Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན། next

རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན།

༄༅། །རྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན་ཞེས་བྱ་བ་བཞུགས་སོ། །

༈ རྒྱལ་བ་ཀུན་གྱི་ཡེ་ཤེས་སྙིང་པོའི་གར། །བདེ་ཆེན་གཉུག་མའི་རང་མདངས་བླ་མའི་སྐུར། །ཡོངས་བཞེངས་ཁྱབ་བདག་བླ་མ་མཆོག་དེ་ལ། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ཞིང་། །ཁྱེད་ལ་གསོལ་བ་འདེབས་པའི་ཆོ་ག་ནི། །མཆོག་ཀུན་འདུས་པའི་སྙིང་པོར་ཡོངས་བསྒྲུབ་ནས། །གནས་ལུགས་གཤིས་ཀྱི་གཏེར་མཆོག་མངོན་འཆར་བྱེད། །མོས་གུས་རྣལ་འབྱོར་ལམ་མཆོག་འདི་སྟོན་བྱ། །དེ་ཡང་གནས་གཙང་དབེན་ཡིད་དང་མཐུན་པར། །དུས་བཟང་པོ་སྤྱི་དང་ཁྱད་པར་དམར་ཕྱོགས་ཚེས་བཅུ་སོགས་གནས་སྐབས་ནམ་ཡང་རུང་ལ། རྟེན་དམ་ཚིག་བྲིས་སྐུའམ་དབུ་ལོ་གདུང་རུས་སོགས་དང་མེད་ཀྱང་ཡིད་ཀྱི་མོས་པས་ཀྱང་ཡོངས་ཤིང་མདུན་དུ་གཏོར་ཚོགས་སྤྱི་དང་མཆོད་པ་ལེགས་པར་བཤམས་ནས་རང་ཉིད་གདན་ལ་བདེ་བར་འདུག དེ་ནས་བདག་ཉིད་སྐད་ཅིག་གིས་གཉུག་མའི་ཧེ་རུ་ཀ་ཡི་སྐུར་གྱུར་པས་བསམ། སྔོན་གཏེར་རཾ་ཡཾ་ཁཾ་གིས་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ས་བྱིན་གྱིས་བརླབས་ནས། ཕེཾཿདང་འབར་བའི་ཕྱག་རྒྱས་གཏོར་མགྲོན་རྣམས་བཀུག་ཨ་ཀ་རོས་བསྔོས་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་གཞན་དག་ལ། །གསང་སྤྱོད་དོན་དུ་ས་ཕྱོགས་འདིར། །བདག་ཞུ་ཁྱེད་ཀྱི་སྩལ་དུ་གསོལ། །ཞེས་དང་། མགོན་མཛེས་སྔགས་ཐུན་སྤོས་རོལ་གྱིས་བྲབ་ཅིང་། ཁྲོ་སྤྲིན་མེ་མཚོན་དང་བཅས་པས་བགེགས་ཐམས་ཅད་སྡུག་བསྐྲད་བརླག་པར་བྱས་ཚུར་འདུས་པ་ལས་ཁྲོ་བོ་རོལ་པའི་གུར་ཁང་ཡེ་ཤེས་ཀྱི་མེ་འབར་བས་ཕྱོགས་མཚམས་ཐམས་ཅད་བཅིངས་ཏེ་ཅིས་ཀྱང་མི་ཤིག་པར་བསྲུངས་པའི་འཁོར་ལོས་ཁྱབ་པར་བསམ་མོ། །དེ་ནས་མ་གྱུར་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་ཟབ་མོའི་རྣལ་འབྱོར་ལ་འཇུག་འདོད་ཀྱི་ལྷག་བསམ་བཟང་པོས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་ཏེ་སྐྱབས་ཞུ་བ་ནི་ཅི་མཛད་བླ་མ་དཀོན་མཆོག་མཁྱེན་སྙམ། ཨོཾ་ཨཱཿཧཱུྃ ངན་འགྲོའི་འཇིགས་པ་སྐྱོབ་མཛད་པ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ངེས་པའི་དོན་དུ་སེམས་བསྐྱེད་ནས། །གཞན་དོན་བླ་མ་བསྒོམ་པར་བྱ། །ཞེས་སྐྱབས་སེམས་ལན་གསུམ་དང་། མཆོད་རྫས་བྱིན་གྱིས་བརླབས་པ་ནི། བདག་གི་ཐུགས་ལས་རཾ་ཡཾ་ཁཾ་འཕྲོས་པས། །མཆོད་རྫས་དངོས་འཛིན་ཉེས་སྐྱོན་བསྲེག་གཏོར་སྦྱངས། །རྣམ་ཀུན་མཆོག་ལྡན་སྟོང་པའི་སྒྱུ་འཕྲུལ་ལས། །རང་བྱུང་ཕྱི་ནང་མཆོད་པའི་ཕུང་པོ་ནི། །ཟག་མེད་འོད་ཡོན་ཅིར་ཡང་འཆར་བ་ཡི། །ཀུན་བཟང་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར། །ཨོཾ་མ་ཧཱ་པུ་ཛ་སརྦ་ས་མ་ཡ་ཨཱཿཧཱུྃ། ཞེས་དང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལོ། དེ་ནས་དངོས་གཞི་ནི། ཨོཾ་ཨཱཿཧཱུྃ། ཆོས་སྐུ་དམིགས་མེད་སྟོང་པའི་གཤིས་དབྱིངས་ལས། །ཀུན་སྣང་སྙིང་རྗེ་ཟུང་འཇུག་རིག་པའི་དངོས། །སྐད་ཅིག་རང་མདངས་སྣང་དག་ལྷ་སྐུ་པད། །རང་ཉིད་ཐུགས་གསང་འདུས་པ་ཞལ་གསུམ་མཛེས། །གཡས་དཀར་གཡོན་དམར་རྩ་ཞལ་སྐུ་མདོག་མཐིང་། །ཞལ་འཛུམ་སྤྱན་དགུ་མཆེ་གཙིགས་འོད་ཟེར་འབར། །ཕྱག་དྲུག་དང་པོ་རྡོར་དྲིལ་ཡུམ་ལ་འཁྱུད། །ལྷག་མས་འཁོར་ལོ་རིན་ཆེན་པད་རལ་འཛིན། །རྡོར་དྲིལ་ཞི་ཚུལ་ལོངས་སྐུ་རྒྱན་ཆ་རྫོགས། །རང་འོད་ཡུམ་སྦྱོར་སེང་ཁྲི་པད་ཟླར་བཞུགས། །མདུན་མཁའ་དག་ཅིང་འོད་གསལ་གཞལ་མེད་དབུས། །རྒྱལ་ཀུན་སྤྱི་གཟུགས་འགྲོ་འདྲེན་སྤྲུལ་པའི་སྐུ། །རྩ་བའི་བླ་མ་གྲུབ་པའི་དབང་ཕྱུག་ནི། །འགྱུར་མེད་ཀློང་གྲོལ་ཡེ་ཤེས་ཀུན་གྱི་བདག །གདུལ་རོལ་གཟུགས་སྣང་དར་ཡོལ་བགྲེས་ཉམས་འདྲེས། །ཤ་རྒྱས་དཀར་དམར་སྣུམ་མདངས་དྲི་ཞིམ་འཕྲོ། །ཞལ་རྒྱན་དཀར་ནག་སེ་བོ་ཐུགས་ཀར་སླེབས། །དབུ་རལ་སྦོམ་ལེབ་གཉིས་ཀྱི་སྐུ་དཔུང་ནེན། །པདྨའི་མདངས་འཕྲོག་གངས་ཞུ་རྩེ་ཟླུམ་གསོལ། །སྤྱན་ཟླུམ་ཞལ་འཛུམ་བག་དྲོ་གཟི་བྱིན་འབར། །ཕྱག་གཡས་རིན་ཆེན་འཕྲེང་བ་ངོམ་སྟབས་འཛིན། །སྙན་གྱི་ཐད་ཀར་རབ་རྒྱས་པད་དཀར་གྱི། །ཡུ་བ་ཕྱག་གཡོན་དག་གི་ཐུགས་ཀར་བཟུང་། །སེམས་པའི་དཀྱིལ་ཀྲུང་རས་དཀར་སྨད་གཡོགས་དང་། །རས་དཀར་མུ་རན་དར་དམར་བླ་གོས་གསོལ། །དམར་སེར་སྒོམ་ཐག་ཚད་ལྡན་འགུལ་དུ་འཆང་། །པད་དཀར་ཟླ་བའི་གདན་ལ་ཞི་ཚུལ་བཞུགས། །སྐུ་མཐར་རྒྱུད་གསུམ་རིག་འཛིན་བླ་མ་དང་། །ཡི་དམ་ཞི་ཁྲོ་སངས་རྒྱས་བྱང་ཆུབ་སེམས། །མཁའ་འགྲོ་དམ་ཅན་རྒྱ་མཚོ་སྤྲིན་དུ་འཁྲིགས། །ཐུགས་དབུས་འོད་ཀློང་བདེ་གཤེགས་ཀུན་འདུས་ཀྱི། །ལྷ་ཚོགས་མ་འདྲེས་ཡེ་ཤེས་སེམས་ཚུལ་བཞུགས། །སྤྱི་བོར་རིགས་བདག་པད་འབྱུང་གཏེར་བདག་གླིང་། །ལྟེ་བར་གསང་བ་ཡེ་ཤེས་ཚོགས་བཅས་གསལ། །དེ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿ་དམར་ཐུགས་ཀར་ཧཱུྃ་སྔོན་པོ། །རྒྱལ་བ་རྡོ་རྗེ་གསུམ་གྱི་ངོ་བོ་གྱུར། །ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་འོད་ཟེར་གྱི། །ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཀུན། །ཆོས་སྐུ་འགྱུར་མེད་ངང་ལས་གཟུགས་སྐུའི་སྤྲིན། །རྩ་གསུམ་ལྷ་ཚོགས་རྣམ་པར་སྤྱན་དྲངས་གྱུར། །སྤོས་རོལ་བཅས་ཏེ་ཨོཾ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སྐྱེ་མེད་བླ་མ་གཤེགས་སུ་གསོལ། །ལོངས་སྤྱོད་རྫོགས་སྐུའི་ཕོ་བྲང་ནས། །གསལ་དག་བླ་མ་གཤེགས་སུ་གསོལ། །སྤྲུལ་པ་སྐུ་ཡི་ཕོ་བྲང་ནས། །ཐུགས་རྗེ་ཅན་རྣམས་གཤེགས་སུ་གསོལ། །འཇའ་དང་འོད་དུ་འཁྱིལ་ལི་ལི། །སྐུ་དང་ཐིག་ལེ་ཤིག་སེ་ཤིག །འཁོར་དུ་ཡི་དམ་ལྷ་ཚོགས་དང་། །དཔལ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །བསྒྲུབ་མཆོག་བདག་ལ་དབང་བཞི་བསྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ས་མ་ཛཱ་ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་རྣམས། །མཁའ་ལ་སྤྲིན་ལྟར་གཤེགས་ནས་ཀྱང་། །མདུན་གྱི་ཚོགས་ཞིང་ལ་ཐིམ་པས། །གཉིས་མེད