Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་རྟ་མགྲིན་ནག་པོའི་སྒོ་ནས་གཏོར་དབང་བར་ཆད་གཡུལ་འཇོམས་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།
   
   
   


 
previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་རྟ་མགྲིན་ནག་པོའི་སྒོ་ནས་གཏོར་དབང་བར་ཆད་གཡུལ་འཇོམས་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།next

གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་རྟ་མགྲིན་ནག་པོའི་སྒོ་ནས་གཏོར་དབང་བར་ཆད་གཡུལ་འཇོམས་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།

༄༅། ། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ གུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས༔ རྟ་མགྲིན་ནག་པོའི་སྒོ་ནས་གཏོར་དབང་བར་ཆད་གཡུལ་འཇོམས་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ་བཞུགས་སོ། །

ན་མོ་གུ་རུ་ཧྱ་གྷྲི་ཝ་ཡེ། །ལྷ་མཆོག་རྟ་མགྲིན་ནག་པོའི་སྒོ་ནས་བར་ཆད་རྐྱེན་སེལ་གཏོར་མའི་དབང་བསྐུར་བར་བྱེད་པ་ལ། ཐོག་མར་ནགས་དབེན་པར་དད་ལྡན་གྱི་སློབ་མ་ལ་སྔོན་འགྲོ་ཆོས་བཤད་བྱས་ཤིང༌། དུས་ལ་བབས་པ་ན། སྟེགས་བུའི་ཁར་ཆོས་འབྱུང་མཐིང་ནག་མེ་རི་འབར་བའི་དཀྱིལ་འཁོར་རམ་ཚོམ་བུའི་སྟེང་དུ་ཐོད་པ་འབྲུའི་ཁེངས་པའམ་ཟངས་ལྕགས་ཀྱི་སྣོད་གཙང་མར་གྲུ་གསུམ་བསྣོལ་མའི་གདན་ལ་དྲག་གཏོར་ཐོག་གི་མདེའུ་ལྟ་བུ་མེ་རི་འབར་བ་རྟ་མགོས་མཚན་པ་བཤམས། ཕྱི་ནང་གི་ཉེར་སྤྱོད་འདུ་བར་བྱས། གཞན་ཡང་དཀྱིལ་འཁོར་བཅུ་གསུམ་སོ་སོའི་སྒོས་དབང་བྱེད་པར་སྤྲོ་བས་དཀྱིལ་འཁོར་དང་ལྷ་སྔགས་ཀྱི་འཕྲུལ་ལ་བྱང་ཆུབ་པར་བྱའོ། །བདག་མདུན་བུམ་པ་བཅས་གྲུབ་པ་དང༌། ཁྲུས་བྱས། བགེགས་བསྐྲད་སྲུང་འཁོར་བསྒོམ། ཆོས་བཤད་ལ་མཎྜལ་འབུལ་བཅུག གསོལ་བ་འདེབས་པ་ནི། ཀྱེ་ཁྲོ་བོ་རོལ་བ་འདུས་པའི་རྗེཿ བླ་མ་རྟ་མཆོག་ཧེ་རུ་ཀའིཿ སྐུ་གསུང་ཐུགས་དང་ཡོན་ཏན་གྱིཿ དབང་མཆོག་མ་ལུས་བསྩལ་དུ་གསོལཿ ལན་གསུམ། བླ་མས། ལྡོག་མེད་དད་དང་དམ་ཚིག་ཅནཿ གསང་བའི་གནས་འདིར་ཞུགས་པ་ལེགསཿ བཟང་ངན་བརྟུལ་ཞུགས་སྤྱོད་པ་ཡིསཿ རྡོ་རྗེའི་དམ་ཚིག་ཁྱོད་ཀྱིས་ལོངསཿ ཞེས་བཀའ་བགོས། ཐོག་མར་སྒྲིབ་པ་བསལ་བ་ནི། མེ་ཐབ་བཤམ་ལ། དེ་ནས་དཀྱིལ་འཁོར་གཉན་པོར་འཇུག་པའི་སྒྲིབ་པ་བསལ་བའི་ཕྱིར་ཏུ། མདུན་དུ་དྲག་པོའི་ཐབས་ཁུང་གྲུ་གསུམ་དུ་མེ་སྦར། ཏིལ་ནག་ལ་སྡིག་པའི་དབྱིབས་བཅོས། གཡས་ནས་ཞེ་སྡང་གི་རླུང་དཀར་པོ། གཡོན་ནས་འདོད་ཆགས་ཀྱི་རླུང་དམར་པོ། མཉམ་དུ་གཏི་མུག་གི་རླུང་ནག་པོ་སོགས་ཐོག་མེད་ནས་བསག་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཏིལ་ལ་སིབ་ཀྱིས་ཐིམ་པ་ཤ་དང་ཁྲག་གི་རྒྱ་མཚོ་ཟགས་མེད་བདུད་རྩིའི་རང་བཞིན་དུ་གྱུར་ཏེ་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་ནང་གི་དཔལ་རྟ་མགྲིན་ནག་པོའི་ཞལ་ཏུ་དམར་ལྕིབ་ལྕིབ་གསོལ་བས་ཚོགས་གཉིས་རྫོགས། སྒྲིབ་གཉིས་དག བར་ཆད་མ་ལུས་པ་ཆོས་དབྱིངས་བདེ་བ་ཆེན་པོའི་ངང་དུ་རྗེས་མེད་དུ་ཞི་བར་བསམ། ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཁ་ཧིཿ ཞེས་ལན་བདུན་དང༌། ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྷྲི་ཝ་ཧཱུྂ་ཕཊཿ དྲག་ཏུ་བརྗོད་དེ་ཏིལ་ནག་ཐབ་ཏུ་ཕུལ། རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་སོགས་སྨོན་ལམ་བྱ། ད་ཁྱེད་རྣམས་དཀྱིལ་འཁོར་དུ་འཇུག་པའི་དོན་དུ་ཐོག་མར་གསོལ་པ་གདབ་པ་འདིའི་རྗེས་ཟློས་མཛོད༔ ཧོ༔ ཁྱབ་བདག་སྟོན་པ་རིན་པོ་ཆེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སྨིན་གྲོལ་མཛོད༔ རྡོ་རྗེའི་དམ་ཚིག་དུས་འདིར་སྩོལ༔ ལན་གསུམ། དེ་ནས་རྒྱུན་བཤགས་འདིའི་རྗེས་ཟློས་མཛོད༔ ཧོ༔ དགོངས་ཤིག་རྡོ་རྗེ་སློབ་དཔོན་དགོངས༔ བདག་ཅག་མ་རིག་དབང་གྱུར་པས༔ སོ་སོར་ཐར་པའི་སྡོམ་པ་ཉམས༔ བྱང་ཆུབ་སེམས་དཔའི་སེམས་བསྐྱེད་འཁྲུལ༔ རྡོ་རྗེ་ཐེག་པའི་དབང་བསྐུར་གྱི༔ རྩ་བ་ཡན་ལག་དམ་ཚིག་ཆག༔ ཕྱག་རྒྱ་ཆེན་པོར་གོ་བ་ལོག༔ རིམ་པ་གཉིས་ཀྱི་གསང་ཚིག་བསྒྲགས༔ མདོར་ན་ཚོར་དང་མ་ཚོར་བའི༔ ཐུགས་དང་འགལ་བ་ཅི་མཆིས་པ༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ ཚངས་དབང་མཆོག་གི་དངོས་གྲུབ་སྩོལ༔ ཅེས་ལན་གསུམ། བྱང་ཆུབ་སེམས་བསྐྱེད་ཉམས་པ་སླར་གསོ་དང་གོང་དུ་འཕེལ་བའི་ཆེད་དུ་འདིའི་ལད་མོ་མཛོད། ཧོ༔ དུས་གསུམ་སངས་རྒྱས་བྱང་སེམས་ཀྱིས༔ སེམས་ཅན་རྣམས་ཀྱི་དོན་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་བསྐྱེད་ལྟར༔ དེང་འདིར་བདག་གིས་སེམས་བསྐྱེད་དོ༔ ལན་གསུམ།

