Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར། next

གྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར།

༄༅། །གྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར་བཞུགས་སོ། །

༈ ཨོཾ་ན་མོ་གུ་རུ་ཧཱུྃ། སྐྱབས་ཡུལ་དཀོན་མཆོག་ཀུན་འདུས་ངོ་བོ་ཉིད། །པདྨ་བཛྲ་གུ་རུར་སྐྱབས་སུ་མཆིའོ། །ནམ་མཁའི་མཐའ་ལས་འགྲོ་ཀུན་སྙིང་རེ་རྗེ། །ཀུན་ཀྱང་ཐར་མཆོག་ཐོབ་ཕྱིར་བདག་སེམས་སྐྱེད། ། ༡ ཧཱུྃ༔ བདག་ལུས་རགས་པའི་ཕུང་པོ་སྟོང་པར་དང་། །ཕྲ་བ་གཉུག་མའི་ལུས་འདི་རང་རིག་དང་། །སངས་རྒྱས་སྲས་སློབ་བཅས་པའི་ཡུམ་ཤེར་ཕྱིན། །སྔགས་ཀྱི་ཁྱད་ཆོས་སྔགས་བདག་རྣལ་འབྱོར་མ། ། ༢ ཆོས་དབྱིངས་གཟུགས་སྐུ་མེ་ལོང་པྲ་ཕབ་བཞིན། །སྐད་ཅིག་གསང་ཡེ་རྡོ་རྗེ་ཕག་གདོང་ཅན། །དམར་མོ་གཅེར་བུ་ཞི་ཁྲོ་ཆགས་པའི་ཉམས། །རྣ་ལྟག་གཡས་ནས་གྱེན་ལྟ་ཕག་ཞལ་ནག ། ༣ ཕྱག་གཉིས་རྡོ་རྗེ་ཐོད་པ་ཁ་ཊཱཾ་མཚན། །ཞབས་གཉིས་བརྐྱང་བསྐུམ་པད་ཉི་བམ་གདན་བརྫིས། །དབུ་རྒྱན་ཐོད་སྐམ་རྡོ་རྗེའི་འཕྲེང་བས་སྤེལ། །ཐོད་རློན་དོ་ཤལ་རྡོར་འཕྲེང་གསེར་དྲིལ་འཁྲོལ། ། ༤ ཕྱག་ཞབས་གསེར་གྱི་འཁོར་ལོས་རྣམ་པར་བརྒྱན། །རུས་པའི་བརྒྱན་འཆང་ཡེ་ཤེས་མེ་ཕུང་འབར། །རྡོ་རྗེ་མཚོན་ཆ་འཕྲོ་བའི་གུར་དབུས་བཞུགས། །དམར་སེར་རལ་པ་གྱེན་བརྫེས་སྤྱི་གཙུག་ཏུ། ། ༥ པདྨ་ཉི་ཟླའི་གདན་སྟེང་བཞི་ལྡན་མགོན། །འཁོར་ལོའི་དབང་ཕྱུག་རྩ་བའི་བླ་མའི་དངོས། །པདྨ་འབྱུང་གནས་སྐྱབས་ཡུལ་ཀུན་འདུས་གཙོ། །དམར་སྨུག་གཅེར་བུ་རྡོར་དྲིལ་རོལ་ཚུལ་འཛིན། ། ༦ རལ་པའི་ཐོར་ཅོག་གཙུག་ཏོར་མངོན་པར་འཕགས། །རྡོ་རྗེའི་རྒྱན་འཆང་དར་གྱི་ཅོད་པཎ་ཕུར། །པང་དུ་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་དམར། །རལ་པ་སིལ་བུ་གྲི་ཐོད་ཡབ་ལ་འཁྱུད། ། ༧ ཡབ་ཡུམ་རྡོར་པད་སྐྱིལ་ཀྲུང་བདེ་བ་ཆེ། །མི་བཟོད་ཡེ་ཤེས་འོད་དམར་རབ་ཏུ་འཁྲུག །གནས་གསུམ་རྡོ་རྗེ་གསུམ་དངོས་ཡེ་ཤེས་ལས། །འོད་འཕྲོས་རབ་འབྱམས་རྒྱལ་བ་སྲས་སློབ་འབངས། ། ༨ མ་ལུས་སྐུ་གསུང་ཐུགས་གསང་འཁོར་ལོ་ཀུན། །ཡོངས་བསྡུས་བླ་མ་ཡབ་ཡུམ་ལུས་ལ་ཞུགས། །བྱིན་རླབས་གཟི་བརྗིད་ནུས་མཐུ་མཆོག་རབ་རྒྱས། །གཅིག་མཆོག་ནོར་བུ་བླ་མ་རིན་པོ་ཆེ། ། ༩ བདག་ལུས་ལོངས་སྤྱོད་ཚེ་བསོད་གཏན་འདུན་བཅས། །ཁ་ཞེ་མེད་པར་ཡོངས་སུ་ཕུལ་བྱས་ཤིང་། །རྩེ་གཅིག་དད་གུས་གདུང་ཤུགས་གསོལ་འདེབས་མཐུས། །ཡབ་ཡུམ་གསང་བའི་བདུད་རྩི་དབང་བཞི་བསྐུར། ། ༡༠ ཨོཾ། གསང་གསུམ་སྐུ་ཡི་བདུད་རྩི་རབ་དྭངས་པས། །བདག་གི་བདེ་ཆེན་ལོངས་སྤྱོད་བར་ཀུན་ཁེངས། །དམ་ཚིག་ཕྱག་རྒྱ་རྒྱས་འདེབས་བུམ་པའི་དབང་། །སྦྱང་ཐོབ་སྨིན་གྱུར་སྤྲུལ་སྐུའི་འབྲས་རྫོགས་ཤོག ། ༡༡ ཨ། གསང་གསུམ་གསུང་གི་བདུད་རྩི་རབ་ཐིམ་པས། །བདག་གི་ལོངས་སྤྱོད་ཆོས་འཁོར་བར་ཁེངས་ནས། །ཆོས་ཀྱི་ཕྱག་རྒྱ་རྒྱས་འདེབས་ཤེར་ཡེའི་དབང་། །སྦྱང་ཐོབ་སྨིན་གྱུར་ཆོས་སྐུའི་འབྲས་རྫོགས་ཤོག ། ༡༢ ཧཱུྃ། གསང་གསུམ་ཐུགས་ཀྱི་བདུད་རྩི་རབ་སེམས་པས། །བདག་གི་ཆོས་ནས་སྤྲུལ་འཁོར་བར་ཁེངས་ནས། །ལས་ཀྱི་ཕྱག་རྒྱ་རྒྱས་འདེབས་ཤེར་ཡེའི་དབང་། །སྦྱོང་ཐོབ་སྨིན་གྱུར་ཆོས་སྐུའི་འབྲས་རྫོགས་ཤོག ། ༡༣ ཧྲཱིཿ གསང་གསུམ་ཡེ་ཤེས་བདུད་རྩི་རབ་ངོམ་པས། །བདག་གི་སྤྲུལ་བདེའི་འཁོར་ལོ་ཡོངས་ཁེངས་པས། །ཕྱག་ཆེན་བརྒྱ་བྲལ་རྒྱས་འདེབས་དབང་བཞི་པའི། །སྦྱང་ཐོབ་སྨིན་པ་ངོ་བོའི་སྐུ་རྫོགས་ཤོག ། ༡༤ ཨོཾ་ཨཱ༔་ཧཱུྃ་ཧྲཱི༔ རྗེས་སུ་བླ་མ་ཡབ་ཡུམ་ཚངས་བུག་ནས། །མར་བྱོན་སྙིང་ཀ་འཁོར་ལོའི་དབུས་བཞུགས་ནས། །གསང་བའི་བདུད་རྩི་མི་འགྱུར་བདེ་ཆེན་གྱིས། །འཁོར་ལོ་བཞི་རྒྱུད་ལུས་ཀུན་ཡོངས་ཁེངས་པས། ། ༡༥ སྒྲིབ་གསུམ་དྲི་མའི་ཚོགས་ཀུན་གཏན་ནས་བཅོམ། །མི་ཤིག་དྭངས་མ་འགྱུར་མེད་རྡོ་རྗེ་གསུང་། །སངས་རྒྱས་ཀུན་གྱིས་གསང་བ་གསུམ་རང་བཞིན། །མི་འཛད་རྒྱན་གྱི་འཁོར་ལོ་རོལ་བར་ཤོག ། ༡༦ བདག་གི་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས། །དབྱེར་མེད་ཉག་གཅིག་གདོད་མའི་གཤིས་ལུགས་དབྱིངས། །སྐུ་གསུམ་མཚན་དཔེ་ཡེ་ཤེས་འཁོར་ལོའི་ཁམས། །མཉམ་ཉིད་ཟུང་འཇུག་རྫོགས་པ་ཆེར་ཐོབ་ཤོག ། ༡༧ ཧོ༔ རྫོགས་སངས་རྒྱས་པ་ཀུན་གྱི་གསང་བའི་བཅུད། །ཐུན་དྲུག་རྡོ་རྗེ་ཐེག་པའི་ཡང་སྙིང་ནི། །ཐོག་མར་སྨིན་བྱེད་བར་དུ་གྲོལ་བྱེད་སྟེགས། །ཐུན་དྲུག་འབྲས་བུའི་ཚུལ་ལ་ཉེར་ཞུགས་པ། ། ༡༨ བླ་མའི་རྣལ་འབྱོར་ཏིང་ངེ་འཛིན་གྱི་དབང་། །དེ་ལྟར་བདག་གི་ཉམས་སུ་ལེན་པའི་མཐུས། །བཟོད་པ་མཆོག་གི་ས་ལ་མ་འཁོད་པར། །སྐྱེ་བ་ཇི་སྲིད་ཀུན་ཏུ་མཐོ་རིས་ཀྱི། ། ༡༩ ཡོན་ཏན་འཕགས་ནོར་རབ་རྒྱས་ཁམས་དྲུག་ལས། །ཐོབ་དང་འདྲེན་པ་མདོ་རྒྱུད་ནས་བསྔགས་པའི། །མཚན་ལྡན་བླ་མས་རྗེས་སུ་ཉེར་བཟུང་ཞིང་། །ལམ་མཆོག་རྡོ་རྗེ་ཐེག་ལ་རྟག་འཇུག་ཤོག ། ༢༠ དེ་ཡང་བླ་མའི་དད་གུས་ཟླ་མེད་པར། །རྒྱས་ཤིང་དམ་ཚིག་རྣམ་པར་དག་གྱུར་ནས། །བསྲུང་སྡོམ་བྲལ་བ་ཀུན་བཟང་མྱུར་འགྲུབ་ཤོག །འགྲོ་ཀུན་ཕྱམ་ཅིག་སངས་རྒྱས་སར་འདྲེན་ཤོག ། ༢༡ ཅེས་བསྔགས་སམ་ཐུན་དྲུག སྙིང་པོ་རྨད་དུ་བྱུང་བ་གུ་རུ་པདྨའི་མན་ངག་བསྙན་རྒྱུད་རྫོགས་པ་ཆེན་པོའི་སྲོག་ཤིང་ལམ་ཟབ་ཐུན་མོང་དུ་གྱུར་ཞིང་ཐུན་མོང་མ་ཡིན་པ་འདི་ནི་རིག་འཛིན་སྟག་ཤམ་ནུས་ལྡན་བསམ་གཏན་རྡོ་རྗེའི་ཟབ་གཏེར་ལས་བྱུང་ཞིང་ཉམས་བཞེས་ཀྱི་མཐར་ཐུག་སངས་རྒྱས་ཀུན་གྱི་ངོ་བོ་རྩ་བའི་བླ་མ་བདེ་ཆེན་གླིང་པའི་ཞལ་ལས་ཐོས་པ་རང་གི་ཐུན་བཞིའི་ཉམས་ལེན་སྙིང་པོ་དང་མཐུན་པར་འདི་ནི་རྩོད་པ་མེད་པ་གཏེར་སྟོན་ཆོས་རྗེ་གླིང་པ་ཡི་རྣམ་པར་རོལ་པའི་ཆ་ཅན་དུ་དཔལ་ཀརྨ་པས་གསུང་གི་བྱིན་གྱིས་རླབས་པ་གང་དེ་བས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་དཔལ་རིག་པ་འཛིན་པ་ཚེ་དབང་ནོར་བུས་དུས་ཀྱི་ཕོ་ཉའི་ལོ་སྨིན་དྲུག་ཟླ་བའི་ཚེས་བཅུར་ཀོང་ཡུལ་གདན་ས་ཆེན་པོ་དགའ་ལྡན་མ་མོར་ཐུན་བར་སྐབས་སུ་ངག་འདོན་ཀློག་བདེ་ཉུང་ངུར་བྲིས་པ་སྟེ་དགེ་ལེགས་སུ་གྱུར་ཅིག