Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་མན་ངག་བརྒྱད་པ་དབང་ཆེན་རྟ་མཆོག་ནག་པོའི་ལས་ཚོགས།
   
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་མན་ངག་བརྒྱད་པ་དབང་ཆེན་རྟ་མཆོག་ནག་པོའི་ལས་ཚོགས།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་མན་ངག་བརྒྱད་པ་དབང་ཆེན་རྟ་མཆོག་ནག་པོའི་ལས་ཚོགས།

༈ ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔ མན་ངག་བརྒྱད་པ་དབང་ཆེན་རྟ་མཆོག་ནག་པོའི་ལས་ཚོགས་ལ།

སྡེ་བརྒྱད་དབང་དུ་བསྡུ་བ། དྲེགས་པ་ལས་ལ་གཅུན་པ། དགྲ་བོ་ཀླུ་ལ་གཏད་པ། ཇག་ཚོགས་སྒོ་གསུམ་འཆིང་བ། ནད་གདོན་བར་ཆད་ཞི་བ་བཅས་ཡོད་པ་ལས། སྐབས་འདིར་ནད་གདོན་བར་ཆད་ཞི་བའི་ལས་ཚོགས་ལ། བྱུགས་པ། ཁྲུས། བདུག་པ། སྲུང་མདུད། འཁོར་ལོ། རིལ་བུ་བཅས་ཀྱིས་སྒོ་ནས་འགྲོ་བ་ཉེར་འཚེ་ལས་སྐྱོབས་པར་བྱེད་པའི་ཡན་ལག་གི་རྫས་བྱིན་གྱིས་བརླབས་པའི་ཆོ་གའོ། །དང་པོ་དབང་ཐོབ་ཅིང་དམ་ཚིག་དག་པ་གཞིར་བྱས། སྔོན་འགྲོ་བདག་མདུན་བསྐྱེད་པ་བཅས་ལེགས་པར་འགྲུབ་པ་དང༌། ལས་བུམ་སྒྲུབ་པ་ནི། ཨཿ ཆོས་ཀུན་སྟོང་བ་བརྗོད་བྲལ་ངང་༔ མཐིང་ནག་གྲུ་གསུམ་འབར་བའི་དལཿ བྷྲཱུཾ་ལས་བུམ་པ་གཞལ་ཡས་ཁང་༔ ནང་དུ་ཧཱུྂ་ལས་རྟ་མགྲིན་ནགཿ མཐིང་ནག་རལ་གྲི་ཞགས་པ་འཛིནཿ དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱནཿ ཐུགས་དབུས་ཧཱུྂ་ལ་སྔགས་ཀྱིས་བསྐོརཿ འོད་འཕྲོས་རྒྱལ་ཀུན་བྱིན་རླབས་བསྡུསཿ གནས་གསུམ་བདུད་རྩིའི་རྒྱུན་བབས་པསཿ བུམ་པ་ཡོངས་སུ་ཁེང་བར་གྱུརཿ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྂ་ཕཊཿ ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེཿ ཡྂ་ཧོ་ཤུདྡྷེ་ཤུདྡྷེཿ རྂ་ཧོ་ཤུདྡྷེ་ཤུདྡྷེཿ བྂ་ཧོ་ཤུདྡྷེ་ཤུདྡྷེཿ ལྂ་ཧོ་ཤུདྡྷེ་ཤུདྡྷེཿ ཨ་ཨ་ཨ་སྭཱཧཱཿ ཅེས་བཟླས་བདུད་རྩིས་རྒྱུན་བབས་པསཿ ནད་གདོན་སྡིག་སྒྲིབ་མ་ལུས་པཿ དག་པར་མོས་ལ་ཆབ་ཀྱིས་བྲནཿ འདི་ཡིས་མི་གཙང་ཀུན་ཞི་འགྱུརཿ རྫས་བྱིན་གྱིས་བརླབས་པ་ནི༔ ཨ་ལས་དབྱིངས་ཀྱི་བྷནྡྷ་རྒྱ་རེ་ཆེཿ ཨོཾ་ལས་མ་དག་འཛིན་རྟོགས་བསྲེག་གཏོར་བཀྲུསཿ ཨཱཿལས་ཟག་པ་ཀུན་བྲལ་བདུད་རྩི་ནིཿ ཧཱུྂ་ལས་འདོད་དགུར་འཆར་བའི་ཡེ་ཤེས་འཕྲུལཿ ཧ་ལས་གཞོམ་མེད་རྡོ་རྗེའི་རང་བཞིན་སྟེཿ ཧོ་ལས་ངོ་མཚར་ཆོས་ཉིད་དག་པའི་རྩལཿ ཧྲཱིཿལས་ཁྲོ་རྒྱལ་རྡོ་རྗེ་གསུམ་གྱི་དངོསཿ ཕཊ་ཀྱིས་སྣང་བའི་རྒྱ་རལ་དབྱིངས་སུ་བསྲེཿ ཨོཾ་ཨཱཿཧཱུྂ་ཧ་ཧོ་ཧྲཱིཿཕཊཿ ཨཿ ཆོས་སྐུ་ཞི་བ་ཆེན་པོའི་ངང་ཉིད་ལསཿ རོལ་བ་མ་འགགས་ལོངས་སྤྱོད་རྫོགས་པའི་རྩལཿ སྤྲུལ་སྐུ་འཇིགས་བྱེད་ཁྲོ་བོའི་དཀྱིལ་འཁོར་ནིཿ ཧྲཱིཿ ཆོས་དབྱིངས་མཁའ་ལ་རང་འོད་མེ་དཔུང་ཀློང༔ ཁྲག་མཚོའི་དབུས་སུ་ཀེང་རུས་ཕོ་མོའི་གདན༔ དེ་སྟེང་ཁྲོ་གཉེར་གཡོ་བའི་སྟག་ཕོ་མོ༔ དེ་སྟེང་རུ་དྲ་ཕོ་མོ་གུས་ཉམས་ལྡན༔ དེ་སྟེང་ཉི་མའི་དཀྱིལ་འཁོར་ཆ་ཤས་རྫོགས༔ དཔལ་ཆེན་རྟ་མགྲིན་ནག་པོ་ཤིན་ཏུ་ཁྲོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གེལ་ཚུལ་བཞུགས༔ ཕྱག་གཡས་རྡོ་རྗེ་གཡོན་ན་སེང་ལྡེང་རྔ༔ པུས་མོ་གཡོན་པའི་སྟེང་དུ་དྲག་ཏུ་རྡུང་༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབུ་གཙུག་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ དབུ་སྐྲ་ཁམ་ནག་གྱེན་བརྫེས་མཁའ་ལ་འཕྱོ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ དབུ་སྐྲ་སྨ་ར་སྨིན་མར་མེ་དཔུང་འབར༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཚུལ་དུ་བགྲད༔ ཀེང་རུས་སྙན་ཆ་ཐོད་པའི་དོ་ཤལ་དཔྱང་༔ རུས་པའི་རྒྱན་ལྡན་སྟག་གི་ཤམ་ཐབ་གསོལ༔ ཤིན་ཏུ་དྲག་གཏུམ་གསོད་པའི་ངར་དང་ལྡན༔ པང་དུ་རྡོ་རྗེ་ཁྲོས་མ་སྐུ་མདོག་སྔོན༔ ཞལ་གཅིག་ཕྱག་གཉིས་གཅེར་བུ་རུས་རྒྱན་ཅན༔ གྲི་གུག་ཐོད་པ་འཛིན་པས་མགུལ་ནས་འཁྱུད༔ གཙོ་བོའི་སྤྱི་བོར་པདྨ་ཐོད་ཕྲེང་རྩལ༔ དམར་ནག་ཞལ་གཅིག་ཕྱག་གཉིས་གཡོན་བརྐྱང་སྟབས༔ ཕྱག་གཡས་ཐོད་རྔ་གཡོན་ན་དྲིལ་བུ་འཁྲོལ༔ སྟག་ཤམས་ཐོད་སྐམ་རུས་རྒྱན་ཁྲོ་བོའི་ཆས༔ རྡོ་རྗེ་ཕག་མོ་གྲི་ཐོད་འཛིན་པས་འཁྱུད༔ བདེ་བའི་སྒྲ་སྒྲོགས་བདུད་རྩིའི་ཆར་བ་འབེབས༔ ཕྱོགས་བཞིར་གསང་ཡེ་སྡེ་བཞི་དཔའ་མོའི་ཆས༔ དཀར་སེར་དམར་ལྗང་རིན་ཆེན་རུས་རྒྱན་གསོལ༔ གཡས་རྣམས་ཅང་ཏེའུ་གཡོན་ན་དྲིལ་བུ་འཁྲོལ༔ རང་རིགས་དཔའ་བོ་རྡོར་དྲིལ་འཛིན་དང་སྦྱོར༔ ཤར་སྒོར་དཀར་མོ་ལྕགས་ཀྱུ་མེ་ལོང་འཛིན༔ ལྷོ་སྒོར་སེར་མོ་ཞགས་པ་གཏེར་བུམ་འཛིན༔ ནུབ་སྒོར་དམར་མོ་ལྕགས་སྒྲོག་པད་ཕོར་འཛིན༔ བྱང་སྒོར་ལྗང་མོ་དྲིལ་བུ་ཕུར་བུ་འཛིན༔ གཞན་ཡང་ཁྲོ་བོ་ཁྲོ་མོ་གྲངས་མེད་པ༔ བུ་ཡུག་ལྟར་འཚུབས་མེ་ལྕེ་རྡོ་རྗེ་རྂ༔ ཀུན་ཏུ་འཕྲོ་དབུས་འཇིགས་སུ་རུང་བར་བསྐྱེད༔ རྡོ་རྗེའི་ཚིག་བདུན་གྱིས་སྤྱན་འདྲེན་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ་བརྗོད། ཧཱུྃ༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་བཅོམ་ལྡན་འདས༔ སྐྱབས་གནས་དཀོན་མཆོག་མ་ལུས་སྐུར་བཞེངས་ཤིག༔ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༔ རང་མདངས་རོལ་བའི་ཆོ་འཕྲུལ་ཞི་ཁྲོའི་ཚོགས༔ འགྲོ་བའི་དོན་དུ་སོ་སོའི་སྐུར་སྤྲུལ་ནས༔ ཡབ་ཡུམ་སྲས་དང་བཅས་ཏེ་གཤེགས་སུ་གསོལ༔ རྩ་སྔགས་མཐར། ཨོཾ་ཨཱཿཧཱུྃ༔གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ཧཱུྃ༔ཕེཾ་ཕེཾ༔ རཱ་རཱ་རཱ་རཱཿ ཙ་ལཱ་ཡ་ཙ་ལཱ་ཡ༔ དོ་ཤཱ་ཡ་དོ་ཤཱ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཿ སྤོས་དང་རོལ་ཆེན་གྱིས་སྤྱན་དྲངས༔ བཞུགས་གསོལ་ནི༔ ཧཱུྂ༔ བླ་མ་སྐུ་གསུམ་ཞི་ཁྲོའི་ལྷ་ཚོགས་རྣམས༔ རིན་ཆེན་ཁྲི་རྐང་ཐབས་ཤེས་ཉི་ཟླའི་ཁྲིར༔ བརྟན་པར་བཞུགས་ལ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་མ་ལུས་འབད་མེད་སྩོལ་བར་མཛོད༔ ས་མ་ཡ་སྟྭཾ༔ ཕྱག་འཚལ་བ་ནི༔ ཧོ༔ སྒོ་གསུམ་དད་པས་ལུས་འདི་ཞིང་རྡུལ་དུ༔ སྤྲུལ་ཏེ་ཕྱག་འཚལ་སྒྲིབ་པ་དག་པ་དང༔ དམ་ཚིག་ཉམས་ཆགས་མ་ལུས་བྱང་དུ་གསོལ༔ ཨ་ཏི་པུ་ཧོ༔ པྲ་ཏིཙྪ་ཧོ༔ ཕྱི་མཆོད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྂ༔ འདོད་ཡོན་བརྒྱད་དང་རྒྱལ་སྲིད་ཆེན་བདུན༔ བཀྲ་ཤིས་རྫས་མཆོག་བརྒྱད་དང་རྟགས་མཆོག་བརྒྱད༔ འཁོར་བསྒྱུར་མངའ་ཐང་ལོངས་སྤྱོད་རྫོགས་པའི་དཔལ༔ ཏིང་འཛིན་སྔགས་དང་རྒྱའི་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྂ༔ བཛྲ་གུ་རུ་ས་པ་རི་ཝཱ་ར་ཨརྒཾ་སོགས་ཀྱིས་མཆོད༔ ནང་མཆོད་འབུལ་བ་ནི༔ ཧོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ སྣོད་བཅུད་རྣམ་དག་ཡེ་ཤེས་ཕྱག་རྒྱའི་འཕྲུལ༔ འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོ༔ འབུལ་ལོ་ཚོགས་དྲུག་རང་སར་གྲོལ་བར་ཤོག༔ ཨོཾ་ཨཱཿརཱུ་པ་ཤབྡ་གནྡྷེ་རཱ་ས་སྤརྴེ་པཱུ་ཛ་ཧོ༔ གསང་མཆོད་འབུལ་བ་ནི༔ ཧོ༔ ཡབ་ཡུམ་མཉམ་སྤྱོར་བདེ་བ་ལས་བྱུང་བའི༔ ཐབས་དང་ཤེས་རབ་གཉིས་སུ་མེད་པ་སྟེ༔ མཐོང་དང་དྲན་པའི་ཡིད་བདེས་སིམ་བྱེད་པ༔ སྣང་སྲིད་རང་གྲོལ་རིག་མའི་མཆོད་པ་འབུལ༔ ཨོཾ་ཨཱཿཔཉྩ་མུ་དྲ་མ་ཧཱ་པཱུ་ཛ་ཧོ༔ སྨན་མཆོད་པ་ནི༔ ཧོ༔ དཔའ་བོ་རིགས་ལྔ་ཡབ་ཡུམ་སྦྱོར་བ་ལས༔ རང་བྱུང་རྩ་བརྒྱད་སྟོང་སྦྱར་བདུད་རྩིའི་རྒྱུན༔ འཐེབ་སྲིན་རྩེ་སྦྱར་ཉི་ཟླའི་གའུ་ཡིས༔ བླང་དོར་མེད་པར་རྟོགས་པས་མཆོད་པ་འབུལ༔ སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི༔ རཀྟ་མཆོད་པ་ནི༔ ཧོ༔ ཁམས་གསུམ་ཁྲག་ཏུ་རོལ་བའི་རྒྱ་མཚོ་རུ༔ རྟེན་འབྲེལ་གིརྟི་དམར་མོའི་གསང་བའི་བཅུད༔ རྒྱུ་དྲུག་དབྱིངས་སྒྲོལ་སྡུག་བསྔལ་སེལ་བའི་རྫས༔ ཆགས་བྲལ་གསང་བའི་ཁྲག་ཆེན་བཞེས་སུ་གསོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ གཏོར་མ་འབུལ་བ་ནི༔ ཧོ༔ ཕྱི་སྣོད་གཏོར་གཞུང་ནང་བཅུད་གཏོར་མ་སྟེ༔ གསང་བ་བདག་འཛིན་རཱུ་ཏྲ་བསྒྲལ་བའི་ཤ༔ འདོད་ཡོན་སྣ་ཚོགས་ཅིར་ཡང་འཆར་བ་འདི༔ འབུལ་ལོ་ཞེན་འཛིན་རི་བོ་གཏོར་བར་ཤོག༔ མ་ཧཱ་བ་ལིཾ་ཏ་ལ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྂ༔ སྐུ་ནི་ཟང་ཐལ་ཕྱོགས་ཆའི་སྤྲོས་ལས་འདས༔ གསུང་ནི་བརྗོད་བྲལ་ནཱ་ད་སྲིད་ཞིར་ཁྱབ༔ ཐུགས་ནི་དམིགས་མེད་མཁྱེན་བརྩེའི་ཡེ་ཤེས་ངང༔ ཆོས་སྐུ་ཀ་དག་ཆེན་པོར་ཕྱག་འཚལ་བསྟོད༔ ལྷུན་གྲུབ་ཡེ་ཤེས་སྐུ་དང་རྒྱན་འཁོར་རྫོགས༔ ཟུང་འཇུག་ཁ་སྦྱོར་བདེ་ཆེན་རང་བཞིན་མེད༔ སྙིང་རྗེས་གང་དང་རྒྱུན་མི་ཆད་འགོག་མེད༔ ལོངས་སྐུ་རང་གསལ་ཆེན་པོར་ཕྱག་འཚལ་བསྟོད༔ ཐུགས་རྗེ་རོལ་བ་རྟག་ཁྱབ་ལུ་གུ་རྒྱུད༔ དག་དང་མ་དག་སྐྱེ་བ་སྤྲུལ་བའི་སྐུ༔ ཆོས་ཉིད་གཅིག་ལས་འཆར་ཆ་དུ་མར་འཕྲུལ༔ སྤྲུལ་སྐུ་རང་ཤར་ཆེན་པོར་ཕྱག་འཚལ་བསྟོད༔ ཐུགས་རྗེའི་ཡེ་ཤེས་རང་རྩལ་ཤུགས་འབྱུང་དུ༔ ཉིད་ལས་མི་གཞན་ཞི་དང་ཁྲོ་བོའི་སྐུ༔ སྣ་ཚོགས་ཐབས་ཀྱིས་གདུལ་བྱ་འདུལ་མཛད་པ༔ རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཚོགས་ལ་བསྟོད༔ སྐུ་ལྔ་ལྷུན་གྲུབ་བདེ་བ་ཆེན་པོའི་ངང་༔ གང་འདུལ་ཐབས་ཀྱིས་ཁྲོ་ཆེན་སྐུར་བཞེངས་པ༔ ཁམས་གསུམ་དབང་བྱེད་གནམ་ལྕགས་རལ་བ་ཅན༔ རྟ་མཆོག་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད༔ སྲིད་པའི་ཁྲག་མཚོའི་ཀེང་རུས་ཕོ་མོའི་སྟེང་༔ སྟག་དང་རུ་དྲ་ཉི་མ་དཀྱིལ་ཁར༔ དཔལ་ཆེན་རྟ་མགྲིན་ནག་པོ་ཤིན་ཏུ་ཁྲོས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་གེལ་ཚུལ་བཞུགས༔ རྡོ་རྗེས་སེང་ལྡེང་རྒྱལ་རྔ་འཛིན་ལ་བསྟོད༔ སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན༔ དབང་སྡུད་རྟ་མགོ་ལྗང་ཞུར་རྟ་སྐད་འཚེར༔ བསྐལ་བའི་མེ་ཕྲེང་འཁྲིགས་པའི་སྐྲ་འཕྱོ༔ ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས་ལ་བསྟོད༔ དབུ་སྐྲ་སྨ་ར་སྨིན་མར་མེ་སྟག་འཚུབས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་བགེགས་ལ་གཟིགས༔ ཀེང་རུས་སྙན་ཆ་ཐོད་པའི་དོ་ཤལ་དཔྱང་༔ རུས་རྒྱན་སྟག་ཤམ་ཐབ་གསོལ་ལ་བསྟོད༔ རྡོ་རྗེ་ཁྲོས་མ་སྐུ་མདོག་མཐིང་སྔོན་འབར༔ ཞལ་གཅིག་ཕྱག་གཉིས་གཅེར་བུ་རུས་རྒྱན་ཅན༔ ཆགས་ཁྲོས་གྲི་ཐོད་ཕྱར་བ་མགུལ་ནས་འཁྱུད༔ དགའ་བཞི་ཡེ་ཤེས་མཆོག་ཏུ་སྦྱོར་ལ་བསྟོད༔ རིགས་བདག་པདྨ་ཐོད་ཕྲེང་དམར་ནག་ཞལ༔ གཅིག་ཕྱག་གཉིས་ཐོད་རྔ་དྲིལ་བུ་འཁྲོལ༔ སྟག་ཤམས་ཐོད་སྐམ་རུས་རྒྱན་ཁྲོ་བོའི་ཆས༔ ཕག་མོ་གྲི་ཐོད་འཛིན་པས་འཁྱུད་ལ་སྟོད༔ གསང་ཡེ་སྡེ་བཞི་དགྱེས་འཛུམ་དཔའ་མོའི་ཆས༔ རང་རིགས་དཔའ་བོ་རྡོར་དྲིལ་འཛིན་དང་སྦྱོར༔ ལས་བཞིའི་ལྷ་མོ་རང་རྟགས་ཕྱག་མཚན་འཛིན༔ སྤྲུལ་བ་ཁྲོ་ཚོགས་འཁོར་འདས་ཁྱབ་ལ་བསྟོད༔ དེ་ལྟར་མཆོད་ཅིང་བསྟོད་པའི་བྱིན་རླབས་ཀྱིས༔ ཐོག་མེད་བསག་པའི་སྡིག་ལྟུང་ཉམས་ཆགས་བཤགས༔ སྐྱེ་གནས་བཞི་ཡི་སྒྲིབ་དག་ལྷ་སྐུར་ཤར༔ སྣང་གསུམ་འཕོ་བའི་བག་ཆགས་དག་པར་ཤོག༔དམིགས་པ་ནི༔ དམ་རྫས་མ་ལུས་རྟ་མཆོག་རོལ་བའི་སྐུཿ ཐུགས་གར་ཉི་གདན་སྔགས་ཀྱི་ཕྲེང་བ་ནིཿ ཡབ་རྣམས་གཡས་སྐོར་ཡུམ་རྣམས་གཡོན་དུ་འཁོརཿ འབྲུག་སྟོང་དུས་གཅིག་གྲགས་པའི་སྒྲ་དབྱངས་དང་ཿ ཉི་མ་འབུམ་ཕྲག་ཤར་འདྲའི་སྔགས་འོད་ཀྱིསཿ རྒྱལ་ཀུན་གསང་གསུམ་བྱིན་རླབས་མ་ལུས་པཿ སྐུ་དང་ཡིག་འབྲུ་ཕྱག་མཚན་ཚུལ་དུ་བསྡུསཿ སྣང་གྲགས་རིག་གསུམ་འཁོར་ལོ་གསུམ་དུ་གྱུརཿ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྂ་ཕཊཿ ཡ་མ་ར་ཙ་དུ་ཏྲི་ཕུ་ཏི་ཧྲཱིཿ་ཧཱུྂཿཕཊཿ བདག་མདུན་གཙོ་འཁོར་ཐམས་ཅད་ཀྱིཿ དཔལ་གྱི་རྟ་སྐད་ཐེང་གསུམ་གྱིསཿ སྣང་སྲིད་དྲེགས་པ་སྡེ་བརྒྱད་ཚོགསཿ དབང་བསྡུས་བཀའ་ལ་ཉན་པར་བསམཿ ཐུན་མཐར་དྲེགས་པ་གནད་གཟིར་ནཿ བསྙེན་སྒྲུབ་ལས་གསུམ་སྦྲེལ་བའི་སྔགསཿ དྲག་སྔགས་རྡོ་རྗེའི་མེ་དཔུང་ནིཿ བཀླགས་པ་ཙམ་གྱིས་བྱིན་རླབས་འཇུགཿ ཨོཾ་ཧྲཱི་བཛྲ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧཱུྂ་ཕཊཿ རྩ་སྔགས་བྱིན་རླབས་ཆུ་བོའོཿ ཡཀྵ་ནག་པོ་ནྲྀ་ཏྲི་ཧུར་ཐཾ་ཛ༔ ལས་སྔགས་གནམ་ལྕགས་སྤུ་གྲི་དང་༔ འགུགས་སྔགས་ལྕགས་ཀྱུ་རྣོན་པོའོཿ གནོད་བྱེད་མཱ་ར་ཡཿ སྲོག་ལ་རྦད་རྦདཿ སྙིང་ལ་རྦད་རྦདཿ རྩ་ལ་རྦད་རྦདཿ ཁྲག་ལ་རྦད་རྦདཿ ཤ་ལ་རྦད་རྦདཿ རུས་ལ་རྦད་རྦདཿ ཀླད་པ་ལ་རྦད་རྦདཿ ཡིད་ལ་རྦད་རྦདཿ བསད་སྔགས་སྲོག་གི་འཁོར་ལོའོཿ ཙིཏྟ་ཟུང་ཟུང་༔ ཙིཏྟ་རྨུགས་རྨུགསཿ ཙིཏྟ་ཕྱུངས་ཕྱུངསཿ ཙིཏྟ་གཏུབས་གཏུབསཿ ཙིཏྟ་མྱོག་མྱོགཿ ཙིཏྟ་ཐུཾ་རིལཿ ཡ་ཡ་བྷྱོ་བྷྱོཿ རྦད་སྔགས་ཐོག་རྒོད་ངར་མའོཿ སྲོག་རྩ་ཆོད་ཆོདཿ སྙིང་ཕྱུངས་ཕྱུངསཿ ཁཾ་ཁཾཿ ལཾ་ལཾཿ ཚལ་པར་རྦད་རྦདཿ དུམ་བུར་རྦད་རྦདཿ ཐུམ་རྨྱོག་བཾ་རིལ་མཱ་ར་ཡ་རྦད་སོདཿ བསད་སྔགས་གློག་གི་འཕྲུལ་འཁོར་རོཿ རཾ་རཾ་ཛྭ་ལ་རཾ་ཨུ་ཙ་ཏ་ཡ་ཕཊཿ བསྲེག་སྔགས་བསྐལ་བའི་མེ་དཔུང་ངོཿ བྱམས་སྙིང་རྗེ་ལྡན་པ་ཡིསཿ གསང་བས་འདི་ཉིད་ཉམས་སུ་བླང་ཿ མ་གསང་རང་གི་སྲོག་ལ་གཟནཿ སྔགས་པ་དམྱལ་བའི་གནས་སུ་སྐྱེཿ ཟབ་མོའི་སྔགས་རྒོད་འདི་སྒྲུབ་ནཿ སྡེ་བརྒྱད་མ་ལུས་དབང་དུ་འདུཿ དགྲ་བགེགས་འབྱུང་བོ་མ་ལུས་སྒྲོལཿ ནད་དང་གནོད་པ་འདི་ཡིས་ཞིཿ རྐྱེན་ངན་བར་ཆད་འདི་ཡིས་བཟློགཿ ཚེ་འདིར་རྟ་འགྲིན་སྐུ་འགྲུབ་ཅིང་༔ ཕྱི་མ་མེད་པར་སངས་རྒྱའོཿ སྐབས་སུ་ཐུགས་རྒྱུད་བསྐུལ་ཞིང་བྱིན་འབེབས་བྱ་བ་ནིཿ ཧཱུྂ་ཧཱུྂ་ཧཱུྂ་ཧྲཱིཿ སྣང་བ་མཐའ་ཡས་ལོངས་སྤྱོད་རྫོགསཿ པདྨ་འོད་ཕྲེང་སྐུར་བཞེངས་ཤིགཿ རྒྱལ་ཀུན་གསང་གསུམ་ནུས་པ་ཡིཿ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུརཿ དབྱིངས་ཀྱི་ཡུམ་ཆེན་གོས་དཀར་མོཿ གསང་བ་ཡེ་ཤེས་དབྱིངས་ནས་བཞེངསཿ གནས་གསུམ་མཁའ་འགྲོའི་ཡེ་ཤེས་རྩལཿ བྱིན་ཆེན་ཕོབ་ལ་དབང་ཆེན་སྐུརཿ ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལཿ དཔའ་བོ་དབང་སྡུད་བྱིན་ཆེན་ཕོབསཿ མཁའ་སྤྱོད་གཙོ་བོ་ཁྲོས་མ་ནགཿ མཁའ་འགྲོ་དབང་སྡུད་བྱིན་ཆེན་ཕོབསཿ མཐུ་སྟོབས་བདག་ཉིད་ཁྲོ་བོ་བཞིསཿ དྲེགས་པ་འདུལ་བའི་བྱིན་ཆེན་ཕོབསཿ བདེ་ཆེན་བསྐྱེད་པའི་མཁའ་འགྲོ་བཞིསཿ སྣང་བ་དབང་སྡུད་བྱིན་ཆེན་ཕོབསཿ མཁའ་མཉམ་སྤྲུལ་བཡང་སྤྲུལ་གྱིསཿ ཁམས་གསུམ་དབང་སྡུད་བྱིན་ཆེན་ཕོབསཿ བླ་མའི་ཧཱུྂ་སྒྲ་ལྡི་རི་རིཿ ཡི་དམ་ཕཊ་སྒྲ་སེང་སེ་སེངཿ དཔའ་བོའི་བྲོ་བརྡུང་ཐག་སེ་ཐགཿ དཔའ་མོའི་བཞད་སྒྲ་ལྷང་སེ་ལྷང་ཿ དྲི་ཞིམ་སྤོས་དྲི་ཐུ་ལུ་ལུཿ འཇའ་དང་འོད་ཟེར་ལམ་སེ་ལམཿ དབུ་སྐྲའི་ཟར་བུ་ད་ལ་ལཿ རིན་ཆེན་རུས་རྒྱན་ཉི་ལུ་ལུཿ དར་གདུག་ཅོད་པཎ་པུ་རུ་རུཿ ཕྱག་རྒྱ་གར་སྟབས་ཤིག་སེ་ཤིགཿ དམ་ཚིག་རྫས་ལ་བྱིན་ཆེན་ཕོབསཿ མཐོང་ཐོས་རེག་ཚད་གྲོལ་བར་མཛོདཿ སྲུང་བའི་རྫས་ལ་བྱིན་ཆེན་ཕོབསཿ ཐེབ་ཚད་མི་མཐུན་ལས་གྲོལ་མཛོདཿརྣལ་འབྱོར་ལུས་ལ་བྱིན་གྱིས་རློབསཿ གདན་གསུམ་ཚང་བའི་འཁོར་ལོར་བསྒྱུརཿ རྣལ་འབྱོར་ངག་ལ་བྱིན་གྱིས་རློབསཿ ལོངས་སྤྱོད་འཁོར་ལོ་རང་གྲོལ་མཛོདཿ རྣལ་འབྱོར་ཡིད་ལ་བྱིན་གྱིས་རློབསཿ ཆོས་ཉིད་ཡེ་གྲོལ་རང་ཞལ་སྟོནཿ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧཱུྂ་ཕཊཿ ཛྙཱ་ན་ས་ཏྭ་ཨ་ཝེ་ཤ་ཡ་ཨ་ཨཿ ཧཱུྂ་ཧཱུྂ་ཧཱུྂཿ

འདི་ཡིས་བྱིན་རླབས་མངོན་སུམ་ཐོབཿ ཐོས་ཚད་རྒྱུད་ལ་ཡེ་ཤེས་འཇུགཿ ཐུན་མཐར་མཆོད་ཅིང་བསྟོད་པ་དང་ཿ གཞན་དོན་བསྔོ་བས་རྒྱས་འདེབས་བྱཿ དངོས་གྲུབ་ལེན་པོ་ནིཿ བྱིན་འདེབས་སྔོན་དུ་འགྲོ་བ་ཡིསཿ དམ་ཚིག་གི་རྫས་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་དངོས་གྲུབ་གྱི་རྫས་སུ་གྱུར་བར་མོས་ལཿ ཨཿ ངོ་བོ་ཡེ་ཤེས་རྣམ་པ་དམ་ཚིག་རྫསཿ དཀྱིལ་འཁོར་ཕྱག་མཚན་སྲུང་བའི་འཁོར་ལོ་དང་ཿ བྱུགས་པ་བདུག་པ་རིལ་བུ་སྲུང་མདུད་སོགསཿ ཡེ་ནས་ཆོས་ཉིད་ལྷ་ཡི་ངོ་བོར་བཞུགསཿ དམ་ཚིག་རྫས་སུ་ཤར་བའི་ཆ་ཤེས་རེའིཿ རྡུལ་ཕྲན་རེ་ལ་རྡུལ་སྙེད་དཀྱིལ་འཁོར་རྫོགསཿ དད་དང་མོས་པ་དམ་ཚིག་རྗེས་འགྲོ་བའིཿ འདོད་དགུར་འཆར་བའི་བྱིན་རླབས་རྟེན་དུ་གྱུརཿ སྣང་སྲིད་དག་པ་ལྷ་ཡི་དཀྱིལ་འཁོར་ལཿ སྲུང་བྱ་སྲུང་བྱེད་ཡེ་ནས་རོ་གཅིག་ཀྱང་ཿ གདུལ་བྱའི་ཁམས་དང་སྣང་ཆ་རྟེན་འབྲེལ་དུཿ ཀུན་རྫོབ་མཚན་མ་རྟགས་ཀྱི་ཕྱག་རྒྱ་ཆེཿ ལྷ་དང་གཉིས་སུ་མེད་པའི་ཡེ་ཤེས་རྫསཿ མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་པའིཿ རྒྱུད་ལ་ཐར་བའི་ས་བོན་བསྐྲུན་ནུས་པའིཿ ལས་བཞི་ལྷུན་གྲུབ་དངོས་གྲུབ་ད་ལྟ་སྩོལཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྂཿ ཅེས་བརྗོད་ཅིང་དམ་ཚིག་གི་རྫས་གནས་གསུམ་དུ་གཏུག་ཅིང་མྱང་བར་བྱའོཿ ཅེས་པའང་རིག་འཛིན་རྗེའི་གཏེར་ཆོས་བསམ་པ་ལྷུན་གྲུབ་མཆོག་ཐུན་མོང་དངོས་གྲུབ་མ་ལུས་འབྱུང་བའི་གཏེར་ཁྱིམ་གྱི་གསང་བའི་མན་ངག་ལས་ཚོགས་ལས་ཁོལ་དུ་བྱུང་བའོ། །


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་མན་ངག་བརྒྱད་པ་དབང་ཆེན་རྟ་མཆོག་ནག་པོའི་ལས་ཚོགས།next