཐམས་ཅད་གསེར་མདོག་ལོངས་སྐུའི་ཆ་ལུགས་ཅན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔

༡༡༽སྒྱུ་ལུས་གཡར་པོ་ཞིག་པའི་བར་དོ་རུ༔ འཁྲུལ་སྣང་ཉིང་འཁྲུལ་ཆེན་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་གྲོལ་སྟོན་པར་ཐེ་ཚོམ་མེད༔ གུ་རུ་སྣང་བ་མཐའ་ཡས་ལྷ་ཚོགས་ལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ ཤར་ལྷོའི་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ལྷོ་ཕྱོགས་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ ལྷོ་ནུབ་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ ནུབ་ཕྱོགས་རྫོགས་པའི་སངས་རྒྱས་འཁོར་བ་འཇིག༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ ནུབ་བྱང་རྫོགས་པའི་སངས་རྒྱས་གསེར་ཐུབ་མཚན༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ བྱང་རྫོགས་པའི་སངས་རྒྱས་འོད་སྲུང་ཞབས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ བྱང་ཤར་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྤང་རྟོགས་མཐར་ཕྱིན་གཞན་དོན་ལྷུན་གྱིས་གྲུབ༔ ངན་སོང་གནས་འདྲེན་རྒྱལ་བ་ཐུགས་རྗེ་ཅན༔ རྫོགས་པའི་སངས་རྒྱས་གང་གཱའི་ཀླུང་གྲངས་མཉམ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་གསུམ་སངས་རྒྱས་ཀྱི་སྐུས་དབང་སྐུར་བར་བྱའོ༔

༡༢༽ གཞན་ཡང་ལས་དང་རྐྱེན་གྱིས་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ འཁྲུལ་སྣང་སྡུག་བསྔལ་རྩད་ནས་གཞིག་པར་བྱེད༔ གུ་རུ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མདུན་དུ་རྒྱལ་སྲས་རྡོ་རྗེ་སེམས་དཔའ་ནི༔ མཐིང་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན༔ ཡུམ་མཆོག་སངས་རྒྱས་སྤྱན་མ་མཐིང་སྐྱའི་ཞལ༔ རིགས་འདུས་དཔའ་བོ་ཆེན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་དུ་བཅོམ་ལྡན་རྣམ་པར་སྣང་མཛད་ནི༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་འཁོར་ལོ་འཛིན༔ ཡུམ་མཆོག་དབྱིངས་ཕྱུག་སྐུ་མདོག་དཀར་དམར་མདངས༔ རྡོ་རྗེའི་རིགས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ཕྱོགས་བཅོམ་ལྡན་རིན་ཆེན་འབྱུང་ལྡན་ནི༔ སེར་གསལ་ཞལ་གཅིག་ཕྱག་གཉིས་ནོར་བུ་འཛིན༔ ཡུམ་མཆོག་མ་མ་ཀི་ཡི་སྐུ་སེར་སྐྱ༔ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་ཕྱོགས་བཅོམ་ལྡན་སྣང་བ་མཐའ་ཡས་ནི༔ རྨ་བྱ་པདྨ་ཉི་ཟླའི་ཁྲི་སྟེང་དུ༔ དམར་གསལ་ཞལ་གཅིག་ཕྱག་གཉིས་པདྨ་འཛིན༔ ཡུམ་མཆོག་གོས་དཀར་མོ་སྐུ་མདོག་དམར་སྐྱ་མཛེས༔ པདྨའི་རིགས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཕྱོགས་བཅོམ་ལྡན་དོན་ཡོད་གྲུབ་པ་ནི༔ ཤང་ཤང་པདྨ་ཉི་ཟླའི་ཁྲི་སྟེང་དུ༔ ལྗང་གསལ་ཞལ་གཅིག་ཕྱག་གཉིས་རྒྱ་གྲམ་འཛིན༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་སྐུ་ལྗང་སྐྱ༔ ལས་ཀྱི་རིགས་ཀྱི་དཔའ་བོ་མཁའ་འགྲོའི་ཚོགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཤར་ལྷོར་ཕུར་པ་རྡོ་རྗེ་གཞོན་ནུ་ནི༔ ཞལ་གཅིག་ཕྱག་གཉིས་མཐིང་ནག་འཇིགས་པའི་གཟུགས༔ ཕྱག་གཡས་ཕུར་བ་གཡོན་པས་སྡིག་མཛུབ་མཛད༔ འཁོར་ལོ་རྒྱས་འདེབས་གྲི་ཐོད་འཛིན་པ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྷོ་ནུབ་བཛྲ་ཧེ་རུ་ཀ་མཐིང་ནག༔ ཕྱག་གཡས་རྡོ་རྗེ་གཡོན་པས་སྡིག་མཛུབ་མཛད༔ དབྱིངས་ཕྱུག་དཀར་དམར་བྱམས་པའི་ཉམས་དང་ལྡན༔ དགྱེས་པའི་གར་གྱིས་འཁྱུད་པའི་ཡུམ་ཆེན་བཅས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནུབ་བྱང་རྟ་མགྲིན་མཐིང་ནག་རྟ་དབུ་ལྗང་༔ པདྨའི་དབྱུག་ཏོ་གཡོན་པས་སྡིག་མཛུབ་མཛད༔ པདྨ་གར་དབང་དམར་སྐྱ་ཆགས་པའི་ཉམས༔ འདོད་པའི་ཚུལ་གྱིས་འཁྱུད་པའི་ཡུམ་ཆེན་བཅས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བྱང་ཤར་བདུད་རྩི་འཁྱིལ་བ་སྐུ་མདོག་མཐིང་༔ ཕྱག་གཡས་སྣ་ཚོགས་རྡོ་རྗེ་གཡོན་སྡིག་མཛུབ༔ རྨེ་བ་བརྩེགས་མ་ལྗང་གུ་གཏུམ་པའི་ཞལ༔ དྲག་ཤུལ་ཚུལ་ཀྱིས་འཁྱུད་པའི་ཡུམ་ཆེན་བཅས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཐབས་མཁས་ཐུགས་རྗེས་འཁོར་བ་དོང་ནས་སྤྲུགས༔ མཁྱེན་བརྩེ་ནུས་པའི་སྤྲུལ་བ་བསམ་མི་ཁྱབ༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཚིག་རྐང་བཞི་པ་ཞལ་བསྒྱུར་བས་ཞི་ཁྲོ་བཀའ་བརྒྱད་ཡོངས་སུ་རྫོགས་ཀྱིས་དབང་སྐུར་རོ༔

