Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་དབང་ཆོག་་བདེ་ཆེན་ཡེ་ཤེས་རབ་འཕེལ།
   


 
previousབསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་དབང་ཆོག་་བདེ་ཆེན་ཡེ་ཤེས་རབ་འཕེལ།next

བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་དབང་ཆོག་་བདེ་ཆེན་ཡེ་ཤེས་རབ་འཕེལ།

༄༅། །ཡང་ཟབ་ཡིད་བཞིན་ནོར་བུ་ཨུ་པ་དེ་ཤ་ལས༔ བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་དབང་ཆོག་་བདེ་ཆེན་ཡེ་ཤེས་རབ་འཕེལ་བཞུགས་སོ། །

ན་མོ་མ་ཧཱ་གུ་རུ་པདྨ་བཛྲ་ཡེ། །མཆོག་ཏུ་མི་འགྱུར་དགའ་བའི་ཡེ་ཤེས་ཆེ། །རང་ངོ་སྤྲོད་མཛད་ཟླ་མེད་སྐྱབས་ཀྱི་མཆོག །ཚེ་དབང་རིག་འཛིན་པདྨར་དབྱེར་མེད་པ། །གཅིག་ཆོག་སྙིང་གི་ནོར་བུར་གཙུག་ཏུ་མཆོད། །དེ་ལ་གུ་རུ་པདྨའི་བཀའ་སྲོལ། ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གྱི་ནང་དབང་ཟབ་མོ་སྐུར་བ་ལ། སྤྲོ་ན་ས་ཕྱོགས་གཙང་མ་དམ་སེལ་མེད་པར་དཀྱིལ་འཁོར་དབུས་སུ། གཏོར་མ་དང་། སྐུ་ཚབས་ཡིད་བཞིན་ནོར་བུ། ཐོད་བུམ། ཚེ་རིལ། ཚེ་ཆང་། ཚེ་མདའ། ཕྱི་ནང་གི་མཆོད་པ་བཀོད་ལེགས་པ་བཤམ། སྤྲོས་མེད་ལ་སྐུ་ཚབས་ཡིད་བཞིན་ནོར་བུ་ཁོ་ན་ལ་བརྟེན་པས་འགྲུབ་པ་གཞུང་གི་དགོངས་པ་དྲི་མ་མེད་པའོ། །གང་ལྟར་ཡང་སྔོན་འགྲོ་ནས་རྩ་བའི་ལས་བྱང་བཞིན་བདག་མདུན་དབྱེར་མེད་དུ་བསྒྲུབ། ཐོད་བུམ་ཡོད་ན། གཞུང་ལས། བདུད་རྩི་བྱིན་རླབས་བྱ་འདོད་ན༔ བུམ་པ་གཞལ་ཡས་ཁང་གི་ནང་དུ༔ བུམ་ལྷ་གུ་རུ་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་སྤྲིན་འཐིབ་པ་ལྟར་གསལ་བཏབ༔ གནས་གསུམ་ཡི་གེ་གསུམ་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་བདུད་རྩི་དོན་གཉིས་སྒྲུབ་པའི་ནུས་ལྡན་དུ་དམིགས༔ ཨ་ལས་ཆོས་དབྱིངས་བུམ་པ་རུ༔ བདུད་རྩི་བདེ་ཆེན་དྲོད་རླངས་འཐིལ༔ ཨོཾ་ཨཱ༔ཧཱུྃ་གིས་བྱིན་རླབས་པས༔ མྱོང་གྲོལ་ཡེ་ཤེས་མཆོག་ཏུ་གྱུར༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དང་༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨ༔ ཐོད་ཕྲེང་རྩལ་གྱི་ཛཔྲ་དབྱངས་བྱ༔ བདུད་རྩི་མྱོང་བས་རྩ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་མཉེས་ཤིང་ཚིམ༔ རང་ལུས་རྡུལ་ཕྲ་རབ་ཀྱི་ཆ་རེ་རེ་ནས་པདྨ་འབྱུང་གནས་འཇའ་ལུས་དྭངས་མའི་སྐུ་འགུལ་འགུལ༔ ཤིག་ཤིག༔ འོད་ཆེམ་ཆེམ་དུ་གྱུར་བའི་ངང་ལ་མཉམ་པར་འཇོག༔ གཞན་དོན་ཁྲུས་དང་དབང་བསྐུར་བྱིན་རླབས་ཀྱང་འདི་ཡི་བྱས་པས་དོན་འགྲུབ་པོ༔ ཞེས་པར་ལྟར་བསྒྲུབ། ལས་བུམ་རྟ་མགྲིན་ལྟ་བུ་བསྐྱེད་ལ་སྔགས་ཀྱི་བྱིན་གྱིས་བརླབས། ཚོགས་ཕུད་ཕུལ། བསྐང་བ་བྱ། རྩ་གསུམ་སྲུང་མར་གཏོར་འབུལ་བྱས་ཤིང་འཕྲིན་ལས་བཅོལ། བསྡུ་ན་བསམ་པ་ལྷུན་གྱི་གྲུབ་གྱི་ནང་སྒྲུབ་རྐྱང་པའམ་ལས་དཀྱིལ་ཙམ་བརྟེན་ཀྱང་རུང་། གསོལ་འདེབས་རྒྱས་བསྡུས་བཏོན། གདུང་འབོད་སྣང་བ་འགྱུར་ངེས་བྱ། མཎྜལ་ལན་དགུ་སྤྲུགས་སུ་ཕུལ། ཏིང་ངེ་འཛིན་གྱིས་དབང་བླང་། རྗེ་རིག་པ་འཛིན་པས། བདག་འཇུག་བླང་བ་ནི་སྤྱིར་སྔགས་སྡོམ་གསོ་བའི་ཡན་ལག་ཏུ་ངེས་པར་དགོས་གལ་ཆེ་བས་སློབ་མར་དབང་བསྐུར་སྐབས་ཁོ་ན་ཙམ་མ་ཡིན་པར་ཚེས་བཅུ་སོགས་དུས་བཟང་ཁྱད་པར་ཅན་རྣམས་སུ་ངེས་པར་ཇི་ནུས་དགོས་ཞེས་ཡང་ཡང་བཀའ་བསྩལ་ཞིང་། རྗེ་ཉིད་ཀྱིས་ཀྱང་སྐུ་ཚེ་གང་བོར་ཐུགས་ཉམས་སུ་བཞེས་པའི་ཕྱག་སྲོལ་བཟང་པོ་ཉམས་པ་མེད་པར་བྱས་ལ། སློབ་པ་རྣམས་ཁྲུས་སུ་ཕྱུང་། བགེགས་ལ་གཏོར་མ་བྱིན་ཏེ་བཀའ་བསྒོ་མཚམས་བཅད། བསྲུང་པའི་འཁོར་ལོ་བསྒོམ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱི་འདི་སྐད། ཅེས་བརྗོད་དེ། འོ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེ་ཡི་ཆེད་དུ་ཀུན་བཟང་པདྨ་ཞི་ཁྲོ་བསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུའི་དབང་བསྐུར་ཞུ་སྙམ་པའི་རྟོག་པ་བསྡུས་ཏེ་ཡིད་རྩེ་གཅིག་མོས་པ་བརྟན་པོས་གསན་པར་ཞུ། དེ་ཡང་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱའི་བློ་དང་འཚམས་པར་ཐར་པའི་འཇུག་སྒོ་དམ་པའི་ཆོས་ཚུལ་ཇི་སྙེད་གསུང་པ་ལ་མཆོག་ཏུ་གྱུར་པ་འབྲས་བུ་གསང་སྔགས་རྣལ་འབྱོར་བླ་ན་མེད་པ་སྟེ། དེ་ཡང་སྤྱིར་བྱིན་རླབས་ཀྱི་འཇུག་སྒོ་རྨད་དུ་བྱུང་ཞིང་ཁྱད་པར་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་མཆོག་བདེ་བར་གཤེགས་པ་ཡོངས་སུ་འདུས་པའི་ངོ་བོ་ཆིག་དྲིལ་ལམ་ཟབ་མོ་བླ་མའི་སྒྲུབ་པ་ཁོ་ན་ཡིན་ལ། དེ་ཡང་། བདུད་རྩི་འབྱུང་བའི་རྒྱུད་ལས༔ ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས༔ བླ་མ་གཅིག་པུ་སྒོམ་པ་མཆོག༔ ཅེས་དང་༔ རྒྱུད་ཆེན་དྲ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་རྗེ༔ རྒྱལ་བའི་མན་ངག་གསང་ཆེན་རྣམས༔ སྟོན་པ་རྡོ་རྗེའི་ཐུགས་ལ་གནས༔ གཙོ་རུ་བླ་མ་རྡོར་འཛིན་སྒོམ༔ ཅེས་དང་༔ སངས་རྒྱས་འདུས་པ་ལས༔ གང་གི་གདུལ་བྱའི་ཡིད་བཞིན་དུ༔ བླ་མ་སྒྲུབ་པའི་ཐབས་བརྩམས་ཏེ༔ དེ་ཉིད་དོན་དུ་སུས་གཉེར་བ༔ ཐེག་ཆེན་བླ་མའི་ས་ཡིན་ནོ༔ ཀུན་གྱི་བདག་ཉིད་ཆེན་པོར་འགྱུར༔ ཅེས་གསུངས༔ ནམ་མཁའ་ཆེའི་རྒྱུད་ལས༔ ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི༔ དོན་རྟོག་འདོད་ན་བླ་མ་སྒྲུབ༔ ཅེས་སོགས་ལུང་འབྱམས་ཀླས་པར་འབྱུང་བ་བཞིན་བླ་མའི་སྒྲུབ་ཐབས་ནི་མཆོག་དང་གཙོ་བོར་གྱུར་པ་སྟེ། དེ་ཡི་སྒྲུབ་ཐབས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ལས་འདིར་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་རང་གཟུགས་གདོད་མ་ཉིད་ནས་ཆོས་སྐུ་ཀུན་ཏུ་བཟང་པོར་མངོན་པར་བྱང་ཆུབ་པ་ཉིད་པདྨ་རྣམ་པར་བཀོད་པའི་ཞིང་དུ་འོད་སྣང་དཔག་མེད་གངས་ཅན་མཚོ་སོགས་ལོངས་སྤྱོད་རྫོགས་པའི་སྐུ་དང་ཐུགས་རྗེའི་གདུལ་ཞིང་འབྱམས་ཀླས་པར་སྤྲུལ་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་ལས་མི་མཇེད་འཇིག་རྟེན་འདིར་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ལ་དབང་བསྐུར་ནས་ལུང་སྟོན་པར་བྱེད་པ་པོ་སངས་རྒྱས་ནུས་ལྡན་རྡོ་རྗེར་གྱུར་ཞིང་བསྐལ་བཟང་སངས་རྒྱས་རེ་རེ་བཞིན་དེ་ཡི་ཕྲིན་ལས་མཐའ་དག་གི་བྱེད་པོ་རྒྱལ་བའི་བསྟན་ལ་སྟོན་པ་གཉིས་པ་ལྟ་བུར་རྟག་ཏུ་སྤྲུལ་བཞིན་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་ལ་ཡང་སྲིད་པ་གསུམ་དང་འཛམ་གླིང་འགྲོ་བ་རྣམས་ལ་རྒྱལ་བ་ཉིད་དང་རྣམ་དབྱེར་མེད་པའི་འཕྲིན་ལས་བཞིའི་སེམས་ཅན་གྱི་དོན་མཛད་པ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟ་བུའི་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཐབས་ཏེ། རྒྱལ་བ་དེ་ཉིད་ལ་གངས་ཅན་གྱི་རྗེ་འབངས་སྐལ་ལྡན་ལས་ཅན་རྣམས་ཀྱི་གསོལ་བ་བཏབ་པར་བརྟེན་ཟབ་རྒྱས་ཀྱི་ཆོས་ཚུལ་ཇི་སྙེད་གསུངས་ཤིང་སྙིགས་མའི་དོན་དུ་ཟབ་མོའི་གཏེར་དུ་བཙས་པར་མཛད་པ་ལས། འདིར་ནི་རང་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། རིགས་དང་དཀྱིལ་འཁོར་ཀུན་གཙོ་ཆེ་བའི་མཆོག༔ བླ་མེད་བླ་མའི་སྒྲུབ་ཐབས་བྱེ་བ་འབུམ༔ ཡང་སྙིང་ཞུན་ཏིག་མོས་གུས་གསོལ་འདེབས་ཉིད༔ དེ་ཡི་མཐར་ཐུག་དགོས་འདོད་ཀུན་འབྱུང་གཏེར༔ གངས་ཅན་ལྷ་གཅིག་སངས་རྒྱས་པད་འབྱུང་གིས༔ བོད་ཡུལ་ཐུན་མོང་སྐུ་དངོས་གདུལ་བྱ་རྣམས༔ བཏུལ་བྱས་རྔ་ཡབ་གཤེགས་སྐབས་གུང་ཐང་ལར༔ རྗེ་འབངས་རྣམས་ལ་ཞལ་ཆེམས་ཚུལ་གསུངས་པའི༔ གསོལ་འདེབས་རྒྱལ་པོ་བསམ་པ་ལྷུན་གྲུབ་ཅེས༔ མན་ངག་བཅུ་གསུམ་བསམ་འཕེལ་དངོས་གྲུབ་མཛོད༔ ཅེས་པའི་གདམས་པ་འདི་ཉིད་ནི། གཏེར་ཆེན་རྡོ་རྗེ་གླིང་པའི་གཏེར་ལུང་ལས། ནམ་སྙིང་ཐུགས་སྤྲུལ་པདྨའི་གསུང་གི་འཕྲུལ༔ ནག་པོ་སྤྱོད་པའི་སྐུ་ཡི་སྤྲུལ་བ་ཞིག༔ ཨིནྡྲའི་མཚན་འཆང་སྟག་ལོར་སྤྲུལ་གར་སྒྱུར༔ དུས་འཁྲུགས་བཟློག་ཅིང་བསྟན་པ་ཐབས་ཀྱིས་གསོ༔ འབྲེལ་ཚད་བདེ་བ་ཅན་དུ་ཨེ་མ་ཧོ༔ ཞེས་དང་རོལ་བའི་རྡོ་རྗེས་གཏེར་ལུང་ལས༔ ནམ་སྙིང་སྤྲུལ་བ་འཕོ་བའི་བག་ཆགས་བཅོམ༔ སྟག་ལོ་བརྟུལ་ཞུགས་སྤྱོད་པ་དབང་པོའི་མིང༔ རྟེན་འབྲེལ་ཚོགས་ན་མཆོག་གི་གཏེར་ལྔ་འདྲེན༔ མཐའ་དམག་བཟློག་ཅིང་རྒྱལ་བསྟན་ཉམས་པ་གསོ༔ ཞེས་དང་པདྨ་བདེ་ཆེན་གླིང་པའི་གསང་བ་ཡེ་ཤེས་ཀྱི་མཆོག་གི་ཆོས་བདག་ལུང་དུ་བསྟན་པ་ལས། རྒྱལ་སྲས་ཤནྟ་དེ་བ་དང༔ ནག་པོ་སྤྱོད་པའི་སྐུ་ཡི་གར༔ ཙནྡྲ་གོ་མའི་གསུང་གི་བྱིན༔ འཕགས་ཡུལ་གྲུབ་པའི་རིག་འཛིན་བརྒྱད༔ གཅིག་འདུས་པདྨ་ཐོད་ཕྲེང་དང༔ ནམ་མཁའི་སྙིང་པོའི་ཐུགས་ལས་སྤྲུལ༔ བཻ་རོ་ཙཱ་ནའི་ཡོན་ཏན་དང༔ ཆོས་རྒྱལ་ཆེན་པོའི་འཕྲིན་ལས་ཉིད༔ ཨ་ཡི་ཐབས་ལ་བཛྲ་ཡུམ༔ ཚེ་དབང་མཚན་ཅན་སྟག་གི་ལོ༔ གྲུབ་པའི་རྟགས་ནི་ཐོགས་མེད་སྟོན༔ ལུས་ལ་སྨེ་བའི་དོ་ཤལ་ཅན༔ དཔྲལ་བར་དབང་གི་ཆོས་འབྱུང་བཀྲ༔ རང་བྱུང་མཁྱེན་རབ་ཁོངས་ནས་རྡོལ༔ གསང་ཆེན་བསྟན་པ་ཕྱོགས་བརྒྱར་སྤེལ༔ འཕྲིན་ལས་ཉི་ལྟར་གསལ་བ་འབྱུང༔ ཞེས་དང་། སྟག་ཚང་རྡོ་རྗེ་གྲོ་ལོད་ནས་བྱོན་པའི་ཐུགས་གཏེར་གསང་བའི་ལུང་བྱང་ལས། པདྨ་ང་སྤྲུལ་ནག་པོས་བྱིན་རླབས་ཅིང༔ ནམ་སྙིང་ཐུགས་ཀྱི་འོད་ཟེར་ཞུགས་གྱུར་པ༔ ཀཿཐོག་ལྷོ་ཕྱོགས་བཙན་རིའི་ཉེ་འདབས་སུ༔ མཆོག་དམན་སྤངས་པ་བར་མ་དག་གི་རིགས༔ མགོན་དང་མཚོ་ཞེས་བྱ་བ་གཉིས་ཀྱི་བུ༔ དབང་ངམ་ནོར་བུའི་མིང་ཅན་སྙིང་སྟོབས་ཅན༔ མི་ཆེ་མི་ཆུང་སྒེག་པ་རྡོ་རྗེའི་ལུས༔ རྩ་རླུང་ཐིག་ལེ་སྐྱོན་མེད་མཁའ་འགྲོ་འདུ༔ སྤྱོད་པ་མ་ངེས་བྱིས་པའི་ཚུལ་དུ་སྤྱོད༔ ཁ་དོག་ཉིན་རེ་ལ་ཡང་ངེས་མེད་འགྱུར༔ ལྟ་བའི་གདེངས་ལྡན་རྒྱུ་འབྲས་ཤན་འབྱེད་མཁས༔ རིག་པ་ངར་ཐོབ་གྱོང་ཚིག་ཏལ་མར་སྨྲ༔ ཤེས་བྱ་ཁོག་ཡངས་གདུལ་བྱ་དཀྲི་ལ་མཁས༔ ཏིང་འཛིན་གསལ་ཐེབས་གཞན་སྣང་ཟིལ་གྱིས་གནོན༔ སྦྱངས་པ་སྔོན་སོང་མདོ་རྒྱུད་དགོངས་དོན་གྲོལ༔ བློ་གྲོས་མཐུ་ལྡན་ཆོས་དང་ཆོས་མིན་འབྱེད༔ འཕྲལ་དུ་བརྟག་ན་མི་ཤེས་གླེན་པའི་ཚུལ༔ ཡུན་དུ་འགྲོགས་ཚེ་མཁས་ཀུན་སྙེམས་པ་འཕྲོག༔ ཡོན་ཏན་ལྡན་པ་སྦས་ཚུལ་རྣལ་མར་སྤྱོད༔ རེས་ནི་མི་རྟག་སྐྱོ་ཤས་འཆི་མ་འཁྲུག༔ རེས་ནི་གང་ལའང་མི་འཇིགས་དཔའ་སྐད་འདོན༔ རེས་ནི་ང་རྒྱལ་རེས་ནི་དམན་པའི་ཚུལ༔ རེས་ནི་ཉོན་མོངས་དྲག་ཏུ་ཞེན་པ་ལྟར༔ རེས་ནི་བྱང་སེམས་ཞི་དུལ་བརྩེ་བའི་ཉམས༔ རེས་ནི་ནོར་ལ་སྐམ་ཆགས་ཞེན་པོའི་ཚུལ༔ རེས་ནི་གསེར་དང་ས་རྡོ་སྙོམ་བཞིན་སྤྱོད༔ དེ་སོགས་ཅི་བདེར་སྒྱུ་མ་ལྟར་སྤྱོད་ཅིང༔ སྣ་ཚོགས་ཐབས་ཀྱི་འགྲོ་བ་འདུལ་བྱེད་པ༔ མ་ངེས་འཁོར་འདུ་བུད་མེད་ཁྱུ་དང་བཅས༔ ཚངས་སྤྱོད་ཚུལ་གྱིས་རྒྱལ་བའི་བསྟན་སྲོག་འཛིན༔ མཐོང་ཐོས་དྲན་རེག་ཐར་པའི་ལམ་ལ་སྦྱོར༔ སྐྱེ་བ་དམན་ཅིང་རིགས་ངན་བུད་མེད་ཀྱང༔ དེ་ཡི་གསང་བའི་གྲོགས་འབྲེལ་ཐར་ལམ་ཟིན༔ ལན་བདུན་སྟེན་པས་མཚམས་མེད་སྤྱད་པ་ཡང༔ དམ་ཚིག་མ་ཉམས་བདེ་འགྲོ་ངེས་པར་ཐོབ༔ གཞན་གྱི་གདུལ་དཀའ་བདུད་ཀྱང་སུན་དབྱུང་བའི༔ དཔའ་བོའི་ངར་དང་བརྟུལ་ཞུགས་ནུས་མཐུ་ལྡན༔ མང་པོའི་སེབ་ན་ལྷག་པར་གཟི་བརྗིད་ཆེ༔ ང་སྲས་སྐྱེས་བུ་དེ་ལྟ་བུ་ཞིག་འབྱུང༔ ཞེས་དང༔ སྒྲོལ་མ་མི་མཐུན་ཀུན་སེལ་ཀྱི་གསང་བའི་ལུང་བྱང་ལས༔ ཐུགས་ཀྱི་གྲུབ་ཆེན་ནམ་སྙིང་ཡང་སྤྲུལ་ཞིག༔ མདོ་ཁམས་བུ་འབོར་ཉེ་བའི་ཕྱོགས་སུ་འབྱུང༔ མ་ཎི་བཛྲ་འགྲོ་འདུལ་སྙིང་སྟོབས་ལྡན༔ རྟེན་འབྲེལ་མ་འཆུགས་མཆོག་གི་གཏེར་ལྔ་སྤྱོད༔ འཛམ་གླིང་འགྲོ་བ་འདྲེན་པའི་སྒྲོན་མེ་འདྲ༔ འོན་ཀྱང་སྔོན་ཕྲལ་རྟེན་འབྲེལ་འགའ་ཞིག་གིས༔ དེ་ལྟ་ཇི་བཞིན་འགྲིག་པར་མ་གྱུར་ཚེ༔ དགོངས་གཏེར་བཀའ་བབས་བཀའ་དང་གཏེར་རྙིང་སྐྱོངས༔ དུས་དེར་ཕན་པའི་ས་བཅོས་ལུང་བྱང་དང༔ ཆོས་ཟབ་གདམས་ཕྲན་ཁ་ཡར་འདོན་པར་འགྱུར༔ ཅེས་གསུང་པའི་སྤྲུལ་བའི་གཏེར་ཆེན་གང་གི་ཆོས་སྐལ་མཆོག་གི་གཏེར་ལྔ་རྟེན་འབྲེལ་གྱིས་འགྲོ་བའི་བསོད་ནམས་ཀྱི་དཔལ་དུ་མ་གྱུར་ཀྱང་། ས་གཏེར་ཀོང་པོ་བུ་ཆུའི་གདམས་ཕྲན་སྐོར་བཏོན་པ་དང་། འགྱུར་མེད་གཏན་འཁྱིལ་གྱི་མཚོའི་རོལ་བའི་རྡོ་རྗེའི་གཏེར་མཇུག་བསྐྱངས་པ་དང་། དགོངས་གཏེར་ལ་ཟབ་ལམ་ཨུ་པ་དེ་ཤ་དང་སྙན་བརྒྱུད་ཌཱཀྐིའི་གན་མཛོད། གསང་ལམ་ཌཱཀྐིའི་སྙིང་ཁྲག་དེ་སྐོར་སོ་གསུམ་བཞུགས་པ་ལས། འདི་ནི་ཡིག་མེད་ཨུ་པ་དེ་ཤའི་རྩ་བར་གྱུར་པ་དམ་པ་མཆོག་ལ་ཨོ་རྒྱན་ཆེན་པོས་ཡང་ཡང་གསུངས་པའི་གདམས་པ་རྒྱ་མཚོ་ལྟ་བུའི་སྙིང་པོ་འདི་ནི་གུ་རུ་མཆོག་གིས་ལན་གྲངས་བདུན་དུ་ཞལ་གཟིགས་ཤིང་དགོངས་པའི་གཏེར་མཛོད་ཆེན་པོ་ནས་སྤྱན་དྲངས་ཏེ་སྲས་སློབ་རིག་འཛིན་བར་མ་ཆད་པའི་བརྒྱུད་པ་བྲེང་ཆགས་སུ་བྱོན་པའི་གདམས་པ་ཟབ་མོ་ལ་སྨིན་གྲོལ་གཉིས་སུ་བཞུགས་པའི་སྔ་མ། རྒྱས་བསྡུས་གཉིས་སུ་བཞུགས་པའི་བསྡུས་པ་དོན་དབང་། ཐུན་མོང་དང་ཐུན་མིན་གཉིས་སུ་བཞུགས་པས་ཐུན་མིན་ནོ། །བླ་བསྒྲུབ་ཐམས་ཅད་ཀྱི་དྭངས་མ་ཀུན་འདུས་ཡིད་བཞིན་ནོར་བུའི་དབང་བསྐུར་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱི་བྱ་བ་རྣམས་སྔོན་དུ་སོང་། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་འབུལ་བ་ཞུ་ཞེས་བརྗོད། སློབ་མས་ཀྱང་མཎྜལ་འབུལ། གསོལ་བ་གདབ་པ་ལ་དམིགས་པ་འདི་བཞིན་དུ་མཛོད། རང་རེ་རྣམས་ཀྱི་གནས་འདི་ཐ་མལ་པ་མ་ཡིན་པ་དག་པའི་ཞིང་ཁམས་འོག་མིན་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་དང་། སློབ་དཔོན་སངས་རྒྱས་ཀུན་འདུས་ཀྱི་སྤྱི་དཔལ་ཀུན་བཟང་པདྨ་ཀཱ་ར་དངོས་སུ་གསལ་ཐོབ་ལ། དད་པའི་གདུང་ཤུགས་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ། ཀྱེ༔ གཏན་གྱི་སྐྱབས་གཅིག་གུ་རུ་པདྨ་འབྱུང་༔ སྙིང་ནས་གསོལ་བ་འདེབས་སོ་བརྩེ་བས་གཟིགས༔ འགྲོ་ཀུན་སྲིད་ལས་སྒྲོལ་བའི་མཐུ་སྩོལ་ཅིག༔ གསང་གསུམ་རྡོ་རྗེའི་དབང་ཆེན་བདག་ལ་སྐུར༔ ལན་གསུམ་བརྗོད། གནང་བ་སྦྱིན་ཅིང་དམ་ལ་བཞག་པ་ནི། དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དལ་དུ་སུ་ཞུགས་སྨིན་པར་བྱའོ༔ བླ་མེད་ཡང་གསང་བྱིན་རླབས་འདི༔ གནས་ཁང་འདི་ཡི་ཕྱི་རོལ་དུ༔ དམ་མེད་པ་ལ་སྨྲ་མི་རུང༔ དེ་ཕྱིར་སྙིང་ནས་བྲོ་བོར་ཅིག༔ ཞེས་རྡོ་རྗེ་སྤྱི་བོར་བཞག་སྙིང་ཁར་རེག་ལ། བཛྲ་རཀྵ་སི་ཧཱུྃ་ས་མ་ཡ་ཨི་དཾ་ན་ར་ཀན༔ ཞེས་རྗེས་ཟློས་ཀྱི་སློབ་མས་བྲོ་བོར་རོ། །

དེ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ནི། ཁྱེད་རང་རྣམས་ཀྱི་མདུན་གྱི་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གུ་རུ་པདྨ་ཡིད་བཞིན་ནོར་བུ་དབྱེར་མེད་པ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བསྲུང་མའི་ཚོགས་དང་བཅས་མངོན་སུམ་དུ་བཞུགས་པ་ལ་སྐྱབས་སུ་འགྲོ་ཞིང་ནམ་མཁའི་མཐའ་ཀླས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་ས་ལ་བཀོད་པར་བྱ། དེའི་ཆེད་དུ་ཡང་ཟབ་བླ་མའི་དཀྱིལ་འཁོར་དུ་འཇུག་ཅིང་བསྒྲུབ་པར་བྱ་སྙམ་པས་འདིའི་རྗེས་བཟློས་མཛོད། ན་མོ༔ རང་བྱུང་ལྷུན་གྲུབ་བླ་མ་པདྨ་འབྱུང་༔ སྐྱབས་ཀུན་འདུས་ངོ་བོར་ཐག་ཆོད་དོ༔ སྐྱོང་པའི་ཕ་དང་བརྩེ་བའི་མ་ཁྱོད་ཡིན༔ མཁྱེན་བརྩེ་ནུས་པས་འགྲོ་ཀུན་སྐྱབས་ཏུ་གསོལ༔ ལན་གསུམ་བརྗོད། སེམས་བསྐྱེད་པ་ནི༔ ཀྱེ་མ༔ དབང་མེད་ལས་ཀྱིས་འཁོར་བའི་འགྲོ་བ་རྣམས༔ སྲིད་ལས་ཡོངས་གྲོལ་བདེ་ཆེན་སར་འགོད་ཕྱིར༔ གསང་མཆོག་རྡོ་རྗེའི་ཟབ་ལམ་ལ་ཞུགས་ནས༔ ཁམས་གསུམ་འཁོར་བ་དོང་སྤྲུགས་སེམས་བསྐྱེད་དོ༔ ལན་གསུམ་བརྗོད། ཡན་ལག་བདུན་པ་ནི། སྐྱབས་ཡུལ་དེ་རྣམས་ཀྱི་སྤྱན་སྔར་ཐབས་ཁྱད་པར་ཅན་ཡན་ལག་བདུན་ལྡན་གྱི་སྒོ་ནས་ཚོགས་བསགས་པར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་ཨཱཿཧཱུྃ༔ མཁའ་ཁྱབ་དཀྱིལ་འཁོར་རྒྱ་མཚོར་བརྡ་ཕྱག་འཚལ་༔ སྣང་སྲིད་རྣམ་དག་ཕྱག་རྒྱའི་མཆོད་པ་འབུལ༔ རྟོག་སྒྲིབ་བག་ཆགས་ཆོས་ཉིད་ཀློང་དུ་བཤགས༔ གཉིས་འཛིན་རང་གྲོལ་ངང་ནས་རྗེས་ཡི་རང་༔ མི་འགག་རྡོ་རྗེའི་ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་མེད་རྟག་ཁྱབ་ཀློང་དུ་བཞུགས་སུ་གསོལ༔ འཁོར་གསུམ་ཡོངས་དག་དམིགས་མེད་དབྱིངས་སུ་བསྔོ༔ འགྲོ་ཀུན་དགོངས་པ་རང་གྲོལ་བྱང་ཆུབ་ཤོག༔ ཞེས་ལན་གསུམ། ཡེ་ཤེས་དབབ་པ་ལ། མདུན་བསྐྱེད་དང་བླ་མ་འདི་ལྟར་གསལ་མཛོད་ཅིག། མདུན་གྱི་ནམ་མཁར་རྒྱ་མཚོ་སྔོ་ལ་དྭངས་པ། འཇའ་འོད་ཀྱི་གུར་ཆེན་ཕུབ་ཅིང་། མེ་ཏོག་གི་ཆར་འབེབ་པ། དཔའ་བོའི་མཁའ་འགྲོས་ལྟ་བའི་གླུ་ལེན་ཞིང་རྡོ་རྗེའི་གར་བསྒྱུར་བའི་དབུས་སུ། དཔལ་ལྡན་སངས་རྒྱས་པདྨ་ལས་སྐྱེས་པ། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་དཔའ་བོའི་བཞེངས་སྟབས་མཛད་པ། ཕྱག་གཡས་ཡེ་ཤེས་ལྔ་ལྡན་གྱི་རྡོ་རྗེ་རྩེ་ལྔ་བ་ནམ་མཁའི་དབྱིངས་སུ་ཕྱར་བས་ཕོ་རྒྱུད་དཔའ་བོའི་ཚོགས་རྣམས་དབང་དུ་སྡུད་པ། ཕྱག་གཡོན་ཀཱ་པ་ལ་བདུད་རྩིས་གང་བར་ཚེ་བུམ་དཔག་བསམ་ཤིང་གིས་ཁ་རྒྱན་པ་སྟ་ཟུར་གཡན་དུ་འཆང་བའི་འོད་ཟེར་གྱིས་མ་ཚོགས་མཁའ་འགྲོ་རྒྱ་མཚོའི་སྙིང་ནས་བསྐུལ་ཞིང་བདེ་བ་ཆེན་པོས་རོལ་རྩེད་བྱེད་པ། ཞལ་འཛུམ་པས་འགྲོ་བའི་གདུང་བ་སེལ་ཞིང་། སྤྱན་གདངས་བ་ཉི་ཟླ་ལྟར་འཁྱིལ་བས་ཇི་སྙེད་པའི་ཆོས་ཀུན་ཇི་ལྟ་བར་གཟིགས་པར་སྟོན་པ་དང་། ཤངས་ཀྱི་གཟེངས་མཐོ་བས་ཡེ་ཤེས་ཀྱི་རླུང་འགོགས་པ་མེད་པར་རྒྱུ་བ། བཞི་བཅུའི་ཚེམས་དཀར་བས་ཅི་ལྟར་གསུངས་པ་དེ་ལྟར་བདེན་པ། སྙན་ཤལ་རིང་ཞིང་རྒྱན་རྒྱན་མཛེས་པས་སྒྲ་གྲགས་གསུང་གི་འཁོར་ལོར་གོ་བ། དབུ་སྐྲ་གནག་ལ་སྣུམས་པ་སིལ་བུར་འཁྲོལ་བས་སྒྲུབ་མཆོག་རྗེས་སུ་འཛིན་པ། མཐོང་གྲོལ་པད་ཞྭའི་ཅོད་པན་དབུ་ལ་གསོལ་བས་སྣང་བ་ཟིལ་གྱིལ་གྱིས་གནོན་པ། རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཆེན་མཐིང་ཀ རབ་བྱུང་གི་ཆོས་གོས་དམར་པོ། ལོངས་སྤྱོད་རྫོགས་པའི་རིན་ཆེན་གྱི་སྟོད་གཡོག་དང་མགུལ་རྒྱན་གསོལ་བ། ཁྲོ་ཆགས་སྒེག་པས་འགྲོ་བློ་དབང་དུ་སྡུད་ཅིང་། ཧུར་བག་བརྩེ་བའི་སྤྱན་གྱིས་འགྲོ་ལ་གཟིགས་པ། སྐུ་མཐོང་བ་ཙམ་གྱིས་སྣང་བ་དབང་དུ་འདུ་ཞིང་། གསུང་ཐོས་པ་ཙམ་གྱིས་ཡེ་ཤེས་ཀྱི་བྱིན་ཆེན་འབེབ་པ། ཐུགས་དྲན་པ་ཙམ་གྱིས་འཕོ་བའི་དབང་ཆེན་སྐུར་བའི་རྩ་གསུམ་རྒྱལ་བ་མ་ལུས་འདུས་པའི་སྤྱི་དཔལ་ཆེན་པོ། དཔའ་བོ་མཁའ་འགྲོའི་སྤྲིན་ཚོགས་སྤྲོ་ཞིང་བསྡུ་བའི་བདག་ཉིད་གཅིག་པུར་བཞུགས་པར་མོས་མཛོད། བླ་མས་གསོལ་འདེབས་དབྱངས་སུ་གྱེར་བའི་ཚིག་རིས་དང་མཐུན་པར་ཡིད་ཀྱིས་གསོལ་བ་དྲག་ཏུ་ཐོབ་ཅིག ཐོད་ཕྲེང་རྩལ་གྱི་སྔགས། ཚིག་བདུན་སྤྱན་འདྲེན། གདུང་འབོད་དང་། ཐུགས་དམ་གནད་བསྐུལ། གསོལ་འདེབས་རྒྱས་བསྡུས་སྣ་ཚོགས་རྗེས་བཟློས་སམ་ལྷན་གཅིག་ཏུ་འདོན། མོས་གུས་ཀྱིས་རྐྱེན་གྱིས་བླ་མ་དཀྱིལ་འཁོར་བའི་ལྷ་ཚོགས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པ་ཁྱོད་རང་རྣམས་ལ་ཕོག་པས་ཁྱོད་རང་རྣམ་ཀྱི་ཕུང་ཁམས་སྐྱེ་མཆེད་སོགས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་མེ་ལོང་ལ་ཧ་བཏབ་པ་ཡལ་བ་ལྟར་ནས་སྟོང་པ་ཉིད་དུ་གྱུར་བར་མོས་མཛོད། སློབ་མ་ལ་ལས་བུམ་གྱི་ཆུས་བསངས་གཏོར་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ ཨོཾ་མ་ཧཱ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ སློབས་མ་རྣམས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། སྐད་ཅིག་གིས་པདྨ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཉི་ཟླའི་གདན་ལ། ཁྱེད་རང་རྣམས་རང་སེམས་རིག་པའི་ངོ་བོ་ལྷུག་པར་གནས་པ་དེ་ཉིད་མདུན་བསྐྱེད་ཀྱི་གུ་རུ་ཡིད་བཞིན་ནོར་དུ་ཅི་ལྟ་བར་རྒྱན་ཆ་ལུགས་མ་འདྲེས་ཡོངས་སུ་པར་གྱུར་སོང་སྙམ་པས་གསལ་ཐོབ་ཅིག དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་མགྲིན་པར་ཨཱ༔ཐུགས་ཀར་ཧཱུྃ། སློབ་དཔོན་དང་གུ་རུ་པདྨ་ཡིད་བཞིན་ནོར་བུ་དབྱེར་མ་མཆིས་པའི་ཐུགས་ཀའི་འོད་ཟེར་གྱི་ནནམ་མཁའི་ཁམས་ཁེངས་དུས་གསུམ་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མ་ལུས་ཤིང་ལུས་པ་མེད་པར་སྤྱན་དྲངས། དེ་ཐམས་ཅད་གུ་རུ་པདྨའི་སྐུ་གསུང་ཐུགས་ཀྱི་རྣམ་པར་འོད་ཟེར་དང་བཅས་ཤིང་། དེ་ཡང་སྐུའི་བྱིན་རླབས་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་དང་ཏིལ་འབྲུ་ཙམ། གསུང་གི་བྱིན་རླབས་ཐམས་ཅད་རྒྱ་ཡིག་ཨཱ་ལི་ཀཱ་ལི་བོད་ཡིག་དབྱངས་གསལ་སོགས་ཁ་དོག་སྣ་ཚོགས་དང་། ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེའི་དྲིལ་བུ་དང་། པདྨ་རིན་ཆེན་ཁ་ཊྭཱཾ་དབྱུག་ཐོ་ལ་སོགས་པ་སྟེང་འོག་བར་གསུམ་ཐེ་མེར་ནེ་མེར་ཏིལ་གྱི་གང་བུ་ལྟར་གང་ཞིང་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་འབྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་འདུན་དྲག་པོ་མཛོད་ཅིག ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཅིང་༔ བྱིན་གྱིས་རླབས་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ བསྒྲུབ་མཆོག་བདག་ལ་དབང་ཅིག་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿ ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃཿ ཨ་ཝེ་ཤ་ཡ་ཨ་ཨཿ ཞེས་ཡེ་ཤེས་ཕབ་པའི་རྟགས་མ་བྱུང་བར་བསྐྱར་ནས་འབེབ། ཡང་བཞེངས་བསྐུལ་མ་བཏོན་ལ། སྤྲོ་ན་གར་ཁྲབ་དབྱངས་དང་བཅས་ཏེ་བྱའོ། ། ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཛ་ཛ༔ ཧཱུྃ་ཧཱུྃ༔་ཕེཾ་ཕཻ༔ རཱ་རཱ་རཱ་རཱ༔ ཙ་ལཱ་ཡ་ཙ་ལཱ་ཡ༔ དོ་ཤ་ཡ་དོ་ཤ་ཡ༔ ཨཱ་ཝེ་ཤ་ཡ་ཨ་ཨཿ དེ་ནས་སྙིང་པོ་བཟླས་ནས་ནི༔ བྱིན་འབེབས་བྱེད་ཅིང་དམིགས་པ་གསལ་གདབ༔ རྔུལ་དང་བདེ་དྲོད་འབར་པ་དང༔ བ་སྤུ་གཡོ་བ་འབེབས་རྟགས་ཡིན༔ བརྟན་ཕྱིར་སྤྱི་བོར་རྡོ་རྗེ་བཞག༔ དེ་ཝ་ཏིཥྛ་བཛྲ་ཧཱུྃ༔ ཀཱ་ཡ་ཏིཥྛ་བཛྲ་ཧཱུྃ༔ ཝཱ་ཀ་ཏིཥྛ་བཛྲ་ཧཱུྃ༔ ཙིཏྟ་ཏིཥྛ་བཛྲ་ཧཱུྃ༔ གུ་རུ་མཎྜལ་ཏིཥྛ་བཛྲ་ཧཱུྃ༔ དེ་ལྟར་ཡེ་ཤེས་དབབ་པ་ནི་ཤིན་ཏུ་གལ་ཆེ་བ་དབང་གི་རྩ་བ་ལ། རྫས་དབང་ཕལ་ཆེ་བ་དེ་བརྟན་བྱེད་དུ་བསྒྲུབ་པ་ཡིན་ནོ། ། པུཥྤེ་པྲ་ཏི་ཙྪ་ཧོ། ཞེས་མེ་ཏོག་ཕུལ། མེ་ཏོག་སྤྱི་བོར་བཞག སྤྱན་དབྱེ་བ་ལ། ཐུར་མ་ཐོགས་ལ། མ་རིག་པའི་སྒྲིབ་བྱེད་མིག་དར་དང་ལྷན་ཅིག་ཏུ་བསལ་བར་མོས་ཤིག །ཧཱུྃ༔ ཇི་ལྟར་མིག་མཁན་རྒྱལ་པོ་ཡིས༔ ཐུར་མས་ལིང་ཏོག་བསལ་བ་ལྟར༔ མ་རིག་ལོང་བའི་ལིང་ཏོག་རྣམས༔ རྒྱལ་པའི་དགོངས་པས་བསལ་བར་བྱའོ༔ ཨོཾ་བཛྲ་པ་ཤྱ་ཧོ༔ ཙུཀྵ༔པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་དར་དང་དཀྱིལ་འཁོར་གྱི་ཡོལ་བ་བསལ་ལ། ཧཱུྃ༔ བུ་ཁྱོད་རྩོལ་སེམས་མ་ཆུང་བར༔ དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས༔ ད་ནི་དད་པ་རབ་ཏུ་སྐྱེད༔ དངོས་གྲུབ་ཐམས་ཅད་འདིས་ཐོབ་འགྱུར༔ འདི་ལྟར་གསང་བ་བླ་ན་མེད་པའི་དཀྱིལ་འཁོར་མཐོང་བའམ་ལྷ་རྣམས་ཀྱི་མཚན་ཐོས་པ་ཙམ་གྱིས་ཀྱང་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དག་ཅིང་རིག་འཛིན་རྒྱལ་བའི་ཞིང་དུ་དབུགས་འབྱིན་པར་གསུངས་པས་དད་མོས་སྤྲོ་བ་རྒྱ་ཆེན་པོ་སྐྱེད་འཚལ། དཀྱིལ་འཁོར་གྱི་ལྷ་ངོ་སྤྲད་པ་ནི། ཧཱུྃ༔ རང་སེམས་ཅིར་ཡང་མ་གྲུབ་པ༔ ཆོས་སྐུ་ཀུན་ཏུ་བཟང་པོ་ཡིན༔ སྟོང་པ་ཕྱལ་ཆད་མ་སོང་བ༔ བདེ་སྟོང་ཀུན་ཏུ་བཟང་མོ་ཡིན༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ འགག་མེད་རིག་རྩལ་སྣ་ཚོགས་ཤར༔ སྐུ་གསུམ་བླ་མའི་དཀྱིལ་འཁོར་ཡིན༔ རྒྱལ་བའི་དཀྱིལ་འཁོར་གཞན་ན་མེད༔ གུ་རུ་མཎྜལ་བྷྲཱུྃ༔ ཅེས་མཉམ་པར་བཞག །དེ་ནས་དབང་དངོས་གཞི་ཞུ་བར་སྐབས་ཕྱེད་པའི་ཕྱིར་དུ་མཎྜལ་འབུལ་དུ་བཞུག་ལ། དབང་བཞི་རིམ་པས་བསྐུལ་བ་ཡི་དང་པོ་ཐུན་མོང་བུམ་པའི་དབང་ལ། དབང་སྐུར་མཁན་གྱི་བླ་མ་ནི་གུ་རུ་ཐོད་ཕྲེང་སྡེ་ལྔ་ཡིན། དབང་བསྐུར་བས། ཕུང་ལྔ་རིགས་ལྔ། ཡུལ་ལྔ་ཡུམ་ལྔ་། དུག་ལྔ་ཡེ་ཤེས་ལྔར་ངོ་སྤྲོད་པ་ཡིན་པས་འདི་ལྟར་མཛོད། ཧཱུྃ༔ ཕྲིན་ལས་རྡུལ་ཚོན་དཀྱིལ་འཁོར་འདིར༔ བླ་མ་སྤྲུལ་སྐུ་འཇའ་ལྟར་ཤར༔ སྣང་སྲིད་འཁོར་འདས་སྐུ་ཡིས་གང༔ འོད་ཟེར་རྣམ་ལྔ་་ཕྱོགས་མཐར་ཁྱབ༔ ཧཱུྃ༔ ང་ནི་རིགས་ལྔ་ཐོད་ཕྲེང་རྩལ༔ བདུད་རྩི་ལྔ་ཡིས་དབང་སྐུར་བས། དུག་ལྔ་ཡེ་ཤེས་ལྔ་རུ་གྲོལ༔ རྒྱལ་བ་རིགས་ལྔའི་དབང་ཐོབ་ཤོག༔ ཧཱུྃ༔ ཁྲོ་བོ་རྣམས་ཀྱིས་ལོག་འདྲེན་བཅོམ༔ བྱང་ཆུབ་སེམས་དཔས་བཀྲ་ཤིས་བརྗོད༔ རྡོ་རྗེ་མ་ཡིས་གླུ་དབྱངས་ལེན༔ ལྷ་མོ་རྣམས་ཀྱིས་མཆོད་པ་འབུལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝཌཱ་ཀི་ནི་ༀ་ཧཱུྃ་ཏྲཱྃ་ཧྲཱི་ཨཱ་ཨ་བྷི་ཥིཉྩ་ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་དབང་བསྐུར་བཀྲ་ཤིས་བརྗོད༔ རྣམ་བཞིས་གཞན་དོན་བསྒྲུབ་པའི་ཕྱིར༔ རྒྱ་གྲམ་ཐོགས་ལ་འདི་སྐད་དོ༔ ཧཱུྃ༔ འདི་ནི་རྡོ་རྗེ་རྒྱ་གྲམ་སྟེ༔ ཞི་རྒྱས་དབང་དྲག་ལྷུན་གྱིས་གྲུབ༔ སློབ་མ་ཁྱོད་ལ་དབང་སྐུར་བས༔ ཕྲིན་ལས་རྣམ་བཞིས་འགྲོ་དོན་གྱིས༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་ཝཌཱ་ཀི་ནཱི་སརྦ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ ཞེས་བསྐུར༔ དེ་ལྟར་རིགས་པའི་དབང་ལྔ་བསྐུར་བས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔ་མངོན་དུ་གྱུར། ཐོད་ཕྲེང་རྩལ་ལྔའི་གོ་འཕང་ཐོབ། ཕྲིན་ལས་རྣམ་བཞིར་དབང་བསྒྱུར་བའི་སྐལ་བ་དང་ལྡན་པར་བྱས་སོ། །ནང་སྒྲུབ་ཐུན་མོང་མ་ཡིན་པའི་དབང་སྐུ་ཚབས་ཡིད་བཞིན་ནོར་བུ་ལ་བརྟེན་ནས་དབང་བཞི་སྐུར་བ་ནི། ༡༽སྐུ་བུམ་དབང་ལ། སྐུ་ཚབས་བསྟན་ལ། དེ་ཡང་བསྐུར་མཁན་གྱི་བླ་མ་ནི་པདྨ་འབྱུང་གནས་སྤྲུལ་པའི་སྐུའི་བདག་ཉིད། བསྐུར་བའི་གནས་ནི་ཁྱེད་རང་རྣམས་ཀྱི་སྤྱི་བོ། ཇི་ལྟར་བསྐུར་བའི་ཚུལ་ནི། བླ་མ་གུ་རུ་པདྨ་འབྱུང་གནས་ཀྱི་སྤྱི་བོ་ནས་རང་འདྲ་བའི་སྐུ་སོར་བཞི་བ་དཀར་པོ་འོད་དང་འོད་ཟེར་འཕྲོ་བ་སྐར་མདའ་ཆད་པ་ལྟར་འཕྲོས། ཁྱེད་རང་གི་དཔྲལ་བར་ཐིམ་པས་ལུས་སྣང་སྟོང་པདྨ་འབྱུང་གནས་ཀྱི་སྐུ་དང་དབྱེར་མེད་དུ་གྱུར་པའི་མོས་པ་བྱེད་པ་རྩ་བ་དང་། དེ་བཞིན་དུ་མགྲིན་པ་ནས་དམར་པོ། ཐུགས་ཀ་ནས་མཐིང་ཀ ལྟེ་བ་ནས་སེར་པོ། གསང་བ་ནས་ལྗང་ཀུ་སྤྲོས་ཏེ་གནས་སོར་ཐིམ་པར་མོས་ཤིག ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་ཏུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃཿ བུ་ངས་གདུང་བའི་དབྱངས་ཀྱིས་བསྐུལ༔ ཕ་གཅིག་ཐུགས་རྗེ་མ་གཡེལ་བྱོན༔ སྐུ་ཡི་གར་སྟབས་ཤིག་སེ་ཤིག༔ གསུང་གི་བརྡ་གླུ་གྱུ་རུ་རུ༔ ཐུགས་ཀྱི་བྱིན་རླབས་ད་ལ་ལ༔ བརྩེ་ཆེན་སྤྱན་གྱིས་ད་ལྟ་གཟིགས༔ ལུས་ལ་རྡོ་རྗེའི་ཚེ་དབང་སྐུར༔ ངག་ལ་གཞོམ་མེད་སྔགས་རྒྱས་ཐོབ༔ ཡིད་ལ་བདེ་སྟོང་ཡེ་ཤེས་བསྐྱེད༔ དུས་མིན་འཆི་བའི་བར་ཆད་ཟློག༔ འབྱུང་ཁམས་དབང་དུ་བསྒྱུར་བ་དང་༔ འཕོ་མེད་འོད་གསལ་མངོན་ཏུ་གྱུར༔ ཚེ་དང་སྨོན་ལམ་དབང་བཅུ་ཐོབ༔ རྟག་བརྟན་རྡོ་རྗེའི་སྐུ་ཐོབ་ཤོག༔ ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ༔ སིདྡྷི་ཕ་ལ་ཧཱུྃ་ཨཱ༔ སྤོས་རོལ་བཅས་སྐུ་ཚབས་ཡིད་བཞིན་ནོར་བུའི་ཞལ་ལ་བལྟ་བར་བྱ། དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །ས་བརྒྱད་པ་མི་གཡོ་བ་ནོན། འབྲས་བུ་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ལམ་དུས་བསྐྱེད་རིམ་མ་ཧཱ་ཡོ་གའི་རྣལ་འབྱོར་བསྒོམ་པ་ལ་དབང་བ་ཡིན་ནོ། །

༢༽གསུང་གསང་དབང་ལ། བསྐུར་བ་པོ་བླ་མ་ནི་པདྨ་འབྱུང་གནས་ལོངས་སྤྱོད་རྫོགས་སྐུར་ཤེས་པས། བསྐུར་བའི་གནས་ཁྱེད་རང་རྣམས་ཀྱི་མགྲིན་པ། ཇི་ལྟར་བསྐུར་བའི་ཚུལ་ནི། གུ་རུའི་ལྗགས་སྟེང་གི་ཨཱཿ དམར་པོ་ལས་འོད་ཟེར་དམར་པོ་མར་མེའི་རྩེ་མོ་ལྟ་བུ་བྱུང་། ཁྱེད་རང་གི་མགྲིན་པར་ཐིམ་པས་ངག་གྲགས་སྟོང་གུ་རུ་པདྨའི་གསུང་དང་དབྱེར་མེད་དུ་གྱུར་པའི་མོས་པ་དང་། སྔགས་ཕྲེང་ལྔ་སྤྲོས་ཏེ་ཐིམ་པར་མཛོད། ༀ་ནི་ཐུགས་རྗེ་རེ་སྐོང་སྤྲུལ་བའི་སྐུ༔ ཨཱཿ་ནི་ངེས་པ་ལྔ་ལྡན་ལོངས་སྐུའི་གསུངས༔ ཧཱུྃ་ནི་ཡེ་ཤེས་འགྱུར་མེད་ཆོས་སྐུའི་ཐུགས༔ སྐུ་གསུམ་རིགས་འདུས་པདྨ་རྒྱལ་པོར་འདུད༔ བཛྲ་ཆོས་དབྱིངས་འགྱུར་མེད་ངོ་བོ་ཉིད༔ གུ་རུ་སྤངས་རྟོགས་ཕུན་ཚོགས་ཡོན་ཏན་གཏེར༔ པདྨ་སྐྱོན་བྲལ་འཕྲིན་ལས་མཐའ་ཡས་བདག༔ སིདྡྷིས་འཁོར་འདས་དངོས་གྲུབ་རྩོལ་ལ་འདུད༔ ཧཱུྃ་གིས་ཐུགས་དམ་བསྐུལ་ལོ་པདྨ་འབྱུང་༔ རྟོགས་སྒྲིབ་བག་ཆགས་སོལ་ཅིག་ཐུགས་རྗེའི་བདག༔ ཁྱོད་ཐུགས་ཟག་པ་ཀུན་བྲལ་མཁའ་ལྟར་བརྡལ༔ བདག་ཡིད་གཅིག་འདྲེས་རང་གྲོལ་དོན་ལ་བལྟ༔ སྔགས་འདིས་རྗེས་བཟློས་གནང་བར་ཞུ༔ ༀ་ཨཱཿ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཞེས་སྙིང་པོའི་ལུང་སྦྱིན། དེ་ལྟར་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །ས་དགུ་པ་ལེགས་པའི་བློ་གྲོས་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ལམ་དུས་རྫོགས་རིམ་ཨ་ནུ་ཡོ་ག་སྟེ་རང་བྱིན་གྱིས་བརླབ་པ་བསྒོམ་པ་ལ་དབང་བ་ཡིན་ནོ། །

༣༽ཐུགས་ཤེར་དབང་ལ། ཐོད་པ་ལས་བདུད་རྩི་གནས་ལྔའི་ཁ་དོག་དང་མཐུན་པ་ལྔ་འཕྲོས། དེས་གནས་སོ་སོ་ནས་བདེ་བ་བསྐྱེད། སྣོད་བཅུད་བདེ་བས་ཁྱབ་པའི་ངང་ནས། དབང་བསྐུར་བ་པོ་བླ་མ་པདྨ་འབྱུང་གནས་ཆོས་སྐུ་སྤྲོས་བྲལ་གྱི་བདག་ཉིད་ཅན་དུ་ངེས་པ། བསྐུར་བའི་གནས་ཁྱེད་རང་རྣམས་ཀྱི་སྙིང་ག ཇི་ལྟར་བསྐུར་བའི་ཚུལ་ནི། གུ་རུའི་ཐུགས་ཀའི་ཧཱུྃ་ཡིག་སྔོན་པོ་ལས་འོད་ཟེར་སྔོན་པོ་སྤོས་རེང་གི་དུ་བ་ལྟ་བུ་བྱུང་། ཁྱེད་རང་གི་སྙིང་གར་ཐིམ་པས་ཡིད་གསལ་སྟོང་པདྨ་འབྱུང་གནས་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པའི་མོས་པ་རྩ་བ་དང་། མཚོན་བྱེད་དུ་རྫས་ཀྱི་རྣམ་པ་ཐོད་པའི་བདུད་རྩིར་དམིགས་པ་འདི་ལྟར་བྱ་སྟེ། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་པདྨ་འབྱུང་གནས་ཀྱི་ཁ་ཊྭཱཾ་ཀ་ཡུམ་ཡེ་ཤེས་མཁའ་འགྲོ་མར་གྱུར་པ་དང་སྙོམས་པར་བཞུགས་པའི་བདེ་སྒྲ་དང་འོད་ཟེར་གྱི་རྒྱལ་བ་སྲས་དང་བཅས་པ་སྤྱན་དྲངས། ཞལ་དུ་ཞུགས། སྐུའི་རྩ་གནས་རྣམས་རྒྱུད། རྗེས་སུ་ཆགས་པའི་མེས་ཞུ་དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་པ་དེ་ལྕེ་སྟེང་དུ་མྱོང་བས་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག་བྱས་ལ་ཐོད་པའི་བདུད་རྩི་ཐོགས་ཏེ། ཨ༔ བདེ་བའི་སྣོད་དུ་བདེ་ཆེན་བདུད་རྩིའི་རྒྱུན༔ བདེ་བའི་དྲོད་འབར་ངད་ལྡན་འོད་རླངས་འཕྲོ༔ བདེ་བ་དོན་གཉེར་བུ་ལ་དབང་བསྐུར་བས༔ བདེ་ཆེན་ལྷན་སྐྱེས་རང་བྱུང་འབར་བར་ཤོག༔ ཨ་ཧོ་མ་ཧཱ་སུ་ཁཱ༔ ཞེས་མྱང་བར་བྱའོ། །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་སྒྲིབ་པ་དག ས་བཅུ་པ་ཆོས་ཀྱི་སྤྲིན་ནོན། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་གྱུར། ལམ་དུས་སུ་ཨ་ཏི་ཡོ་ག་སྟེ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་པ་ཡིན་ནོ། །དབང་རྫས་མི་འགྱེད་ན་སྐུ་ཚབས་ཕྱག་གི་བདུད་རྩི་སྤྲོ་བར་དམིགས་པས་འགྲུབ་པོ། །

༤༽ཡོན་ཏན་གྱི་དབང་ལ་ཚིག་དབང་ལ། གུ་རུ་ཡིད་བཞིན་ནོར་བུའི་གནས་ལྔ་ནས་རྡོ་རྗེ་ལྔ་བ་རེ་རེ་ནས་ལྔ་ཕྲོས། སློབ་མའི་གནས་ལྔ་ལ་ཐིམ། སྤྱི་བོར་ཞེ་སྡང་། མགྲིན་པར་འདོད་ཆགས། སྙིང་གར་གཏི་མུག ལྟེ་བར་ང་རྒྱལ། གསང་བ་ཕྲག་དོག་སྟེ་དུག་ལྔ་སྐྱེ་བའི་ཡུལ་ལྔ་སྙིང་ཁོངས་སུ་བཅུག་པ་ལ་ཕོག དེར་བདག་ཏུ་འཛིན་པ་ཧྲང་ངེ་བ་རེ་ཡོད་པ་གཏོར་བར་བསམ་ལ། ཕཊ་ལྔ་བྱ། རྡོ་རྗེ་སེམས་དཔའི་མེ་ལོང་ཐོགས་ལ། དེ་ཡང་དབང་བསྐུར་བ་པོ་བླ་མ་པདྨ་འབྱུང་གནས་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་བདག་ཉིད་ཅན། བསྐུར་བའི་གནས་ལྔ་ནི་ཁྱེད་རང་རྣམས་ཀྱི་ལྟེ་བ་སོགས་གནས་ལྔ། ཇི་ལྟར་བསྐུར་བའི་ཚུལ་གུ་རུའི་ལྟེ་བ་ལ་སོགས་གནས་ལྔ་ནས་འོད་ཟེར་ཆུ་ལ་འཇའ་ཚོན་ཤར་བ་ལྟ་བུ་བྱུང་། ཁྱེད་རང་གི་གནས་དེ་དག་ཏུ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཡོངས་རྫོགས་ཀྱི་དབང་ཐོབ་པར་མོས་པ་རྩ་བ་དང་། མཚོན་བྱེད་ཀྱི་རྫས་ཀྱི་རྣམ་པ་ཤེལ་རྡོ་འདི་ཡི་བརྡ་ལ་བརྟེན་ནས་ངོ་སྤྲད་པས་བརྡའ་དོན་ཐབས་ཤེས་ཟུང་འཇུག་གཉིས་མེད་ཡེ་ཤེས་ཚིག་ལས་འདས་པ་ཆོས་ཀྱི་སྐུ་རུ་ངོ་ཤེས་པར་བྱེད་པ་དབང་བཞི་རྩལ་རྫོགས་སུ་ཐོབ་པར་བྱས་བྱུང་སྙམ་པའི་མོས་འདུན་མཛོད་ཅིག མཉམ་པར་བཞག་ཅིང་འདི་ལྟར་བརྗོད༔ ཧོ༔ མཚོན་དུ་མེད་པའི་ཆོས་དབྱིངས་ལ༔ བསལ་བཞག་བྲལ་བའི་ངང་ནས་ལྟོས༔ ཆོས་སྐུ་ཐིག་ལེ་ཉག་གཅིག་ནི༔ བསམ་དུ་མེད་དོ་ཨ་ལ་ལ༔ དེ་ལྟར་དབང་བསྐུར་བས་སྒོ་གསུམ་གྱི་སྒྲིབ་པ་དག ཐོབ་བྱ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ལམ་དུས་སུ་ཨ་ཏི་ཡང་གསང་རྡོ་རྗེ་སྙིང་པོ་རྫོགས་ཆེན་བྱ་རྩོལ་བྲལ་བའི་དོན་ཀ་དག་ལྷུན་གྲུབ་ཀྱི་ཡེ་ཤེས་བསྒོམ་པ་ལ་དབང་བ་ཡིན་ནོ། །

༥༽འཕྲིན་ལས་བཀྲ་ཤིས་ཚེ་ཡི་དབང་ལ། གུ་རུ་ཡིད་བཞིན་ནོར་བུའི་ཕྱག་གི་ཚེ་བུམ་ལས་རིགས་ཀྱི་ཡུམ་ལྔ་འཕྲོས། སྤྱི་བོ་ནས་རྡོ་རྗེ་མཁའ་འགྲོ་དཀར་མོ། མགྲིན་པ་ནས་པདྨ་མཁའ་འགྲོ་དམར་མོ། སྙིང་ཀ་ནས་སངས་རྒྱས་མཁའ་འགྲོ་མཐིང་ཀ ལྟེ་བ་ནས་རིན་ཆེན་མཁའ་འགྲོ་སེར་མོ། གསང་བ་ནས་ལས་ཀྱི་མཁའ་འགྲོ་ལྗང་གུ་ལྔ་ཕྲོས། གནས་ལྔར་ཐིམ་པར་བསམ། ཆུ། མེ། ནམ་མཁའ། ས། རླུང་ལྔ་། ཁྲག དྲོད། རྣམ་ཤེས། རུས་པ། དབུགས་གསོས་ཤིང་དེས་སྒོ་ནས་འགྲོ་དོན་བྱེད་ནུས་པའི་དབང་མཆོག་ཐོབ་པར་དམིགས་ལ། ཚེ་བཅུད་དངོས་གྲུབ་འགུགས་པ་ནི༔ ཧཱུྃ་ཧྲཱི༔ སྤྲོས་པའི་སྒྲིབ་བྲལ་ཆོས་ཉིད་རྡོ་རྗེའི་ཐུགས༔ བདེ་ཆེན་འགྱུར་བ་མེད་པ་རྡོ་རྗེའི་གསུང་༔ འོད་གསལ་མཚན་དཔེར་ཤར་བ་རྡོ་རྗེའི་སྐུ༔ རྡོ་རྗེ་གསུམ་གྱིས་ཚེ་དཔལ་བྱིན་ཆེན་ཕོབས༔ རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོ་དང་༔ བསྟན་སྲུང་ནོར་ལྷ་རྒྱ་མཚོའི་ངོ་བོ་ཉིད༔ ཚེ་དབང་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ གསང་གསུམ་ཚེ་དང་ཡེ་ཤེས་བྱིན་ཕོབས་ཅིག༔ རྒྱལ་བ་སྲས་བཅས་དྲང་སྲོང་བྱིན་རླབས་ཁུག༔ ཚངས་དང་བརྒྱ་བྱིན་ཕྱོགས་སྐྱོངས་གཟི་དཔལ་ཁུག༔ འབྱུང་བའི་བཅུད་དང་རིན་ཆེན་ནུས་པ་ཁུག༔ རྡོ་རྗེའི་ཚེ་དབང་བྱིན་རླབས་དངོས་གྲུབ་སྩོལ༔ ཚེ་དཀྱིལ་གནས་ཁང་འདི་ལ་བྱིན་ཆེན་ཕོབས༔ ཚེ་རྫས་དམ་རྫས་འདི་ལ་བཅུད་གཅིག་སྐྱེད༔ ཚེ་རྟེན་མདའ་དར་འདི་ལ་ཚད་གཅིག་སྟོན༔ ཚེ་ལྡན་རྣམས་ལ་ཚེ་དབང་བྱིན་ཆེན་ཕོབས༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ བསྡུ་ན་དེ་ཙམ་གྱིས་འགྲུབ་པོ། །སྤྲོ་ན་དཀྱིལ་འཁོར་ལྷ་ཚོགས་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཚེ་དགྲའི་གཡུལ་བཟློག་དམར་ནག་མེ་ཕྲེང་རྩལ༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་ལྷ་ཚོགས་ཀྱིས༔ ཕྱོགས་སྐྱོང་སྡེ་བརྒྱད་ལག་ནས་ཚེ་གཡང་ཁུག༔ ཞེ་སྡང་འཁྲུགས་པའི་རྐྱེན་ལས་གྱུར་བ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ དུག་གསུམ་ཚེ་ནད་ཀུན་སེལ་མཛད་སྨན་གྱི་ལྷ༔ ཨོ་རྒྱན་སྨན་གྱི་བླ་མའི་ལྷ་ཚོགས་གྱིས༔ དྲང་སྲོང་རིག་འཛིན་ལག་ནས་ཚེ་གཡང་ཁུག༔ སྔོན་ལས་འཕྲལ་རྐྱེན་ངན་པ་ལས་བྱུང་བའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བསོད་རྒྱས་མཛད་ཆུ་དབང་དྲྭ་བ་སྡོམ༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ལྷ་ཚོགས་ཀྱིས༔ གནོད་སྦྱིན་ནོར་བདག་ལག་ནས་ཚེ་གཡང་ཁུག༔ སེར་སྣ་འགྱུར་གེགས་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་སྲི་འདུལ་མཛད་དཔལ་ཆེན་སྒྲུབ་སྡེ་བརྒྱད༔ ཨོ་རྒྱན་ཡི་དམ་ལྷ་ཚོགས་འཁོར་བཅས་ཀྱིས༔ ཚོགས་བརྒྱད་གཟུང་འཛིན་གཞན་དབང་ལས་གྱུར་པའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བདུད་འཇོམས་མཛད་ཟིལ་གནོན་དྲག་པོ་རྩལ༔ ཨོ་རྒྱན་གཞི་བདག་གཉན་པོའི་ལྷ་ཚོགས་ཀྱིས༔ སྣང་སྲིད་ལྷ་འདྲེའི་ལག་ནས་ཚེ་གཡང་ཁུག༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་གདོན་དཔུང་འཇོམས་གསང་བདག་སེངྒེའི་སྒྲ༔ ཨོ་རྒྱན་དཔའ་བོའི་གིང་དང་སྲུང་མའི་ཚོགས༔ འདོད་ཁམས་འཁོར་བའི་གནས་ནས་ཚེ་གཡང་ཁུག༔ རྣམ་གཡེངས་འཕོ་བཅས་རྟོག་པའི་དབང་གྱུར་པའི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བཅུད་སྤེལ་མཛད་པདྨ་བཛྲ་རྩལ༔ ཨོ་རྒྱན་འབྱུང་བ་བཞི་བདག་ལྷ་ཚོགས་ཀྱིས༔ སྣོད་བཅུད་འབྱུང་བའི་ཁམས་ཀྱི་ཚེ་ཁུག་ཅིག༔ བྱིང་རྨུག་འཕྲོ་རྒོད་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་རྐུན་སྟོབས་འཕྲོག་ཁྲོ་མཆོག་རྟ་མགྲིན་ནག༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་ལྷ་ཚོགས་ཀྱིས༔ ས་བདག་ཤ་ཟའི་ལག་ནས་ཚེ་ཁུག་ཅིག༔ ཐེ་ཚོམ་རྣམ་པར་རྟོག་པའི་གཞན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བསེན་མཐར་བྱེད་རྡོ་རྗེ་ཁྲོ་བོ་ལོད༔ ཨོ་རྒྱན་རྡོ་རྗེ་གུར་གྱི་ལྷ་ཚོགས་ཀྱིས༔ མི་དང་མི་མིན་ལག་ནས་ཚེ་གཡང་ཁུག༔ བསམ་སྦྱོར་ངན་པའི་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ ཚེ་བྱུར་སེལ་མཛད་ཐུགས་ཆེན་པདྨ་རྒྱལ༔ ཨོ་རྒྱན་སྣང་མཐའི་སྤྲུལ་བའི་ལྷ་ཚོགས་ཀྱིས༔ འཇིག་རྟེན་ཆེ་རྒུའི་ལག་ནས་ཚེ་ཁུག་ཅིག༔ རེ་དོགས་རྣམ་རྟོག་རྐྱེན་ལས་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་ཟད་བསྲིང་མཛད་སངས་ཚེ་དཔག་མེད༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ལྷ་ཚོགས་ཀྱིས༔ འཕགས་པ་བྱང་སེམས་ཕྱག་ནས་ཚེ་ཁུག་ཅིག༔ རྨི་ལམ་འཁྲུལ་བའི་རྐྱེན་དུ་གྱུར་པ་ཡི༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་བརྟན་འགྱུར་མེད་ཆོས་སྐུ་ཀུན་ཏུ་བཟང་༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ལྷ་ཚོགས་ཀྱིས༔ ཕྱོགས་བཅུའི་སངས་རྒྱས་ཞིང་ནས་ཚེ་ཁུག་ཅིག༔ དངོས་ཞེན་འཛིན་པ་དམ་པོའི་རྐྱེན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ཚེ་འཕེལ་ཡིད་བཞིན་ནོར་བུ་བདེ་བ་ཆེ༔ ཨོ་རྒྱན་ཐུགས་རྗེ་འགྱུར་མེད་ལྷ་ཚོགས་ཀྱིས༔ བརྒྱུད་གསུམ་རིག་འཛིན་ཕྱག་ནས་ཚེ་ཁུག་ཅིག༔ ༔ སྙེམས་འཕྲིག་དམ་སེལ་ངན་པའི་རྐྱེན་དབང་གིས༔ དུས་མིན་འཆི་སོགས་ཚེ་ཡི་བར་ཆད་སོལ༔ བྱིན་རླབས་ཚེ་བསོད་ཡེ་ཤེས་དངོས་གྲུབ་སྩོལ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ མགྱོགས་མ་རྣམ་བཞི་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ ཛ༔ རང་སྣང་དཀྱིལ་འཁོར་ཤར་སྒོ་ནས༔ མྱོགས་མ་དཀར་མོ་ལྕགས་ཀྱུ་མ༔ དྲི་ཟའི་ལག་ནས་ཚེ་ཁུག་ལ༔ ཁྲག་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ཧཱུྃ༔ རང་སྣང་དཀྱིལ་འཁོར་ལྷོ་སྒོ་ནས༔ མྱོགས་མ་སེར་མོ་ཞགས་པ་མ༔ གཤིན་རྗེའི་ལག་ནས་ཚེ་ཁུག་ལ༔ ཤ་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ བྃ༔ རང་སྣང་དཀྱིལ་འཁོར་ནུབ་སྒོ་ནས༔ མྱོགས་མ་དམར་མོ་ལྕགས་སྒྲོག་མ༔ ཀླུ་དབང་ལག་ནས་ཚེ་ཁུག་ལ༔ དྲོད་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ཧོ༔ རང་སྣང་དཀྱིལ་འཁོར་བྱང་སྒོ་ནས༔ མྱོགས་མ་ལྗང་མོ་དྲིལ་བུ་མ༔ གནོད་སྦྱིན་ལག་ནས་ཚེ་ཁུག་ལ༔ དབུགས་ཁམས་བླ་ཚེ་བརྟན་པར་གསོལ༔ བླ་ཚེ་འཁྱམ་པ་ཁུག་ལ་བསྟིམ༔ ཆད་པ་མཐུད་ལ་ཉམས་པ་གསོས༔ ཡར་བ་བསྡུས་ལ་གས་པ་སྦྱོར༔ འཆི་མེད་ཚེ་དབང་བྱིན་ཆེན་ཕོབས༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ མདའ་དར་ཕྱོགས་བཞི་དབུས་ལྔར་གཡབ༔ ཚེ་དཔལ་སྦུབས་ཆུ་དྲངས་པ་ལྟར༔ འཇའ་དང་འོད་དུ་ཀྱི་ལི་ལི༔ བསྟིམ་པས་གཟི་བྱིན་ཆེར་འབར་བསམ༔ མཆིལ་མ་མིད་ཅིང་བུམ་ཅན་འཛིན༔ ལྟེ་འོག་རིག་པ་ཕུར་ཚུགས་གཏད༔ འཆི་བདག་གཤིན་རྗེའི་ཁར་ཚུད་ཀྱང་༔ ཞག་བདུན་ཚེ་ནི་བསྲིང་བར་འགྱུར༔ ཚེ་འགུགས་འདི་ཉིད་བརྒྱ་རྩ་བརྒྱད༔ ཉིན་གཅིག་བཏོན་པས་ཚེ་གེགས་སེལ༔ ཞག་རེར་ཚར་གསུམ་མ་ཆད་ན༔ ཚེ་ལོ་བརྒྱ་ལ་ཐེ་ཚོམ་མེད༔ ཅེས་པ་ཚེ་འགུགས་རྒྱས་པ་བསྡུས་ཅི་བྱས་ཀྱང་མཐར། ཚེ་འབྲང་བུམ་པ་མགོ་ལ་བཞག༔ ཧཱུྃ་ཧྲཱི༔ ཚེ་དཔག་མེད་མགོན་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་ཚེ་ལྷ་རྒྱ་མཚོའི་ཡེ་ཤེས་བྱིན༔ ཚེ་ཡི་དཀྱིལ་འཁོར་ཆེན་པོའི་དབང་བསྐུར་བས༔ ཚེ་ལྷའི་གསང་གསུམ་ཡོན་ཏན་རྫོགས་པར་ཤོག༔ འཆི་མེད་ཚེ་རིལ་གཡས་སུ་གཏད༔ ཧཱུྃ་ཧྲཱི༔ སྣང་བའི་ཆོས་ཀུན་འཛིན་ཞེན་བྲལ་བ་ལས༔ འཁོར་འདས་བཅུད་བསྡུས་འཆི་མེད་ཚེ་རིལ་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ འཆི་མེད་རྡོ་རྗེའི་ཚེ་ལ་མངའ་བརྙེས་ཤོག༔ ཚེ་ཆང་བདུད་རྩི་གཡོན་ཏུ་གཏད༔ ཧཱུྃ་ཧྲཱི༔ སྟོང་པའི་ཆོས་ཀུན་དབྱིངས་སུ་ཞུགས་པ་ལས༔ འཕོ་བཅས་རྣམ་རྟོག་གཅོད་པའི་ཚེ་ཆང་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་སྦྱིན་པ་ཡིས༔ བདེ་སྟོང་རྡོ་རྗེའི་ཚེ་ལ་མངའ་བརྙེས་ཤོག༔ སྤྲོས་མེད་ལ་ཚེ་འགུགས་དང་དམིགས་པ་ཙམ་གྱིས་འགྲུབ་པས་ཚེ་རྫས་སོགས་མ་གཏད་ཀྱང་རུང་ངོ། །

༦༽བླ་མ་སྙིང་ཞུགས་ཀྱི་དབང་ནི། ཨ༔ མཁའ་དབྱིངས་རྒྱལ་བ་རབ་འབྱམས་གཙོ་བོར་འདུས༔ གཙོ་བོ་འཇའ་ལུས་ཟུང་འཇུག་རྡོ་རྗེའི་སྐུ༔ འཐེབ་སོར་ཙམ་ཞིག་གཙུག་ནས་སྙིང་དབུས་བབ༔ བྱིན་རླབས་དབང་དང་དངོས་གྲུབ་མཆོག་ཐོབ་དམིགས༔ ཨ་ཨ་ཨ༔ བླ་མའི་ཐུགས་དང་རང་སེམས་དབྱེར་མེད་པ་ངེས་པའི་དོན་ལ་མཉམ་པར་འཇོག༔ སླར་ཡང་སྣང་གྲགས་རྟོག་ཚོགས་བླ་མའི་སྐུ༔ རྩོལ་མེད་མ་བཅོས་རིག་པའི་ངོ་བོར་བཞུགས༔ དགེ་བ་འདི་ཡིས་འགྲོ་བ་མ་ལུས་པ༔ ཡེ་ཤེས་བླ་མའི་ས་མཆོག་མྱུར་ཐོབ་ཤོག༔ སླར་ཡང་དཀྱིལ་འཁོར་རྒྱ་མཚོ་གཞིར་བཞེང་སུ་གསལ་བ་ལས་ཚེ་མི་འགྱུར་བར་རྒྱས་འདེབས་པར་བསམ། བླ་ཚེ་དབྱིངས་སུ་སྦ་བ་ནི༔ ཚེ་ཡི་སྙིང་པོ་ཨ་དཀར་པོ༔ ཉི་ཟླ་ཁ་སྦྱོར་ནང་དུ་བཅུག༔ ཡེ་ཤེས་ལྔ་ཡི་འོད་ཀྱིས་བསྡམ༔ རྡོ་རྗེ་གསུམ་གྱི་རྒྱ་ཡིས་བཏབ༔ མདའ་དར་རྒྱ་གྲམ་གནས་ལྔར་བཞག༔ ཧཱུྃ་ཧྲཱི༔ གཅིག་འཛིན་བདག་ལྟའི་ཚེ་ཡི་ཀེགས༔ ཀུན་ཁྱབ་ཡེ་ཤེས་སྟོབས་ཀྱིས་བཅོམ༔ ཆོས་སྐུ་གཅིག་གི་བྱིན་གྱིས་བརླབས༔ ཐིག་ལེ་གཅིག་གི་ཀློང་དུ་སྦ༔ གཉིས་འཛིན་མཚན་མའི་ཚེ་ཡི་ཀེགས༔ གཉིས་མེད་ཡེ་ཤེས་སྟོབས་ཀྱིས་བཅོམ༔ སྐུ་གཉིས་དག་པས་བྱིན་གྱིས་བརླབས༔ གཉིས་སྣང་བྲལ་བའི་ཀློང་དུ་སྦ༔ དུག་གསུམ་ཆགས་སྡང་ཚེ་ཡི་ཀེགས༔ ཡེ་ཤེས་གསུམ་ལྡན་སྟོབས་ཀྱིས་བཅོམ༔ སྐུ་གསུམ་བདེན་པས་བྱིན་གྱིས་བརླབས༔ ཁམས་གསུམ་ཀློང་གྲོལ་དབྱིངས་སུ་སྦ༔ སྐྱེ་བཞིར་ཨ་འཐས་ཚེ་ཡི་ཀེགས༔ ཡེ་ཤེས་བཞི་སྦྱོར་སྟོབས་ཀྱིས་བཅོམ༔ སྐུ་བཞིའི་བདེན་པས་བྱིན་གྱིས་བརླབས༔ འབྱུང་བཞི་རང་དག་ཀློང་དུ་སྦ༔ དུག་ལྔ་འཁྲུགས་པའི་ཚེ་ཡི་ཀེགས༔ རྒྱལ་བ་རིགས་ལྔས་སྟོབས་ཀྱིས་བཅོམ༔ དབྱིངས་ལྔ་དག་པའི་ཀློང་དུ་སྦ༔ ༀ་ཨཱཿཧཱུྃ་བཛྲ་གུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མཱ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཨཱ་ཡུརྫཱ་ན་གུ་ཡ་སིདྡྷི་ཧཱུྃ༔ ཨཱ་ཡུརྫྙཱ་ན་ཏིཥྛ་བྷྲཱུྃ༔ རྗེས་དབང་གི་དམ་ཚིག་བསྒྲགས་པ་ནི། དེ་ལྟར་གུ་རུའི་གསོལ་འདེབས་བསམ་པ་ལྷུན་གྱི་ཟབ་མོ་ནང་བསྒྲུབ་གུ་རུ་ཡིད་བཞིན་ནོར་བུའི་སྐུ་ཚབས་ཡིད་བཞིན་ནོར་བུ་ལ་བརྟེན་པའི་དབང་བཞི་མཐའ་བརྟེན་བཀྲ་ཤིས་ཚེ་ཡི་དབང་བསྐུར་དང་བཅས་པ་ལེགས་པར་གྲུབ་པ་ཡིན་ནོ། གཞན་ཡང་ཤིས་བརྗོད་ཇི་ལྟར་འོས་པ་བྱའོ། དེ་ཡང་གསང་སྔགས་ཀྱི་རྩ་བ་དབང་། དབང་གི་རྩ་བ་དམ་ཚིག་སྟེ། དེ་ཡང་རྒྱས་པར་དབྱེ་ན་ས་མ་ཡ་འབུམ་སྡེར་གསུངས་པའི་བསྡུས་དོན་རྡོ་རྗེ་ཐེག་པ་ལས་རིགས་ལྔ་སྤྱིའི་དམ་ཚིག་དང་། རྩ་བའི་ལྟུང་བ་བཅུ་བཞི། གལ་མདོར་གྱུར་པ་སྐུ་གསུང་ཐུགས་ཀྱི་དམ་ཚིག་སྟེ། བླ་མ་སངས་རྒྱས་སུ་ལྟ་བའི་མོས་གུས་ནི་ཀུན་གྱི་སྙིང་བོར་གྱུར་པར། གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། ཇི་ཕྱིར་ཡི་དམ་བསྒྲུབ་ཀྱང་བྱིན་རླབས་སྒོ༔ བླ་མ་ལས་གཞན་མ་ཡིན་ཆོས་ཐམས་ཅད༔ བླ་མའི་མོས་གུས་ལྟེམ་རྐྱང་མེད་ལ་འདུ༔ ཁྱད་པར་རྡོ་རྗེ་ཐེག་པའི་སྲོག་སྙིང་སྟེ༔ འདི་ཡོད་སྲོག་ཡོད་འདི་མེད་སྲོག་མེད་འགྱུར༔ དེས་ན་དཀའ་སླ་སྐྱིད་སྡུག་ཅི་བྱུང་ཡང༔ བླ་མའི་མོས་གུས་དམ་ཚིག་འབྲལ་མི་རུང༔ རང་ལ་བཀའ་དྲིན་ཆེ་བའི་བླ་མ་དེ༔ སངས་རྒྱས་ཀུན་འདུས་པད་འབྱུང་ངོ་བོར་བསམ༔ ཞེས་གསུངས་ཕྱིར་བསྲུང་སྡོམ་མཐའ་དག་གི་རྩ་བ་བླ་མའི་དམ་ཚིག་སྲོག་ལྟར་གཅེས་པས་གཞིར་བྱས། བསམ་སྦྱོར་འགྲོ་བའི་དོན་དུ་གང་འགྱུར་བྱ་ཞིང་སྔགས་ཀྱི་ལམ་དུ་ཞུགས་ན་རྡོ་རྗེ་འཛིན་པའི་གོ་འཕང་ཚེ་གཅིག་ལུས་གཅིག་ལ་ཐོབ་པ་གསང་སྔགས་ཟབ་མོའི་ཁྱད་ཆོས་ཡིན་པས། རྡོ་རྗེའི་སློབ་མ་ཁྱེད་རྣམས་ཀྱིས་དེང་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་གུ་རུ་པདྨ་འབྱུང་གནས་ལྷ་དང་བླ་མ་དབྱེར་མེད་དུ་བཟུང་ཞིང་གསོལ་འདེབས་བྱ། སྙིང་པོ་བསྙེན། སྔགས་བཟླ། ཁྱད་པར་ཚེས་བཅུའི་དུས་མཆོད་སོགས་ངེས་པར་དང་ལེན་སྤྲོ་བའི་སྒོ་ནས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེ་ལྟར་ཨོ་རྒྱན་ཆེན་པོའི་ཐུགས་ཏིག་ལམ་ཟབ་བླ་མའི་བྱིན་རླབས་དབང་བཞི་རྫོགས་པར་ཐོབ་པའི་བཀའ་དྲིན་བསབ་ཕྱིར་གཏང་རག་གི་ཡོན་ཏུ། དངོས་འབྱོར་ཡིད་སྤྲུལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ། རབ་འབྱམས་རྒྱ་མཚོའི་ཞིང་ཀུན་རྒྱས་པར་བཀང་བའི་མཎྜལ་ཕུལ་མཛོད། མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ཟག་པ་མེད་པའི་མཆོད་སྤྲིན་ཏུ་སྤྲུལ་ཏེ་འབུལ་ན། ཐུགས་རྗེས་མི་གཏོང་བར་ཆ་ཤས་ནས་ལོངས་སྤྱོད་དུ་གསོལ་སྙམ་པས། དེང་ནས་བརྩམས་ཏེ། ཞེས་བརྗོད། དེ་ལྟར་གསང་ཆེན་མན་ངག་རྒྱ་མཚོའི་སྙིང་པོ་བླ་མ་རིག་འཛིན་ལྷ་ཚོགས་ཀྱི་བསྙེན་སྒྲུབ་དང་སྨིན་གྲོལ་འཆད་སྤེལ་སོགས་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བྱེད་པའི་གནང་བ་བྱིན་པ་ཡིན་པས་དེ་ལྟར་ཐུགས་བསྐྱེད་ཟབ་མོ་མཛད་པ་དང་། དབང་བསྐུར་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམ་མཁྱེན་ཆོས་དབྱིངས་ཆེན་པོར་བསྔོས་པའི་མཐུས། མདོ་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་ཕྲིན་ལས་རྒྱས་པ། འགྲོ་བ་མ་ལུས་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ཆེན་པོར་གྱུར་ཅིག་སྙམ་པས། བསོད་ནམས་འདི་ཡིས༴ རྒྱལ་བའི་བསྟན་པ་དར༴ སྐྱབས་གནས་བསླུ་མེད༴་སོགས་ཀྱིས་བསྔོ་སྨོན་བྱའོ། ། དེ་ནས་ཚོགས་ལ་རོལ་ཞིང་། ལྷག་མ་དང་། མཆོད་བསྟོད་རྗེས་ཆོག་གཞུང་བཞིན་བྱའོ། །ཞེས་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་ལ་ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་ཀྱི་སྐོར་རྒྱ་ཆེན་པོ་བཞུགས་པ་ལས། གསང་བདག་རིག་འཛིན་ཆེན་པོ་ཐམས་ཅད་བཀའ་བབ་པ་ཡིན་ཀྱང་། དཀར་ཤོག་ཏུ་ཆ་ཚང་བ་ཞིག་གདུལ་བྱའི་བསོད་ནམས་ཀྱི་ཕབ་གྲུབ་པ་མ་བྱུང་ཡང་། ཁོང་གིས་སྐབས་དང་སྐབས་སུ་ཐོར་བུར་བསྩལ་བ་རྣམས་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལྟར་གཙུག་ཏུ་མཆོད་པར། རྗེ་བླ་མ་རིག་པ་འཛིན་པས་སྤེལ་ཅིག་ཅེས་བཀའ་གནང་དང་། བཀའ་བསྡུ་ནུས་སོ་ཅོག་ལ་ཁོང་གིས་བྱིན་གྱིས་རློབས་ཅེས་བཟླུ་མེད་རྡོ་རྗེའི་གསུང་གིས་དབུགས་དབྱུང་བས། འབྲེལ་ཐོགས་མ་ལུས་གུ་རུ་པདྨས་ཐུགས་རྗེས་འཛིན་ངེས་པ་ཡིན་ནོ། ། ཅེས་མདོ་ཁམས་སྟག་བླའི་གདུང་དུ་ལུས་རྟེན་རྙེད་ཅིང་། རྗེ་རིག་པ་འཛིན་པ་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་འབྲངས་སུ་གྱུར་པ། བསྟན་འཛིན་རྡོ་རྗེས་གཏེར་འབྱིན་ཆོས་ཀྱི་རྒྱལ་པོ་ཚེ་དབང་ནོར་བུའི་ཕྱག་བྲིས་ཐོར་བུ་རྣམས་ལྷན་ཅིག་ཏུ་ཚིག་གི་སྦྱོར་བ་བྱས་པས་འབྲེལ་ཚད་དཔལ་རི་པདྨ་འོད་དུ་སྐྱེ་བའི་རྒྱུར་གྱུར་ཅིག །


previousབསམ་པ་ལྷུན་གྲུབ་ཀྱི་ནང་སྒྲུབ་ཡིད་བཞིན་ནོར་བུ་དབང་ཆོག་་བདེ་ཆེན་ཡེ་ཤེས་རབ་འཕེལ།next