Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་ཁྲིགས་སུ་བཀོད་པ།
   
   


 
previousབསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་ཁྲིགས་སུ་བཀོད་པ།next

བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་ཁྲིགས་སུ་བཀོད་པ།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་ཁྲིགས་སུ་བཀོད་པ་བཞུགས་སོ། །

ན་མོ་པདྨ་བཛྲ་ཡེ༔ འགྲོ་བ་ཡང་དག་སངས་རྒྱས་ལམ༔ སྣ་ཚོགས་ཚུལ་གྱིས་སྟོན་མཛད་པ༔ རང་བྱུང་རང་གྲོལ་སྤྲུལ་བའི་སྐུ༔ སངས་རྒྱས་པདྨ་ལ་ཕྱག་འཚལ༔ ནང་སྒྲུབ་ཡིད་བཞིན་ནོར་བུ་མཆོག༔ ཉམས་ལེན་སྐལ་ལྡན་སྐྱེས་བུ་ཡིས༔ སྒྲུབ་པའི་གནས་སུ་དམ་རྫས་བསག༔ སྐུ་རྟེན་བདེ་བ་ཆེན་པོ་མཆོག༔ གསུང་རྟེན་གསང་སྔགས་གསེར་གྱིས་བྱས༔ ཐུགས་རྟེན་ཤེལ་རྡོ་མེ་ལོང་དང་༔ ཕྱི་ནང་གསང་མཆོད་རྒྱས་པར་བཀྲམ༔ དམ་ཚིག་གཙང་ལ་ལྟ་གདེང་བསྐྱེད༔ ཐོག་མར་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ རང་བྱུང་ལྷུན་གྲུབ་བླ་མ་པདྨ་འབྱུང་༔ སྐྱབས་ཀུན་འདུས་ངོ་བོར་ཐག་ཆོད་དོ༔ སྐྱོང་པའི་ཕ་དང་བརྩེ་བའི་མ་ཁྱོད་ཡིན༔ མཁྱེན་བརྩེ་ནུས་པས་འགྲོ་ཀུན་སྐྱབས་ཏུ་གསོལ༔ སེམས་བསྐྱེད་པ་ནི༔ ཀྱེ་མ༔ དབང་མེད་ལས་ཀྱིས་འཁོར་བའི་འགྲོ་བ་རྣམས༔ སྲིད་ལས་ཡོངས་གྲོལ་བདེ་ཆེན་སར་འགོད་ཕྱིར༔ གསང་མཆོག་རྡོ་རྗེའི་ཟབ་ལམ་ལ་ཞུགས་ནས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ ཡན་ལག་བདུན་པ་ནི༔ ཨོཾ་ཨཱཿཧཱུྃ༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོར་བརྡ་ཕྱག་འཚལ་༔ སྣང་སྲིད་རྣམ་དག་ཕྱག་རྒྱའི་མཆོད་པ་འབུལ༔ རྟོག་སྒྲིབ་བག་ཆགས་ཆོས་ཉིད་ཀློང་དུ་བཤགས༔ གཉིས་འཛིན་རང་གྲོལ་ངང་ནས་རྗེས་ཡི་རང་༔ མི་འགག་རྡོ་རྗེའི་ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་མེད་རྟག་ཁྱབ་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡོངས་དག་དམིགས་མེད་དབྱིངས་སུ་བསྔོ༔ འགྲོ་ཀུན་དགོངས་པ་རང་གྲོལ་བྱང་ཆུབ་ཤོག༔ ལྷ་བསྐྱེད་པ་ནི༔ ཨ༔ ཀ་དག་དབྱིངས་ལས་ཡེ་ཤེས་རོལ་བའི་རྩལ༔ འོད་གསལ་ལྷུན་གྲུབ་རྒྱན་གྱི་འཁོར་ལོ་ལས༔ སྣང་སྲིད་རྣམ་དག་པདྨོ་བཀོད་པའི་ཞིང་༔ ཟག་མེད་འདོད་ཡོན་ཆོས་དབྱིངས་ཁྱོན་ཀུན་འགེངས༔ སྙོག་བྲལ་མཚོ་དབུས་དྲི་མེད་པདྨའི་སྟེང་༔ ཐོལ་སྐྱེས་རང་བྱུང་བླ་མ་པདྨ་འབྱུང་༔ སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་པ༔ ཞབས་གཉིས་བཞེངས་སྟབས་ཐབས་ཀྱིས་འགྲོ་བ་འདུལ༔ ཕྱག་གཡས་རྡོ་རྗེས་དཔའ་བོ་དབང་སྡུད༔ གཡོན་པའི་ཐོད་པས་མ་ཚོགས་མཁའ་འགྲོ་འགུགས༔ ཞལ་འཛུམ་སྤྱན་གདང་སྤྱན་རྩ་ཉི་ལྟར་འཁྱིལ༔ ཤངས་ཀྱི་གཟེངས་མཐོ་ཚེམས་དཀར་སྙན་ཤལ་རིང་༔ སྨིན་མ་གནག་སྣུམ་ཁྱུང་ཆེན་གཤོག་པ་འདྲ༔ དབུ་ལ་མཐོང་གྲོལ་པདྨའི་ཅོད་པཎ་མཛེས༔ གསང་བའི་གོས་དཀར་ཕོད་ཀ་མཐིང་ཀའི་སྟེང་༔ ཆོས་གོས་དམར་པོ་རིན་ཆེན་སྟོད་གཡོགས་གསོལ༔ ཁྲོ་ཆགས་སྒེག་པས་འགྲོ་བློ་དབང་དུ་སྡུད༔ ཧུར་བག་བརྩེ་བའི་སྤྱན་གྱིས་བདག་ལ་གཟིགས༔ འབྱུང་ལྔ་རྣམ་པར་དག་པའི་མཁའ་འགྲོ་ལྔ༔ ཚོགས་བརྒྱད་རང་སར་དག་པའི་མཚན་མཆོག་བརྒྱད༔ འགྲོ་བའི་རེ་སྐོང་བསམ་པ་ལྷུན་གྲུབ་པའི༔ མ་ངེས་རྣམ་འགྱུར་མཁའ་ལ་འཇའ་ལྟར་ཤར༔ སྐུ་ཡི་མཚན་དཔེས་སྣང་སྲིད་ཟིལ་གྱིས་གནོན༔ གསུང་དབྱངས་སྙན་པས་ལྷ་འདྲེ་མི་གསུམ་འདུལ༔ ཐུགས་ཀྱི་བརྩེ་བས་དད་ལྡན་རྗེས་སུ་འཛིན༔ མཐོང་ཐོས་དྲན་པས་བྱིན་རླབས་གཟི་བྱིན་འབར༔ ཁྱོད་སྐུ་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལས༔ ཆོས་ཉིད་སྐུ་དང་ལོངས་སྤྱོད་རྫོགས་པའི་གཏེར༔ ཞི་ཁྲོ་རབ་འབྱམས་བསམ་མི་ཁྱབ་པའི་འཕྲུལ༔ མ་ལུས་རྒྱལ་བའི་ཞིང་ཀུན་ཐེམ་མེར་གཏམ༔ རང་གི་སྙིང་དབུས་ཆོས་ཀྱི་འཁོར་ལོའི་དབྱིངས༔ དད་དམ་འགྱུར་མེད་མི་ཤིག་རྡོ་རྗེའི་ལྟེར༔ མཐིང་གསལ་ཧཱུྃ་གི་ནཱ་དའི་འོད་ཟེར་གྱིས༔ རྒྱལ་ཀུན་རྒྱུད་བསྐུལ་དབྱིངས་ནས་སྤྱན་དྲངས་གྱུར༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་ཏུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃཿ བུ་ངས་གདུང་བའི་དབྱངས་ཀྱིས་བསྐུལ༔ ཕ་གཅིག་ཐུགས་རྗེ་མ་གཡེལ་བྱོན༔ སྐུ་ཡི་གར་སྟབས་ཤིག་སེ་ཤིག༔ གསུང་གི་བརྡ་གླུ་གྱུ་རུ་རུ༔ ཐུགས་ཀྱི་བྱིན་རླབས་ད་ལ་ལ༔ བརྩེ་ཆེན་སྤྱན་གྱིས་ད་ལྟ་གཟིགས༔ ལུས་ལ་རྡོ་རྗེའི་ཚེ་དབང་སྐུར༔ ངག་ལ་གཞོམ་མེད་སྔགས་རྒྱས་ཐོབ༔ ཡིད་ལ་བདེ་སྟོང་ཡེ་ཤེས་བསྐྱེད༔ དུས་མིན་འཆི་བའི་བར་ཆད་ཟློག༔ འབྱུང་ཁམས་དབང་དུ་བསྒྱུར་བ་དང་༔ འཕོ་མེད་འོད་གསལ་མངོན་ཏུ་གྱུར༔ ཚེ་དང་སྨོན་ལམ་དབང་བཅུ་ཐོབ༔ རྟག་བརྟན་རྡོ་རྗེའི་སྐུ་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ བཞུགས་གསོལ་ནི༔ ཧོ༔ གདོད་ནས་ཡེ་ཤེས་གཅིག་གི་རོལ་པ་ལ༔ བསྐྱེད་ཅིང་སྤྱན་འདྲེན་བཞུགས་པ་མི་འཚལ་ཡང་༔ གཉིས་སྣང་འཛིན་པའི་རྫུན་ཕུག་རྟོལ་བའི་ཕྱིར༔ གཤེགས་བཞུགས་བྲལ་བའི་ཆོས་དབྱིངས་ངང་དུ་བཞུགས༔ ཕྱག་འཚལ་བ་ནི༔ ན་མོ༔ ཕྱག་ཡུལ་གདོད་ནས་དག་པ་སེམས་ཀྱི་འཕྲུལ༔ སེམས་ཉིད་འོད་གསལ་བསམ་མི་ཁྱབ་པའི་གཏེར༔ ཐ་དད་འཛིན་པ་ཡེ་དག་མཉམ་པ་ཉིད༔ གཉིས་འཛིན་རང་སར་གྲོལ་བས་ཕྱག་བགྱིའོ༔ མཆོད་པ་ནི༔ ༀ་ཨཱཿ་ཧཱུྃ༔ བདེ་ཆེན་ཕྱག་རྒྱ་ཆེན་པོའི་མཆོད་པ་ནི༔ ཡུལ་དང་དབང་པོ་དགའ་བས་མཉམ་སྦྱོར་བ༔ སྣང་གྲགས་རྟོག་ཚོགས་མཆོད་པའི་སྤྲིན་ཆེན་པོ༔ གདོད་ནས་ལྷུན་གྲུབ་ཡེ་ཤེས་མཆོད་པར་རོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤཔྟ་རཱུ་པ་ཤབྟ་གནྡྷེ་རཱ་ས་སྥརྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་རཱུ་ཏྲ་མ་ཧ་སུ་ཁཱ་དྷརྨ་དྷ་ཏུ་པཱུ་ཛ་ཧོ༔ བསྟོད་པ་ནི༔ ༀ་ནི་ཐུགས་རྗེ་རེ་སྐོང་སྤྲུལ་བའི་སྐུ༔ ཨཱཿ་ནི་ངེས་པ་ལྔ་ལྡན་ལོངས་སྐུའི་གསུངས༔ ཧཱུྃ་ནི་ཡེ་ཤེས་འགྱུར་མེད་ཆོས་སྐུའི་ཐུགས༔ སྐུ་གསུམ་རིགས་འདུས་པདྨ་རྒྱལ་པོར་བསྟོད༔ བཛྲ་ཆོས་དབྱིངས་འགྱུར་མེད་ངོ་བོ་ཉིད༔ གུ་རུ་སྤངས་རྟོགས་ཕུན་ཚོགས་ཡོན་ཏན་གཏེར༔ པདྨ་སྐྱོན་བྲལ་འཕྲིན་ལས་མཐའ་ཡས་བདག༔ སིདྡྷིས་འཁོར་འདས་དངོས་གྲུབ་རྩོལ་ལ་བསྟོད༔ ཧཱུྃ་གིས་ཐུགས་དམ་བསྐུལ་ལོ་པདྨ་འབྱུང་༔ རྟོགས་སྒྲིབ་བག་ཆགས་སོལ་ཅིག་ཐུགས་རྗེའི་བདག༔ ཁྱོད་ཐུགས་ཟག་པ་ཀུན་བྲལ་མཁའ་ལྟར་བརྡལ༔ བདག་ཡིད་གཅིག་འདྲེས་རང་གྲོལ་དོན་ལ་བལྟ༔ རྩ་སྙིང་ནི༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དབྱངས་སུ་གྱེར་ཞིང་གསོལ་བ་འདེབས༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཡེ་ཤེས་ཆིག་རྫོགས་དབང་སྐུར་ཞུ༔ ས་མ་ཡ༔ ནང་སྒྲུབ་རྫོགས་སོ༔