འདི་ནི་ཐུན་བཞི་ལ་མ་ཆགས་པར་ཉམས་སུ་ལེན་པ་ཕྱག་བཞེས་ཏེ་དེ་ལྟར་གལ་ཆེ་ཞིང་། དེ་ཡང་མ་གསང་ན་དངོས་གྲུབ་ཡལ་བར་བཤད་པས་ཤིན་ཏུ་གསང་བར་བྱའོ། །འདི་སྙིང་གི་བུ་ལ་འབོག་པའི་སྐབས་སུ་རང་གི་བསྒོམ་བཞི་བྱེད་དེ་དབང་བཞི་རེ་རེ་བཞིན་དང་བར་མཚམས་སུ་སྔགས་བཟླ་རོལ་མོ་འཁྲོལ། མཐར་མེ་ཏོག་གཏོར་ཤིས་པ་བརྗོད་པ་སྨོན་ལམ་བཟང་ལ་རྒྱ་ཆེར་གདབ་པར་བྱའོ། །དེ་ལྟར་སྔགས་ཀྱི་སྒོར་ཞུགས་པ་རྣམས་སྤྱིར་ཡང་བླ་མ་ཡིད་དང་མ་བྲལ་བར་ལྷ་སྔགས། ཆོས་ཉིད་ཀྱི་རོལ་པ་ཆུ་བོའི་རྒྱུན་ལྟར་སྐྱོངས་དགོས་པ་ནི་གཞིར་བཅས་ཤིང་། བྱེ་བྲག་ཏུ་ཐུན་དུ་བཅད་དེ་སྒོམ་པ་ལ་ཡང་། བུམ་དབང་གི་རྗེས་འབྲེལ་ལྷ་སྔགས་བསྒོམ་བཟླས། གསང་དབང་གི་རླུང་སྦྱོར་གཏུམ་མོ་རང་ལུས། ཤེར་དབང་གི་གཞན་ལུས་ཕྱག་རྒྱ་མ་སྤྱོད་པ། དབང་བཞིའི་དོན་ཁྲེག་ཆོད། རྩལ་དབང་གི་ཐོད་བརྒལ་སྒོམ་པའི་ཐུན་འགོ་ཐུན་མཇུག་ཏུ་ཟབ་ལམ་འདི་ཐུན་རེ་རེས་བསྒོམ་པས་བར་ཆད་ཞི། གེགས་སེལ། བོགས་འདོན། ཡང་དག་པའི་ལམ་ཐོབ་པར་བྱེད་པ་སྟེ་བཀའ་ལུང་དང་རང་མྱོང་ཚད་མས་གྲུབ་པའོ། །ལར་གྱི་སྔགས་ལམ་སྟོན་པ་ནི་བླ་མ་ཁོ་ནར་རག་ལས་ཤིང་། དེ་ཡང་དབང་བསྐུར་གྱི་གཞི་བཅའ། དམ་ཚིག་གི་སྲོག་ཕུར་བཙུགས། ལམ་ཟབ་ཏིང་ངེ་འཛིན་གྱི་བཅུད་ལེན་ལ་འབད་པ་ནི་སྔགས་ཤེས་རིག་པ་འཛིན་གྱུར་མ་ལུས་མི་ལུས་ལུས་པ་མེད་པ་གཏམ་གྱི་སྙིང་པོ་ཁོ་ན་སྟེ། སྔགས་འཆང་བའི་སྤྱི་འདེབས་སོ། །དེས་ན་བླ་མའི་དད་དུང་མོས་གུས་ཆེན་པོ་དམ་ཚིག་ལ་རབ་ཏུ་འབད་ཅིང་གསོལ་འདེབས་བརྩོན་པ་ནི་ཤིན་ཏུ་གལ་ཆེ་བ་ལས་ཀྱང་ཆེས་ཆེ་བ་འདི་ཁོ་ནའོ། །དེ་ནི་ལམ་གཞན་ལ་རགས་མ་ལས་པར་ཚེ་གཅིག་ལ་སངས་རྒྱས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ་འགོད་པར་བྱེད་པའི་ཐབས་རྨད་དུ་བྱུང་བ་ཨེ་མ་ཧོ་ཨ་ལ་ལ་ཧོ། །ཞེས་བརྗོད་པའི་གནས་སོ། །

ཞེས་པ་ཡང་གོང་གི་འཕྲོས་ལས་ཞར་བྱུར་དུ་དཔལ་ཚེ་དབང་ནོར་བུས་གསོལ་བ་མངྒ་ལངྐུ་ཏུ་བྷྲུཾ། དགེའོ། །དགེའོ། །དགེའོ། །


previousགྲུབ་པ་ཀུན་གྱི་གཞུང་ལམ་རྨད་བྱུང་ཏིང་འཛིན་རྒྱུན་དབང་སྙིང་གི་བདུད་རྩི་ཡང་དག་བླ་མའི་རྣལ་འབྱོར། next