༡༣༽འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བདག་སོགས་འགྲོ་བ་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ དད་གུས་མོས་པས་གདུང་བས་གསོལ་འདེབས་ན༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ གུ་རུ་བདེ་བ་ཆེན་པོའི་ལྷ་ཚོགས་ཀྱིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་མྱུར་ཁྱད་པར་མཆོག་གིས་གྲུབ་པ་བརྙེས༔ རྣམ་སྨིན་རིག་འཛིན་དཀར་པོ་རྡོ་རྗེ་འཛིན༔ རྨད་བྱུང་བདེ་ཆེན་བསྐྱེད་པའི་རིག་མ་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་སྡེ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་མྱུར་ཁྱད་པར་མཆོག་གིས་གྲུབ་པ་བརྙེས༔ ཚེ་དབང་རིག་འཛིན་སེར་པོ་འཁོར་ལོ་འཛིན༔ རྨད་བྱུང་བདེ་ཆེན་བསྐྱེད་པའི་རིག་མ་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་སྡེ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་མྱུར་ཁྱད་པར་མཆོག་གིས་གྲུབ་པ་བརྙེས༔ ཕྱག་ཆེན་རིག་འཛིན་དམར་པོ་པདྨ་བསྣམས༔ རྨད་བྱུང་བདེ་ཆེན་བསྐྱེད་པའི་རིག་མ་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་སྡེ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ བདེ་མྱུར་ཁྱད་པར་མཆོག་གིས་གྲུབ་པ་བརྙེས༔ ལྷུན་གྲུབ་རིག་འཛིན་ལྗང་གུ་རྒྱ་གྲམ་འཛིན༔ རྨད་བྱུང་བདེ་ཆེན་བསྐྱེད་པའི་རིག་མ་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོ་འབུམ་སྡེ་ཡིས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཁྱེན་རབ་ཐོགས་མེད་ཐུགས་རྗེས་གདུལ་བྱ་སྐྱོང་༔ ཤེས་རབ་རྒྱུད་ཀྱི་སློབ་དཔོན་དཀར་དམར་བཞད༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཁྱེན་རབ་ཐོགས་མེད་ཐུགས་རྗེས་གདུལ་བྱ་སྐྱོང་༔ ཉམས་ཆགས་སྐོང་བའི་སློབ་དཔོན་དཀར་ལ་དྭངས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཁྱེན་རབ་ཐོགས་མེད་ཐུགས་རྗེས་གདུལ་བྱ་སྐྱོང་༔ དམ་ཚིག་དབང་གི་སློབ་དཔོན་དམར་ལ་ཆགས༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ མཁྱེན་རབ་ཐོགས་མེད་ཐུགས་རྗེས་གདུལ་བྱ་སྐྱོང་༔ མན་ངག་ལུང་གི་སློབ་དཔོན་མཐིང་དྭངས་གསལ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རབ་འབྱམས་རྒྱུད་རྡེ་རྒྱ་མཚོའི་བཀའ་བབ་པའི༔ ལྷ་ཀླུ་མི་ཡི་རིག་འཛིན་ཆེན་པོ་དང་༔ འཕགས་ཡུལ་གྲུབ་པའི་སློབ་དཔོན་ཆེན་པོ་བརྒྱད༔ བརྩེ་བའི་སྤྱན་གྱིས་རྗེས་འཇུག་རྣམས་ལ་གཟིགས༔ དག་པའི་ས་བརྙེས་གསང་ཆེན་བསྟན་པ་འཛིན༔ པདྨའི་ལས་ཅན་དག་པ་རྣམ་ལྔའི་འཁོར༔ བོད་ཡུལ་ལས་ཅན་སྙིང་གི་བུ་མཆོག་དགུ༔ སྤྲུལ་བའི་ལོ་པཎ་རྗེ་འབངས་ཉི་ཤུ་ལྔ༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རིག་འཛིན་བྱེ་བ་འབུམ་སྡེ་གཟི་བརྗིད་འབར༔ རྩ་བ་བརྒྱུད་པའི་བླ་མ་སྤྲིན་བཞིན་འཁྲིགས༔ ཕ་རྒྱུད་དཔའ་བོའི་བྱིན་རླབས་ད་ལ་ལ༔ མ་བརྒྱུད་མཁའ་འགྲོའི་གླུ་ལེན་ཀྱུ་རུ་རུ༔ ལས་བྱེད་གིང་ཆེན་ཕཊ་སྒྲ་སེང་སེ་སེང་༔ དཔལ་གྱི་འཁོར་ཚོགས་གར་སྟབས་ཤིག་སེ་ཤིག༔ སྐལ་ལྡན་འདི་ལ་དབང་སྐུར་བྱིན་ཀྱིས་རློབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལུས་ལ་བདེ་བའི་རང་དྲོད་ཚ་འུར་འུར༔ ངག་ལ་རིག་སྔགས་ནུས་པ་རྣོ་ཁྱུགས་ཁྱུགས༔ ཡིད་ལ་གཏིང་གསལ་ཡེ་ཤེས་རྗེན་ཅེར་ཅེར༔ ཀ་དག་གཞི་ཐོག་ཕེབས་པར་བྱིན་གྱིས་རློབས༔ གདོད་མའི་རྒྱལ་སར་ཕྱིན་པར་བྱིན་གྱིས་རློབས༔ ཨོཾ་ཨཱ༔ཧཱུྂ༔བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔སིདྡྷི་ཕ་ལ་ཧཱུྂ༔ཨཱཿ

གུ་རུའི་སྐུ་ཚབས་ཀྱིས་དབང་བསྐུར་བར་བྱའོ༔ ཨྠྀི༔ ས་མ་ཡ༔ ཞེས་པས་དབང་སྐུར་སྒྲིབ་པ་དག༔ རྒྱལ་བ་རབས་འབྱམས་བདེན་སྟོབས་ཀྱིས༔ སྒོ་གསུམ་རྡོ་རྗེ་གསུམ་དུ་འགྲུབ༔ པདྨ་འབྱུང་དང་བསྐལ་བ་མཉམ༔ རྡོ་རྗེ་ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔ ཤུ་བྷཾ།


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔དབང་གི་བཀོལ་བྱང་ཆེན་མོ།next