༈ །དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཕྱག་རྟེན་ཏུ་རིན་པོ་ཆེ་རིན་ཐང་མེད་པའི་མེ་ཏོག་གི་ཕྲེང་བ་ཡངས་ཤིང་མ་ཉམས་པ་རེ་ཕྱག་ཏུ་སྤྲད་པར་མོས་ཤིག །ཨོཾ་ཨཱཿཧཱུྃ། ཞེས་མེ་ཏོག་གི་ཅོད་པན་གཏད། ཁྱེད་རྣམས་སྔོན་ཆད་གསང་ཆེན་བླ་ན་མེད་བའི་དལ་དུ་མ་ཞུགས་པའམ། ཞུགས་ཀྱང་བསྐྱར་ཏེ་འཇུག་བ་ལ་གསང་སྒྲོག་གི་ཉེས་པ་མི་འབྱུང་བའི་ཕྱིར་གདོང་གཡོགས་དམར་པོ་བཅིངས་པའི་མོས་པ་མཛོད། ཨོཾ་ཙཀྵུབྷནྡྷ་བྷནྡྷ་སྭཱཧཱ༔ མིག་དར་གཏད། ཡེ་ཤེས་དབབ་པ་ནི། ལུས་གཅུན། རླུང་བཟུང་། སེམས་དམིགས་པ་ལས་མ་ཡེངས་བར་བྱ། གུ་རུ་རྟ་མགྲིན་ནག་པོའི་དབང་གི་དོན་དུ་མདུན་བསྐྱེད་དང་སློབ་དཔོན་འདི་ལྟར་གསལ་ཐོབ། མདུན་གྱི་ནམ་མཁར་རྒྱ་མཚོ་ཆེན་པོ་སྔོ་ལ་དྭངས་པའི་དཀྱིལ་དུ་མེ་དཔུང་འབར་བ། དེ་སྟེང་ཀེང་རུས་སྟག་དང་རུ་དྲ་ཕོ་མོ་བརྩེགས་པའི་གདན་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངོ་བོ་གུ་རུ་པདྨ་ལ་རྣམ་པ་དཔལ་ཆེན་རྟ་མགྲིན་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་སེང་ལྡེང་གི་རྔ་པུས་མོ་གཡོན་པའི་སྟེང་དུ་བརྡུངས་པ། ཞབས་གཉིས་མིའུ་ཐུང་གེལ་པའི་ཚུལ་གྱིས་བཞུགས་པ། ཀེང་རུས་ཀྱི་སྙན་ཆ་དང་། རལ་པའི་གསེབ་ནས་རྟ་མགོ་ལྗང་ཞུར་མཚེར་བ། །ཡུམ་རྡོ་རྗེ་གསང་ཁྲོས་མ་སྔོན་མོ་གྲི་ཐོད་ཅན་གྱིས་འཁྱུད་པ། དཔལ་དང་ནུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང་། སྤྱི་བོར་པདྨ་ཐོད་ཕྲེང་དམར་ནག ཌཱ་དྲིལ་འཛིན་པས། ཡུམ་རྡོ་རྗེ་ཕག་མོར་ཁྱུད་པའི། འཁོར་མཁའ་འགྲོ་སྡེ་བཞིས་བསྐོར་བ། ཕྱོགས་བཞིར་ཕྱག་རྒྱ་རྣམ་བཞི་འཛིན་པའི་མཁའ་འགྲོ་བཞི་སོགས་ཁྲོ་བོ་ཁྲོ་མོའི་ཚོགས་ཀྱིས་བསྐོར་བར་སྒོམ་ལ་འདིའི་རྗེས་ཟློས་མཛོད། ལམ་སྲང་འཇིགས་པའི༴ བསད་ཁྱེར༴ ཡིད་གཉིས༴ ཨོ་རྒྱན་ཕྱག༴ ཙོ་ར༴ ཨོ་རྒྱན༔ བདག་ལ་དབང་སྐུར་རྡོ་རྗེའི་ཡེ་ཤེས་སྐྱེད༔ བསམ་པ༴ ལན་གསུམ་བརྗོད། དེ་ལྟར་སྙིང་ཁུང་རུས་པའི་གཏིང་ནས་གསོལ་བ་ཤུགས་དྲག་ཏུ་བཏབ་པས་རྐྱེན་གྱིས་བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྤྲོས། སློབ་མའི་སྙིང་གར་རེག་པས་མ་དག་པའི་ཕུང་ཁམས་སྐྱེ་མཆེད་སྟོང་པར་སྦྱང་། སྟོང་པའི་ངང་ལས་གཉུག་མའི་སེམས་ཉིད་མདུན་བསྐྱེད་ཇི་ལྟ་བར་གསལ་བར་གྱུར། ཁྱོད་རང་དང་མདུན་བསྐྱེད་བླ་མ་བཅས་པའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཙུན་མོར་བཅས་པའི་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་གྱི་རྣམ་པ་ཆར་ལྟར་བབས་ནས་ཁྱོད་ཀྱི་སྒོ་གསུམ་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། རྩ་སྔགས་མཐར། ཨོཾ་ཨཱཿཧཱུྃ༔གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ༔ཧཱུྃ༔ཕེཾ་ཕེཾ༔ རཱ་རཱ་རཱ་རཱ༔ ཙ་ལཱ་ཡ་ཙ་ལཱ་ཡ༔ དོ་ཤཱ་ཡ་དོ་ཤཱ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཿ ཞེས་རོལ་མོ་བཅས་ཡེ་ཤེས་དབབ། ༀ་ཨཱཿ་ཧཱུྃ་གིས་མེ་ཏོག་ཕུལ། མིག་དར་བསལ། དང་པོ་བུམ་པའི་དབང་ནི། སློབ་མའི་བྱ་བ་ནི་བཤགས་པ་དང་དབང་ཐོབ་པའི་དམིགས་པ་སྟེ། བླ་མ་རྩ་བ་གསུམ་གྱི་སྤྱན་སྔར་སྲོག་གཅོད་མ་སྦྱིན་ལེན་དང་མི་ཚང་སྤྱོད་པ་དང༌། ལུས་ཀྱི་སྒོ་ནས་བསག་པའི་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་སྡིག་པ་དང་སྒྲིབ་པ་དེས་བསྐྱེད་པའི་རྐྱེན་ངན་བར་ཆད་ཞི་བའི་ཆེད་དུ་སྙིང་ནས་གསོལ་བ་བཏབ། གཏོར་གཞུང་དུར་ཁྲོད་རོལ་བའི་གཞལ་མེད་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ། གཏོར་པ་དཔལ་རྟ་མཆོག་པོའི་དཀྱིལ་འཁོར། རྩེ་མོ་ན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ། བར་ན་ཡི་དམ་གྱི་དཀྱིལ་འཁོར། མཐའ་སྐོར་ན་དཔལ་བོ་མཁའ་འགྲོ། སྲུང་མ་ལས་བྱེད་ཉི་ཟེར་གྱི་རྡུལ་ལམ་ནམ་མཁའ་ལ་སྤྲིན་འཁྲིགས་པ་ལྟར་བཞུགས་པར་སྒོམས་ཤིག བདག་དང་མདུན་བསྐྱེད་གཏོར་མའི་གནས་གསུམ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ དབང་བསྐུར་བའི་གསོལ་བ་བཏབ་པས་རིག་ལྔ་འཁོར་བཅས་ཀྱི་ལས་སོ་སོའི་བུམ་པ་ཐོགས་སྟེ། ཨོཾ་སརྦ་ཏཐཱ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྂ། ལྷ་རྣམས་འོད་དུ་ཞུ་ནས་སློབ་མ་ལ་ཐིམ། ཛ་ཧཱུྂ་བྂ་ཧོཿ རིགས་བདག་འོད་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། སླར་ཡང་གཏོར་མ་ཁྲོ་མཆོག་རྟ་མགྲིན་དཔལ་དང་གཉིས་སུ་མེད་པའི་བླ་མའི་སྤྱི་བོའི་དཔལ་རྟ་མགྲིན་དཀར་པོའི་སྐུ་ལས་རང་འདྲ་འཕྲོས། འཁོར་རྣམས་ཀྱི་སྐུ་ལུས་ཀྱང་དེ་བཞིན་འཕྲོས། སློབ་མའི་སྨིན་མཚམས་ཀྱི་རྟ་མཆོག་རོལ་བ་དཀར་པོ་ལ་ཐིམ་པར་མོས་ལ། ཨོཾཿ རྒྱལ་བ་རབ་འབྱམས་སྐུ་ཡི་དབང་༔ དེ་རིང་བུ་ལ་སྦྱིན་པར་བྱཿ མཐོང་ཚད་ཁྲོ་བོའི་དཀྱིལ་འཁོར་རྫོགསཿ བུམ་དབང་ཡོངས་རྫོགས་ཐོབ་པར་ཤོགཿ ཨོཾ་བཛྲ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྂ། བུམ་པ་ཡོད་ན་བདུད་རྩི་བླུད་མེད་ན་དམིགས་པ་བྱས་པས་འགྲུབ། དེ་ལྟར་དབང་བསྐུར་བས། ལུས་ཀྱི་སྒྲིབ་དག བསྐྱེད་རིམ་བསྒོམ་པ་ལ་དབང༌། སྤྲུལ་སྐུའི་གོ་འཕང་ཐོབ་པའི་བསྐལ་བ་ཅན་དུ་བྱས།

༈ གསང་དབང་ནི། སློབ་མའི་བྱ་བ་ཁ་བསྒྱུར་བ་ལ། བླ་མ་རྩ་བ་གསུམ་གྱི་སྤྱན་སྔར་ངག་གི་སྒོ་ནས་བསག་པའི་རྫུན་དང་ཕྲ་མ། ཚིག་རྩུབ་ངག་འཆལ་དང༌། ངག་གི་སྒོ་ནས་བསག་པའི་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་སྡིག་པ་དང་སྒྲིབ་པ་དེས་བསྐྱེད་པའི་རྐྱེན་ངན་བར་ཆད་ཞི་བའི་ཆེད་དུ་སྙིང་ནས་གསོལ་བ་བཏབ། བླ་མ་དང་མདུན་བསྐྱེད་ཀྱི་མགྲིན་པའི་རྟ་མགྲིན་དམར་པོའི་མགྲིན་པའི་ཨཱ་ལས་དབྱངས་དང་གསལ་བྱེད་སོགས་ཡི་གེའི་སྤྲིན་འཕྲོས་ཏེ། མཚོ་ཆེན་ལ་ཁ་བ་བབས་པ་བཞིན་སློབ་མ་ལ་ཐིམ་པར་མོས་ལ། ཨཱཿ བརྗོད་པ་བྲལ་བ་ནཱ་དའི་དབྱངསཿ སྒྲ་རུ་ཤར་བ་ཡི་གེའི་ཚོགསཿ སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིཿ གསང་བའི་དབང་མཆོག་ཐོབ་པར་ཤོགཿ ཨཱ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྂ། ཡང་མདུན་བསྐྱེད་ཡབ་ཡུམ་སྦྱོར་བའི་བདུད་རྩི་འཛགས་པ་ལྕེ་ལ་བཞག་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས། རྩ་སྔགས་བཟླ། བདུད་རྩི་ཡོད་ན་བྱིན། དམིགས་པ་བྱས་ཀྱང་རུང༌། དེས་ངག་གི་སྒྲིབ་པ་དག རང་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། ལོངས་སྐུ་ཐོབ་པའི་བསྐལ་བ་རྒྱུད་ལ་བཞག བཟླས་ལུང་ནི། སླར་ཡང་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན་སློབ་མའི་ཞལ་དུ་ཐོན། ཐུགས་ཀའི་སྔགས་འཁོར་ལ་ཐིམ་པས་སྔགས་ཀྱི་བྱིན་རླབས་ཞུགས་པར་དམིགས་ལ། རྩ་སྔགས་ལས་སྔགས། ཆོ་ག་བཅས་ཀྱི་ལུང་སྦྱིན།

༈ ཤེས་རབ་ཡེ་ཤེས་ཀྱི་དབང་ནི། སློབ་མའི་བྱ་བ་ཁ་བསྒྱུར་བ་ནི། བླ་མ་རྩ་བ་གསུམ་གྱི་སྤྱན་སྔར་ཡིད་ཀྱི་སྒོ་ནས་བསག་པའི་བརྣབ་སེམས། གནོད་སེམས། ལོག་ལྟ་དང༌། ཡིད་ཀྱི་སྒོ་ནས་བསག་པའི་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས་སྡིག་པ་དང་སྒྲིབ་པ་དེས་བསྐྱེད་པའི་རྐྱེན་ངན་བར་ཆད་ཞི་བའི་ཆེད་དུ་སྙིང་ནས་གསོལ་བ་བཏབ། སློབ་མས་སྣང་སྲིད་ཕྱག་རྒྱར་ཤར་བའི་མཆོད་པ་འབུལ་བར་མོས་ལ། ཧོཿ བདེ་ཆེན་བསྐྱེད་པའི་རིག་མ་ཡིཿ གསང་བའི་མཎྜལ་ཁྱོད་ལ་འབུལཿ བླ་མས་བྱིན་གྱིས་བརླབས་ཤིང་གནང་བར་བསམ་ལ། ཀྱེ་བུ་ཁྱོད་དམ་ཚིག་གནས་ཤེས་སམཿ གཉིས་མེད་རྣལ་འབྱོར་སྤྱོད་འདོད་དམཿ སྨྲས་པའི་ལན་དུ། གཙང་རྨེ་བྲལ་བ་བདག་གིས་སྤྱོདཿ བདེ་ཆེན་དམ་ཚིག་ལ་གནས་བྱ༔ ཞེས་བླ་མ་དང་བདུན་བསྐྱེད་ཀྱི་ཐུགས་ཀ་ནས་རིགས་དང་ལང་ཚོ་ལྡན་པའི་ཕྱག་རྒྱ་མ་སྤྲོས་ཏེ་སློབ་མ་ལ་གཏད་པར་མོས། བླ་མསཿ ཧོཿ རྨད་བྱུང་བདེ་ཆེན་ཕྱག་རྒྱ་ཆེཿ བདེ་བ་ཐམས་ཅད་འབྱུང་བའི་གནསཿ ཐར་བའི་ལམ་དུ་འཁྲིད་པ་མོཿ གཉིས་མེད་ཡེ་ཤེས་ཁྱོད་ཀྱིས་ཟུངསཿ སློབ་མ་རྟ་མགྲིན་དུ་གསལ་བའི་ཡུམ་ཕག་མོ་དང་གཉིས་སུ་མེད་པར་གྱུར། སྙོམ་འཇུག་གི་བདེ་བ་ཉམས་སུ་མྱོང་པས། ཡིད་ཀྱི་ལས་དང་ཐུགས་ལེའི་སྒྲིབ་པ་དང༌། གཞན་ལུས་ཐབས་ལྡན་གྱི་རྫོགས་རིམ་བསྒོམ་པ་ལ་དབང༌། ཆོས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །

༈ ཀ་དག་ཚིག་གི་དབང་ནི། བླ་མ་རྩ་བ་གསུམ་གྱི་སྤྱན་སྔར་ཀུན་གཞིའི་ཁམས་ཀྱི་བག་ལ་ཉལ་བའི་སྡིག་པ་དང་སྒྲིབ་པ་དེས་བསྐྱེད་པའི་རྐྱེན་ངན་བར་ཆད་ཞི་བའི་ཆེད་དུ་སྙིང་ནས་གསོལ་བ་བཏབ། བླ་མ་དང་མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ནས་ཡེ་ཤེས་ལྔ་ལྡན་གྱི་འཇའ་དང་འོད་ཀོར་ཕྱག་མཚན་ལྕགས་ཀྱུ། ཞགས་པ། པདྨ། དབྱུག་ཏོ། གྲི་གུག ཐོད་པ། རྡོ་རྗེ། རྔེའུ་ཆུང། དཔག་ཏུ་མེད་པ་སྤྲོས་ཏེ་སློབ་པའི་སྙིང་གར་ཐིམ་པར་མོས། ཨཿ སྣང་བར་ཤར་བའི་ཆོས་ཐམས་ཅདཿ དོན་ལ་རང་སྣང་སྟོང་པའི་གཟུགསཿ དབང་ཆེན་འབར་བའི་ཡེ་ཤེས་བྱིནཿ གཞན་ན་མེད་དེ་ཆོས་ཀྱི་དབྱིངསཿ ཨ་ཨ་ཨ་ཕཊཿ དེས་མཆོག་གི་ཡོན་ཏན་བསྐྱེད་པའི་དབང་ཐོབ། ཀུན་གཞིའི་ལས་དང་ཤེས་བྱའི་སྒྲིབ་པ་དག ལམ་རྫོགས་པ་ཆེན་པོ་བསྒོམ་པའི་སྣོད་དུ་གྱུར། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །

༈ འགྲོ་འདུལ་འཕྲིན་ལས་ཀྱི་དབང་ནི། བླ་མ་དང་མདུན་བསྐྱེད་ཀྱི་མགྲིན་པ་གསུང་གི་འཁོར་ལོ་ལས་འོད་དམར་པོ་འཕྲོས། སློབ་མ་རྟ་མགྲིན་གསལ་པའི་མགྲིན་པར་ཞུགས། གསུང་བསྒྲགས་པ་ཙམ་གྱིས་ཁམས་གསུམ་དབང་དུ་འདུ་བ་དང༌། གསུང་རྟ་མཆོག་རོལ་བའི་འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ། །དཔལ་གྱི་རྟ་སྐད་དང་པོ་བསྒྲགས་པས། སྣང་སྲིད་ཆོས་ཐམས་ཅད་བཅོས་བསྒྱུར་མེད་པ་རང་བྱུང་ཡེ་ཤེས་ཀྱི་ངང་དུ་ལྷུན་གྱིས་གྲུབ་པར་བསམ། རྩ་སྔགས་དབྱངས་སུ་གྱེར་ཞིང་རྐང་གླིང་དང་རོལ་མོ་བྱ། དཔལ་གྱི་རྟ་སྐད་གཉིས་པ་བསྒྲགས་པས། ཁམས་གསུམ་ཀྱི་ཆོས་ཐམས་ཅད་ཤ་རི། ཁྲག་མཚོ། རུས་པའི་ཕུང་པོར་གྱུར་བར་མ་མོ་མཁའ་འགྲོ་ཐམས་ཅད་འདུས་ཤིང་ལོངས་སྤྱོད་པར་བསམ། སྔགས་རོལ་གོང་ལྟར། དཔལ་གྱི་རྟ་སྐད་གསུམ་པ་བསྒྲགས་པས་མ་མོ་མཁའ་འགྲོ་སྡེ་བརྒྱད་དྲེགས་ཚོགས་མ་ལུས་པ་དབང་དུ་བསྡུས་ཤིང་བཀའ་ལ་ཉན། འཕྲིན་ལས་བཞི་སྒྲུབ་པར་བསམ་ལ་རྟ་སྐད་སྒྲོགས། སྔགས་རོལ་གོང་ལྟར། བླ་མ་བརྒྱུད་པའི་གསོལ་འདེབས་བཏོན་ཞིང་གཏོར་མའི་བཀའ་བསྒོ་བྱ། མཐར་སློབ་མ་དམ་ལྡན་ཡིན་ན་གཏོར་མའི་ལྷ་བསྟིམ། སྤྱི་ལ་གཏོར་མའི་ལྷ་ཆོས་ཀྱི་དབྱིངས་སུ་ཐིམ། བདག་དང་སྣང་བ་ཐམས་ཅད་རིམ་བཞིན་སྙིང་ཀའི་སྔགས་འཁོར། དེ་ཐུགས་སྲོག། དེ་ནཱ་ད། རིམ་པར་ཆོས་ཀྱི་དབྱིངས་སུ་ཐིམ་པར་བསམ། སླར་ཡང་སྔགས་སྒྲ་ཕྲ་བ་ནས་ཆེན་པོར་བསྒྲགས་པས་སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་ཆེན་པོ་གསུམ་དུ་གྱུར་བར་བསམ། རྟ་སྐད་སྒྲོགས། དམ་ཚིག་ཁས་ལེན། གཙོ་བོའི་ཅི་ལྟར། མཎྜལ། དེང་ནས་བརྩམས་ཏེ་སོགས་ལུས་འབུལ། བསོད་ནམས་འདི་ཡིས་སོགས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱ། །ཅེས་པའང་གསང་བདག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གཏེར་ཆོས་བསམ་པ་ལྷུན་གྲུབ་ཀྱི་ལས་ཚོགས་ཀྱི་སྐོར། མན་ངག་བརྒྱད་པ་རྟ་མགྲིན་ནག་པོའི་ལས་ཚོགས་འདི་ཉིད་རྗེ་བཙུན་བླ་མའི་ཞབས་དྲུང་དུ་མི་ལོ་བཞི་བཅུ་ཙམ་དུ་སྐུའི་གྲིབ་མ་ལྟར་འབྲལ་མེད་དུ་འགྲོགས་པའི་སྐལ་བཟང་ཅན་མཆོད་དཔོན་བསྟན་འཛིན་རྡོ་རྗེས་བྲིས་པ་དགེ།


previousགུ་རུའི་སྒྲུབ་ཐབས་བསམ་པ་ལྷུན་གྲུབ་དངོས་གྲུབ་གཏེར་ཁྱིམ་ལས་རྟ་མགྲིན་ནག་པོའི་སྒོ་ནས་གཏོར་དབང་བར་ཆད་གཡུལ་འཇོམས་བསྐུར་ཚུལ་ནག་འགྲོས་སུ་བཀོད་པ།next