ཐུགས་དམ་གནད་བསྐུལ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཆོས་དབྱིངས་ཀློང་ན་རང་རིག་ཆོས་ཀྱི་སྐུ༔ འོག་མིན་གནས་སུ་མཚོ་སྐྱེས་རྡོ་རྗེ་འཆང་༔ རྔ་ཡབ་དཔལ་རིར་རིག་འཛིན་སྤྲུལ་བའི་སྐུ༔ བདག་གི་ཕ་གཅིག་གུ་རུ་པདྨ་འབྱུང་༔ བྱིན་རླབས་གཏེར་ཆེན་བླ་མ་པདྨ་འབྱུང་༔ དངོས་གྲུབ་འབྱུང་གནས་ཡི་དམ་པདྨ་འབྱུང་༔ འཕྲིན་ལས་མྱུར་སྒྲུབ་མཁའ་འགྲོ་པདྨ་འབྱུང་༔ ལས་བཞིར་ཐོགས་མེད་ཆོས་སྐྱོང་པདྨ་འབྱུང་༔ འདོད་རྒུའི་ཆར་འབེབ་ནོར་ལྷ་པདྨ་འབྱུང་༔ བླ་རབས་ཆོས་རྒྱུན་མགོན་པོ་པདྨ་འབྱུང་༔ མི་རབས་རིགས་བརྒྱུད་བླ་མ་པདྨ་འབྱུང་༔ སྐྱབས་གནས་དགུ་སྤྲུགས་ངོ་བོར་གསོལ་བ་འདེབས༔ ཤཱཀྱའི་དབང་པོ་ཁྱོད་ཡིན་བསྟན་པ་གཏོད༔ འོད་དཔག་མེད་མགོན་ཁྱོད་ཡིན་ཞིང་ཁམས་སྟོན༔ སྤྱན་རས་གཟིགས་དབང་ཁྱོད་ཡིན་ཐུགས་རྗེས་ཟུངས༔ ཟག་མེད་དགོངས་པ་ནམ་མཁའི་ཀློང་ཡངས་ལས༔ ཐུགས་རྗེ་ཉི་ལྟར་བརྡལ་བའི་ཡིད་བཞིན་ནོར༔ དཔའ་བོའི་ཚོགས་རྗེ་མ་ཚོགས་མཁའ་འགྲོའི་གྲོགས༔ གཅིག་ཆོག་སྐྱབས་གནས་འབོད་དོ་མཐུ་རྩལ་ཕྱུངས༔ བདག་ནི་གུ་རུ་ཁྱོད་ཀྱི་བུ་གཅིག་སྟེ༔ སྔོན་ཚེ་པདྨ་ཁྱོད་དང་སྨོན་ལམ་གཅིག༔ ད་ལྟ་དད་པ་འགྱུར་མེད་སྒྲུབ་པ་པོ༔ རྩེ་གཅིག་གདུང་བས་བསྐུལ་ལོ་ཕྱག་སྐྱོངས་ཤིག༔ བརྩེ་བའི་ཕ་གཅིག་ཁྱོད་ཡིན་ཐུགས་རྗེའི་བདག༔ གཅེས་པའི་བུ་གཅིག་ང་ཡིན་དམ་ཚིག་གཙང་༔ གསོལ་ཕ་ལ་མི་འདེབས་སུ་ལ་འདེབས༔ བྱིན་རླབས་བུ་ལ་མི་སྩོལ་སུ་ལ་སྩོལ༔ རྟག་ཏུ་ཕ་གཅིག་ཁྱོད་ཉིད་ཁོ་ན་དྲན༔ རྒྱུན་དུ་གསོལ་འདེབས་བྱིན་རླབས་ཁྱོད་ལ་ཞུ༔ སྐྱབས་གནས་གཞན་ན་མེད་དོ་ཕ་ཡིས་དགོངས༔ རེ་ལྟོས་སུ་ལ་མི་བྱ་ཁྱོད་ལ་བཅོལ༔ མཐུ་སྟོབས་རྫུ་འཕྲུལ་སྟོན་ཅིག་པདྨ་འབྱུང་༔ འཁོར་བའི་མཚོ་ལ་ཡུན་རིང་སྡུག་མྱོང་ཡང་༔ ད་དུང་ཇི་མི་སྙམ་པར་ལས་བསག་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ སྐྱོ་ཤས་སྣང་བ་སྐྱེ་བར་ཕ་ཁྱོད་མཁྱེན༔ ཆོས་སྤང་ལས་ཀྱིས་ཆོས་མིན་ལ་ཞེན་ཅིང་༔ འཇིག་རྟེན་ཡང་དག་ལམ་དང་ཁ་གྱེས་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ དད་མོས་ཤུགས་ཀྱིས་སྐྱེ་བར་ཕ་ཁྱོད་མཁྱེན༔ ཆོས་ལམ་ཞུགས་ཀྱང་བཤེས་ཀྱིས་མ་ཟིན་ཅིང་༔ དོན་མེད་གཡེངས་པས་དལ་འབྱོར་ཆུད་ཟོས་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ མཚན་ལྡན་བཤེས་དང་སྤྲོད་པར་ཕ་ཁྱོད་མཁྱེན༔ ས་སྟེང་འདི་ན་མ་ཤི་ལུས་པ་མེད༔ འཆི་བ་ཐོག་ཏུ་འབབ་པ་ཐག་ཆོད་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ འཆི་ཁའི་མཚམས་སྦྱོར་ལེགས་པར་ཕ་ཁྱོད་མཁྱེན༔ ཕ་མར་མ་གྱུར་འགྲོ་བ་གཅིག་ཀྱང་མེད༔ འགྲོ་བ་འདི་དག་དྲིན་ཆེན་ཤ་སྟག་ཡིན༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བྱམས་དང་སྙིང་རྗེ་སྐྱེ་བར་ཕ་ཁྱོད་མཁྱེན༔ སེར་སྣ་དབང་བཙན་ལོངས་སྤྱོད་གཏོང་སྒོ་དམ༔ གསོག་སྲུང་ཁོ་ནས་ཡི་དྭགས་རྒྱུ་བསྒྲུབ་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ མཆོད་སྦྱིན་རླབས་ཆེན་ནུས་པར་ཕ་ཁྱོད་མཁྱེན༔ འདོད་པས་སྨྱོས་ཏེ་མཁན་སློབ་དམ་སྡོམ་བརྗེད༔ སྒོ་གསུམ་ཁྲིམས་འཆལ་ལས་ངན་སྤྱོད་པའི་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བག་ཡོད་སྲུང་སེམས་སྐྱེ་བར་ཕ་ཁྱོད་མཁྱེན༔ ཚིག་ངན་མཚང་བྲུ་ཙམ་གྱིས་སྙིང་རྗེ་བརྗེད༔ གཞན་སྐྱོན་ཁར་ལུད་ཁོངས་ནས་ཁྲོ་བའི་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བཟོད་པའི་གོ་ཆ་བཙན་པར་ཕ་ཁྱོད་མཁྱེན༔ འཇིག་རྟེན་ཁ་སྟབས་ལ་ཞེན་གཏན་འདུན་བརྗེད༔ དམ་ཆོས་ཕྱི་བཤོལ་ལེ་ལོས་གཡེངས་པའི་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བརྩོན་འགྲུས་སྙིང་ནས་སྐྱེ་བར་ཕ་ཁྱོད་མཁྱེན༔ ལུས་སེམས་ཡ་བྲལ་ཆོས་ལ་སེམས་མི་འདྲེས༔ ཅི་ཙམ་སྒྲུབ་ཀྱང་ཉོན་མོངས་མི་བྲི་བས༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བསམ་གཏན་ཏིང་འཛིན་བརྟན་པར་ཕ་ཁྱོད་མཁྱེན༔ མི་དགེའི་ལས་ལ་ཁམས་དང་དབང་པོ་གསལ༔ མི་རུང་བྱ་བར་མཐུན་རྐྱེན་ཚོགས་པའི་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ ཤན་འབྱེད་ཤེས་རབ་སྐྱེ་བར་ཕ་ཁྱོད་མཁྱེན༔ ཟས་གོས་ནོར་དང་གཉེན་ལ་ཆགས་པ་ཆེ༔ འདོད་པས་བཅིང་ནས་འཁོར་བར་ཐར་དུས་མེད༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ དགོས་མེད་བློ་སྣ་སྐྱེ་བར་ཕ་ཁྱོད་མཁྱེན༔ བྱམས་པའི་སེམས་བོར་ཆོས་པའི་གཟུགས་བརྙན་གྱིས༔ གཅེས་པའི་ཕ་མ་དགྲ་རུ་ལྟ་བའི་དུས༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ ཞེ་སྡང་གདོང་ནས་བཟློག་པར་ཕ་ཁྱོད་མཁྱེན༔ ཆོས་པར་རློམ་ནས་ཆོས་བརྒྱད་འུར་ཆེ་ཡང་༔ རྒྱུ་འབྲས་མི་ཤེས་རང་གཞན་མགོ་འཁོར་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ གཏི་མུག་གཏིང་ནས་སྤྲུགས་པར་ཕ་ཁྱོད་མཁྱེན༔ འགྲན་སེམས་སློབ་མི་དགོས་པར་ལྷང་ངེར་ཤེས༔ གཞན་གྱི་ལེགས་བྱས་ཀུན་ལ་སྐྱོན་མཚང་བྲུ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ ཕྲག་དོག་རྩད་ནས་གཅོད་པར་ཕ་ཁྱོད་མཁྱེན༔ ལས་འབྲས་མིག་གིས་མཐོང་ཡང་མངོན་སུམ་སྙོན༔ སངས་རྒྱས་དངོས་སུ་མཇལ་ཡང་དག་སྣང་མེད༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ ལོག་ལྟ་རྨིང་ནས་སྐེམ་པར་ཕ་ཁྱོད་མཁྱེན༔ བླ་མ་བསྟེན་བཞིན་དད་དང་མོས་གུས་འགྲིབ༔ མཆེད་དང་འགྲོགས་བཞིན་བརྩེ་གདུང་དམ་ཚིག་ཉམས༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ དམ་ཚིག་སྤོང་ལེན་ནུས་པར་ཕ་ཁྱོད་མཁྱེན༔ ལུས་ལ་ནད་དང་སེམས་ལ་གདོན་གྱིས་ཟིན༔ མི་འདོད་སྡུག་བསྔལ་ཐོག་ཏུ་བབ་པའི་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ རྐྱེན་ངན་ལམ་དུ་སློང་བར་ཕ་ཁྱོད་མཁྱེན༔ བླ་མས་བཀའ་སྐྱོན་མཆེད་ཀྱིས་བརྙས་པ་དང་༔ མི་ནག་སྐྱེ་བོས་ཁ་བྱད་ཟུག་པའི་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བཅོས་མིན་དད་མོས་བརྟན་པར་ཕ་ཁྱོད་མཁྱེན༔ མི་རྣམས་སྡང་ཞིང་ལྷ་འདྲེའི་བར་ཆད་བརྩམ༔ ཅི་ཙམ་བསྒྲུབ་ཀྱང་འགྲུབ་རྟགས་མེད་པའི་དུས༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ གཉེན་པོས་རང་ཚུག་ཐུབ་པར་ཕ་ཁྱོད་མཁྱེན༔ གདམས་ངག་ཟབ་མོ་ཐོབ་ཀྱང་བཏང་སྙོམ་ལུས༔ འཆི་བ་ཕྱིར་ནུར་མ་ནུས་གློ་བུར་སླེབས༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ ཟབ་ལམ་འཕོ་བ་འབྱོང་བར་ཕ་ཁྱོད་མཁྱེན༔ ཚེ་འདིར་མ་གྲོལ་བར་དོའི་ཁམས་སུ་འཁྱམས༔ འཇིག་པའི་སྒྲས་གཟིར་གཡང་ས་གསུམ་འགྲིམ་ཚེ༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བར་དོར་ལོངས་སྐུར་གྲོལ་བར་ཕ་ཁྱོད་མཁྱེན༔ འཁྲུལ་སྣང་འཇིགས་སྐྲག་དུ་མ་མྱོང་མྱོང་མཐར༔ རྣམ་དཀར་སྟོབས་ཀྱིས་སྐྱབས་ཡུལ་དྲན་ནུས་ཞིག༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ སྐྱེ་བ་སྤྲུལ་སྐུ་འབྱོང་བར་ཕ་ཁྱོད་མཁྱེན༔ དུས་ངན་དབང་བཙན་ལས་ངན་མཚོ་ཆེན་རྡོལ༔ ཆོས་པའི་གཟུགས་ཀྱིས་ཆོས་མིན་སྤྱོད་པའི་དུས༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ འཁོར་བའི་གདོས་ཐག་ཆོད་པར་ཕ་ཁྱོད་མཁྱེན༔ དམིགས་པ་གང་གཏད་དག་པར་ཤར་བ་དང་༔ རིག་སྔགས་གང་བཟླས་མཐུ་དང་ལྡན་པ་ཞིག༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ བསྐྱེད་རིམ་ཏིང་འཛིན་འབྱོང་བར་ཕ་ཁྱོད་མཁྱེན༔ རྩ་རླུང་དག་པས་འགུལ་བསྐྱོད་བདེ་བར་ཤར༔ གཏུམ་མོ་འབར་བས་གཟུང་འཛིན་འཇོམས་ནུས་ཞིག༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ རྫོགས་རིམ་རང་དབང་ཐོབ་བར་ཕ་ཁྱོད་མཁྱེན༔ གཉིས་འཛིན་རྩ་བ་ཀ་དག་སྲིད་རྩ་སྟོང་༔ འོད་གསལ་ལྷུན་གྲུབ་འཇའ་ལུས་འབྱོང་བ་ཞིག༔ གསོལ་བ་འདེབས་སོ་སངས་རྒྱས་པདྨ་སྐྱེས༔ རྫོགས་ཆེན་ལྟ་དགོངས་རྟོགས་པར་ཕ་ཁྱོད་མཁྱེན༔ ད་ལྟ་ཉིད་དུ་ཐུགས་རྗེས་གཟིགས་ཏུ་གསོལ༔ གདན་ཐོག་འདི་རུ་དབང་བཞི་སྐུར་དུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་བརླབས་ཏུ་གསོལ༔ དུས་ལས་མི་འདའ་མྱུར་དུ་སྐྱབས་ཏུ་གསོལ༔ རེ་ས་གཞན་ན་མེད་དོ་པདྨ་འབྱུང་༔ ཐུགས་རྗེའི་མཐུ་དཔུང་བསྐྱེད་ཅིག་བཀའ་དྲིན་ཅན༔ གསང་གསུམ་རྡོ་རྗེའི་བྱིན་རླབས་སྙིང་ལ་ཕོབ༔ འཁྲུལ་བ་རང་ཞིག་འཇའ་ལུས་འགྲུབ་པར་ཤོག༔ ཅེས་སྒོ་གསུམ་གཅིག་ཏུ་སྒྲིལ༔ མོས་གུས་རྩེ་གཅིག་ཏུ་བསྐྱེད༔ བླ་མ་ལས་བསམ་རྒྱུ་མེད་པ༔ དད་པ་ལས་བློ་སྣ་མེད་པ༔ སྣང་སྲིད་བླ་མར་ཤར་བའི་ངང་དུ་ལྟ་བའི་གདེང་བསྐྱེད་ལ༔ གསོལ་བ་ཕུར་ཚུགས་སུ་བཏབ་པས༔ དེ་མ་ཐག་ཏུ་བྱིན་རླབས་ཐོབ༔ བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་སྙིང་ལ་ཞུགས་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ༔ ཐོད་ཕྲེང་རྩལ་གྱིས་ཛཔྲ་ཀྱིས་བསྐུལ༔ མཉམ་པར་བཞག༔ ཐུགས་དམ་གནད་ནས་བསྐུལ་བ་སོགས་ཉམས་དང་བསྟུན༔ ས་མ་ཡ༔ ཨྀ་ཐི༔

༈ བདུད་རྩི་བྱིན་རླབས་བྱ་འདོད་ན༔ བུམ་པ་གཞལ་ཡས་ཁང་གི་ནང་དུ༔ བུམ་ལྷ་གུ་རུ་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་སྤྲིན་འཐིབ་པ་ལྟར་གསལ་བཏབ༔ གནས་གསུམ་ཡི་གེ་གསུམ་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་བདུད་རྩི་དོན་གཉིས་སྒྲུབ་པའི་ནུས་ལྡན་དུ་དམིགས༔ ཨ་ལས་ཆོས་དབྱིངས་བུམ་པ་རུ༔ བདུད་རྩི་བདེ་ཆེན་དྲོད་རླངས་འཐིལ༔ ཨོཾ་ཨཱ༔ཧཱུྃ་གིས་བྱིན་རླབས་པས༔ མྱོང་གྲོལ་ཡེ་ཤེས་མཆོག་ཏུ་གྱུར༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་བྱ༔ བདུད་རྩི་མྱོང་བས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་མཉེས་ཤིང་ཚིམ༔ རང་ལུས་རྡུལ་ཕྲ་རབ་ཀྱི་ཆ་རེ་རེ་ནས་པདྨ་འབྱུང་གནས་འཇའ་ལུས་དྭངས་མའི་སྐུ་འགུལ་འགུལ༔ ཤིག་ཤིག༔ འོད་ཆེམ་ཆེམ་དུ་གྱུར་བའི་ངང་ལ་མཉམ་པར་འཇོག༔ གཞན་དོན་ཁྲུས་དང་དབང་བསྐུར་བྱིན་རླབས་ཀྱང་འདི་ཡི་བྱས་པས་དོན་འགྲུབ་པོ༔ ས་མ་ཡ༔ ཨྠྀི༔ ཐུན་སྐབས་སུ༔ བླ་མ་སྙིང་ཞུགས་གདམས་པ་ནི༔ ཨ༔ མཁའ་དབྱིངས་རྒྱལ་བ་རབ་འབྱམས་གཙོ་བོར་འདུས༔ གཙོ་བོ་འཇའ་ལུས་ཟུང་འཇུག་རྡོ་རྗེའི་སྐུ༔ འཐེབ་སོར་ཙམ་ཞིག་གཙུག་ནས་སྙིང་དབུས་བབ༔ བྱིན་རླབས་དབང་དང་དངོས་གྲུབ་མཆོག་ཐོབ་དམིགས༔ ཨ་ཨ་ཨ༔ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ་ངེས་པའི་དོན་ལ་མཉམ་པར་འཇོག༔ སླར་ཡང་སྣང་གྲགས་རྟོག་ཚོགས་བླ་མའི་སྐུ༔ རྩོལ་མེད་མ་བཅོས་རིག་པའི་ངོ་བོར་བཞུགས༔ དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ༔ ཡེ་ཤེས་བླ་མའི་ས་མཆོག་མྱུར་ཐོབ་ཤོག༔ ཨ་ཧོ༔ པདྨ་འབྱུང་གནས་ཐུགས་ཐིག་འདི༔ སྐལ་བ་ལྡན་པའི་དཔལ་དུ་ཤོག༔ གར་དབང་བདེ་ཆེན་རོལ་བ་ཡིས༔ ཡེ་ཤེས་ཟབ་མོ་དགོངས་གཏེར་རོ༔ ས་མ་ཡ༔ ཞེས་པའང་རྡོ་རྗེ་ཚེ་དབང་ནོར་བུའི་གཏེར་སྐལ་ལོ༔ རྒྱ་རྒྱ་རྒྱ༔ ཨྠྀི༔ དེ་ཡང་ནང་སྒྲུབ་ཀྱི་ཆོ་ཀ་ཆ་ཚང་བར་དཀྱུས་གཅིག་ཏུ་བཀོད་པ་པོ་རིག་འཛིན་ཆེན་པོའི་མཚན་གྱི་བྱིན་གྱིས་བརླབས་པའི་སྐྱེ་མིང་པ་པདྨ་དབང་ཆེན་དགྱེས་པའི་རྡོ་རྗེའོ། །དགེ་བས་འགྲོ་ཀུན་ཁྱབ་བདག་མཚོ་སྐྱེས་བླ་མའི་གོ་འཕང་ཐོབ་པའི་འགོད་པར་གྱུར་ཅིག སརྦ་མངྒ་ལཾ། །


previousབསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་ཁྲིགས་སུ་བཀོད་པ།next