་དགྱེས་ཤིང་བརྟན་པར་བཞུགས། །དེ་ནས་ཕྱག་མཆོད་ཀྱི་ཚོགས་བསག་པ་ནི། རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་དང་སེམས་ཅན་ཐམས་ཅད་བྱ་བྱེད་ཐུན་མོང་པར་གྱུར་ཏེ། ཕྱག་དང་མཆོད་པའི་ལས་ལ་འཇུག་པར་མོས་ཏེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་མཆོག །དེ་བཞིན་བླ་མ་དགེ་འདུན་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མཁའ་ལྟར་ཁྱབ་པའི་རྩ་གསུམ་དཀྱིལ་འཁོར་ལ། །བདག་དང་མཐའ་ཡས་འགྲོ་བ་མ་ལུས་པ། །ལུས་འདི་ཞིང་རྡུལ་གྲངས་མེད་རབ་སྤྲུལ་ནས། །སྒོ་གསུམ་གུས་པས་རྟག་ཏུ་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། དེ་ནས་མཆོད་པ་ནི། ཨོཾ་དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་ཡོན་བསམ་ཡས་ལྷུན་འགྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡི་འབུལ་བར་བགྱི། །ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ དེ་བཞིན་མཆོད་ཡོན་ཞབས་བསིལ་ནས་རོལ་མོའི་བར་དང་། ཨརྒྷཾ་གནས་སུ་ཤཔྟའི་བར་བཅུག་པས་མཆོད། ཚུལ་ཁྲིམས་ལྟེ་བ་ལ་སྟེན་པས། །རྣམ་འབྱེད་ཤེས་རབ་རྩིབས་རྣོ་ཞིང་། །ཏིང་འཛིན་མུ་ཁྱུད་ཀྱིས་བསྐོར་བའི། །འཁོར་ལོ་རིན་ཆེན་དབུལ་བར་བགྱི། །ཙཀྲ་རཏྣ་བཛྲ་སུ་ཛི་ཏེ་ཨཿཧཱུྃ། བསོད་ནམས་རྒྱ་མཚོ་ལས་ཐོན་ཞིང་། །བློ་ཡི་མུན་སྟུག་རབ་གསལ་ནས། །དགོས་འདོད་ཀུན་འབྱུང་དད་པ་ཡི། །ནོར་བུ་རིན་ཆེན་དབུལ་བར་བགྱི། །མ་ཎི་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། །རང་བཞིན་གཉུག་མའི་ཡེ་ཤེས་སྐུ། །གཞོམ་མེད་གཟུགས་སྒྲ་རེག་བྱས་འཁྱུད། །མི་འགྱུར་བདེ་ཆེན་བསྐྱེད་མཛད་པའི། །བཙུན་མོ་རིན་ཆེན་དབུལ་བར་བགྱི། །སཏྲི་རཏྣ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། བླ་མ་མཆོག་གསུམ་རྗེ་བོར་གུས། །རྣམ་དག་དགེ་བཅུའི་ཆབ་སྲིད་བསྐྱང་། །དྲན་ཤེས་བག་ཡོད་ནོར་གྱིས་ཕྱུག །བློན་པོ་རིན་ཆེན་དབུལ་བར་བགྱི། །པུ་རུ་ཁ་རཏྣ་བཛྲ་པཱུ་ཛི་ཏེ་ཧཱུྃ། མང་ཐོས་པདྨའི་མཚོ་ལ་རོལ། །བདག་མེད་རྟོགས་པའི་ལུས་སྟོབས་རྒྱས། །མཚན་འཛིན་རྟོགས་པ་འཇོམས་བྱེད་པའི། །གླང་པོ་རིན་ཆེན་དབུལ་བར་བགྱི། །ཧ་རི་རཏྣ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། དབང་བཞི་ལུས་མཛེས་བཅོ་བརྒྱད་ཀྱི། །གྲོལ་ལམ་མགྱོགས་པའི་འགྲོས་བཟང་པོས། །འདོད་དོན་མྱུར་དུ་འགྲུབ་བྱེད་པའི། །རྟ་མཆོག་རིན་ཆེན་དབུལ་བར་བགྱི། །ཨ་ཤྲ་བ་རཏྣ་བཛྲ་པཱུ་ཛི་ཏེ་ཨཿཧཱུྃ། གང་ཤར་ངོས་ལ་གཅེར་ལྟ་ཡི། །ཤེས་རབ་རིག་པའི་མཚོན་རྣོན་པོས། །རྣམ་རྟོག་དགྲ་ལས་རྒྱལ་བྱེད་པའི། །དམག་དཔོན་རིན་ཆེན་དབུལ་བར་བགྱི། །ཁཊྒ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དགའ་བཞི་བཅུ་དྲུག་ཉམས་རྒྱས་པས། །རྡོ་རྗེ་རིག་མ་བཅུ་དྲུག་དང་། །གསང་བ་ཕྱག་རྒྱ་བཞིའི་སྦྱོར་བ། །ཟག་མེད་བདེ་བ་བསྐྱེད་ཕྱིར་འབུལ། །མ་ཧཱ་སུ་ཁ་པཱུ་ཛ་ཧོཿ གཙང་རྨེའི་རྟོག་བྲལ་བདུད་རྩིའི་སྨན། །ཉོན་མོངས་ཆགས་མེད་རཀྟའི་མཚོ། །བཟའ་བཅའ་བཏུང་བའི་འདོན་ཡོན་རྫས། །འཁོར་གསུམ་དམིགས་མེད་ཉིད་དུ་འབུལ། །ཨ་མྲྀ་ཏ་རཀྟ་བ་ལིང་ཏ་པཱུ་ཛ་ཧོཿ དེ་ལས་གཞན་ཡང་མཆོད་པའི་ཚོགས། །དཔག་མེད་ཞིང་ན་གང་མཆིས་པ། །དེ་ཀུན་བློ་ཡི་བླང་ནས་འབུལ། །བཞེས་ནས་བདག་ལ་བྱིན་གྱིས་རློབས། །སརྦ་མ་ཧཱ་པཱུ་ཛ་ཧོ། དེ་ནས་ཡན་ལག་བཅུ་འབུལ་ཞིང་གསོལ་བ་གདབ་པ་ནི། བླ་མ་སངས་རྒྱས་རིན་པོ་ཆེ། །ཡི་དམ་མཁའ་འགྲོའི་ཚོགས་བཅས་ལ། །གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །སྡིག་པ་མ་ལུས་སོ་སོར་བཤགས། །དགེ་བ་ཀུན་ལ་ཡི་རང་ཞིང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདར་གསོལ་བ་འདེབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆད་གསོལ། །རྫོགས་པའི་བྱང་ཆུབ་འགྲུབ་པར་ཤོག །ཞེས་ལན་གསུམ། གསོལ་བ་འདེབས་པ་ནི། ཨོཾ་སྐྱེ་འཆི་མེད་སྐུ་གསལ་ལ་དྭངས། །རྡོ་རྗེ་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་བར་བྱིན་གྱིས་རློབས། །སྐུ་ཡི་རྡོ་རྗེ་བདག་འགྲུབ་ཤོག །ཨཱཿའགག་མེད་གསུང་དབྱངས་ཆོས་ཀྱི་སྒྲ། །ཨཱ་ལི་ཀཱ་ལིར་གསོལ་བ་འདེབས། །ངག་ལ་ནུས་པར་བྱིན་གྱིས་རློབས། །གསུང་གི་རྡོ་རྗེ་བདག་གྲུབ་ཤོག །ཧཱུྃཿ ཀ་དག་བདེ་ཆེན་ཀུན་བཟང་ཀློང་། །ཅིར་མི་དགོངས་ལ་གསོལ་བ་འདེབས། །ཟད་པར་འཁྱོལ་བར་བྱིན་གྱིས་རློབས། །ཐུགས་ཀྱི་རྡོ་རྗེ་བདག་འགྲུབ་ཤོག །བླ་མ་རྡོ་རྗེ་འཛིན་པ་ནི། །ཁམས་གསུམ་འཁོར་བའི་གཉེན་གཅིག་པུ། །འགྲོ་བ་སྐྱབས་མེད་རྣམས་ཀྱི་སྐྱབས། །ཐར་པའི་ཐེམ་སྐས་ཆེན་པོ་སྟེ། །མ་རིག་སེལ་བའི་སྒྲོན་མེ་ལ། །མུན་པའི་ཚོགས་བདག་སྐྱབས་སུ་མཆི། །འཁོར་བ་འདམ་གྱི་མཚོ་ནང་དུ། །བྱིང་བའི་སྐྱབས་མེད་བདག་ལ་སྐྱབས། །ཉོན་མོངས་མེ་ཡིས་གདུང་བ་ལ། །ཐུགས་རྗེའི་ཆར་གྱིས་བསིལ་བར་མཛོད། །མ་རིག་འཁྲུལ་པས་བཅིངས་པ་ཡི། །རྡོས་བཅས་ཤ་ཁྲག་ལུས་རྣམས་ཀུན། །རང་རྟེན་འོད་ཀྱི་རང་བཞིན་དུ། །ལྷག་མེད་མྱ་ངན་འདའ་ཐོབ་ཤོག །བླ་མ་སངས་རྒྱས་རིན་པོ་ཆེ། །བདག་ལ་རརེ་ས་གཞན་ན་མེད། །དེང་ནས་བྱང་ཆུབ་སྙིང་པོའི་བར། །སྐྱིད་སྡུག་རེ་ལྟོས་ཁྱེད་མཁྱེན་པས། །མགོན་མེད་བདག་ལ་ཐུགས་རྗེས་གཟིགས། །ནད་གདོན་བགེགས་དང་བར་ཆད་སེལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་དད་གུས་ཀྱི་སྤུ་གཡོ་མཆི་མ་འཁྲུགས་པས་གསོལ་བ་དྲག་ཏུ་བཏབ་པས་བྱིན་རླབས་ཚན་ཁ་དམན་འབྱིང་རབ་ཀྱི་རྣམ་པར་སྐྱེ་བ་སྟེ། སྩོལ་མེད་ཀྱི་མོས་གུས་སྐྱེ་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་བྱེད། གར་གཏད་དུ་དམིགས་པ་བརྟན་ནས་བསྐྱེད་རིམ་དང་མཆོག་གི་གཞི་གནས་བརྟན་ཐོབ། རང་བྱུང་གི་ཡེ་ཤེས་ལྷག་མཐོང་རང་ཞལ་མཇལ་ནས་གདོད་མའི་བཙན་ས་ཟིན་པར་འགྱུར་བ་སྟེ། གང་རུང་མ་སྐྱེས་བར་དུ་གསོལ་བ་འདེབས་པ་ལ་བརྩོན་ནོ། །བླ་མའི་སྐུ་ལས་འོད་ཟེར་བྱེ་བའི་རྒྱུན། །དཀར་གསལ་འཕྲོས་པས་རང་ལུས་ཡོངས་སུ་གང་། །ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བདེ་ཆེན་ཡེ་ཤེས་ཉམས་རྟོགས་ཆེ་ཆེར་གསོལ། །དེ་ཡི་ངང་ལས་ཁྱད་པར་སྔགས་ཀྱི་སྒྲ། །བུང་བ་ཚང་ཞིག་ལྟར་གྲགས་སྣང་སྲིད་ཀུན། །མེར་ཁྲོམ་འུར་འུར་རབ་ཏུ་གཡོས་པར་གྱུར། །འགྲོ་ཀུན་སྒོ་གསུམ་ཡེ་ཤེས་འཁོར་ལོས་རྒྱས། །ཁྱད་པར་བླ་མ་དམ་ཚིག་སེམས་དཔའ་ཡི། །སྙིང་གར་ཡེ་ཤེས་བདེ་གཤེགས་ཀུན་འདུས་སྐུ། །གར་དབང་སྤྱན་རས་གཟིས་ཀྱི་ཐུགས་དབུས་སུ། །ཏིང་འཛིན་ཨུཏྤལ་ལ་དམར་པོ་ཉི་མའི་སྟེང་། །ཧྲཱི༔་ལྟར་མཚན་སྔགས་སྙིང་པོ་རང་སྒྲ་ལྡིར། །འཕྲོ་འདུས་དོན་གཉིས་བྱས་མཐར་སྣོད་བཅུད་ཀུན། །བདེ་ཆེན་བླ་མེད་རྡོ་རྗེ་གསུམ་དུ་གྱུར། །ཨོཾ་བཛྲ་གུ་རུ་ཨརྱ་པ་ལོ་ལ་ཀྵ་ར་ཨཏྨ་ཀོ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཅི་ནུས་ཟླས་མཐར་དབང་བླང་བ་ནི། བླ་མའི་སྐུ་ཡི་གནས་གསུམ་ཡི་གེ་ལས། །དཀར་དམར་མཐིང་གི་འོད་ཟེར་རིམ་ཅིག་ཆར། །བྱུང་བས་རང་གི་སྤྱི་མགྲིན་སྙིང་ཁར་ཐིམ། །ལུས་ངག་ཡིད་དང་སྣང་གསུམ་སྒྲིབ་པ་སྦྱངས། །ཨོཾ་ཨཱཿཧཱུྃ་ཞེས་པས་དབང་བཞི་བླང་ངོ་། །མཐར་ཚོགས་མཆོད་སྤྲོ་ན་རྫས་རྣམས་ལ་བདུད་རྩི་གཏོར་ཏེ། རང་ཉིད་ཐུགས་གསང་འདུས་པའི་ཐུགས་ཀ་ནས། རཾ་ཡཾ་ཁཾ་འཕྲོས་མེ་རླུང་ཆར་གྱུར་པས། །དངོས་འཛིན་ཉེས་སྐྱོན་ཐམས་ཅད་སྲེགས་གཏོར་བཀྲུས། །རླུང་མེ་ཐོད་པའི་སྒྱིད་བུར་ཨ་ཡིད་ལས། །བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེའི་ནང་། །ཤ་ལྔ་བདུད་རྩིར་ས་བོན་བཅུ་ཡི་མཚོན། །རླུང་གཡོ་མེ་སྦར་རྫས་ཁོལ་བླང་པ་ཡི། །འཁོར་ཟླས་བདུད་རྩིའི་དྭངས་མ་ཞུ་བའི་རྒྱུན། །འདྲེས་པས་ཟག་མེད་འདོད་ཡོན་བདུད་རྩིར་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ས་བྱིན་གྱིས་རླབས་ལ། རང་གི་ཐུགས་ཀའི་འོད་ཀྱིས་མདུན་གྱི་མཁར། །བླ་མ་ཡི་དམ་མཁའ་འགྲོ་ཆོས་བསྲུང་ཚོགས། །སྤྲིན་ཕུང་ཐིབ་པ་བཞིན་དུ་སྤྱན་དྲངས་ནས། །ཚོགས་ཞིང་རྣམས་དང་དབྱེར་མེད་བཞུགས་པར་གྱུར། །ཨོཾ་བཛྲ་ས་མ་ཡ་ཛ་ཛ༔ཧཱུྃ་བཾ་ཧོ། དེ་ནས་ཕུད་ཆ་བཞིར་སྤྲོས་ལ། དང་པོ་མཆོད་པ་ནི་གཟུགས་སྒྲ་དྲི་རོ་རེག་ལྡན་པའི༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འདི༔ གུས་པའི་བློ་ཡི་འབུལ་ལགས་ན༔ དགྱེས་པའི་གར་གྱིས་བཞེས་སུ་གསོལ༔ ག་ན་ཙཀྲ་པཱུ་ཙ་ཁ་ཧི༔ བར་པ་བཤགས་པ་ནི། ཐོག་མེད་དུས་ནས་ད་ལྟའི་བར༔ སྒོ་གསུམ་མི་ཤེས་བག་མེད་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ དེ་དག་ཐམས་ཅད་བཤགས་པར་གྱིས༔ ཡིག་བརྒྱ་ཡང་བཟླས། ཐ་མ་བསྒྲལ་སྟོབ་ནི། ཆ་གསུམ་པའི་འདོད་ཡོན་ལྷ་མོ་ཧཱུྃ་ཞེས་རང་ལ་བསྡུས། ནྲི་ཏྲི་བཛྲ་ཨངྐུ་ཤ་ཛ་ཛ༔ཧཱུྃ་བཾ་ཧོ་ས། བསྒྲལ་བྱ་བསྟིབ་ལ་ཧཱུྃ། ང་ནི་ཟ་བྱེད་ཆེན་པོ་སྟེ། ཁམས་གསུམ་མ་ལུས་བསྒྲལ་བ་དང་། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་ཟ་བར་བྱ། །མཱ་ར་ཡ་ཕཊཿ ཞེས་དང་མ་ཡེ་ཤེས་ཀྱི་འཁོར་ལོ་གནས་སྤོར། །སྙིགས་མ་དུམ་བུར་བཏུབ་ཅིང་བདུད་རྩིར་སྦར་ཏེ། མ་ཧཱ་མཾ་ས་རཀྵ་ཀོམ་ནི་རི་ཏི་ཨ་མྲྀ་ཏ་ཁཱ་ཧི། ཞེས་སྟོབ་བོ། །དེ་ནས་རོལ་བ་ནི། རང་ལུས་ལྷར་གསལ་བའི་སྐུ་ལ་རྩ་སུམ་ལྷ་ཚོགས་ཏིལ་གྱི་གང་བུ་ལྟར་བཞུགས་པར་མོས་ལ་ཚོགས་རྫས་ལག་པའི་སྒང་བླུག་གི་ལྟེ་བའི་ཐབ་ཁུང་དུ་གཏུམ་མོའི་མེས་བསྲེགས་པའི་བདུད་རྩིའི་དྭངས་མས་ལུས་ཀྱི་ལྷ་ཚོགས་རྣམས་བརྙེས་ཤིང་ཚིམ་པར་མོས་ལ་ལོངས་སྤྱད་མཐར་ཙཎྜ་ལའི་སྤྱི་བོའི་ཧཾ་བཞུ་བའི་ཞུ་བདེའི་རང་གདངས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་ཁོ་ན་ཉིད་ཀྱི་དབྱིངས་སུ་ལ་བཟླ་བར་བྱས་ལ། ཧེ་རུ་ཀ་དཔལ་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡི། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཞེས་སྨོན་ལམ་བཏབ། ལྷག་མའི་ཏིང་ལྔར་ཕུད་ཆ་བཞི་པ་ཡང་བསྲེས་ལ། ཨོཾ་ཨཱ༔ཧཱུྃ་ཧ་ཧོ་ཧྲཱི༔ དམ་ཚིག་གི་ཁ་ཕྲུ་བཏབ་པས་ལྷག་མའི་གཏོར་མ་འདོད་ཡོན་གྱིས་ཕུང་པོ་ཟས་མི་ཤེས་པར་བསམ་ལ། འབར་རྒྱ་དང་བཅས་ཏེ་ཕེམ་ཞེས་མགྲོན་དགུགས་ལ། ཧཱུྃ་མཁའ་འགྲོ་གིང་དང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་བརྒྱད། །ཕོ་ཉ་ལ་སོགས་ལྷག་བདུད་ཚོགས། །དཔལ་གྱི་ཕམ་ཕབ་འདི་གསོལ་ལ། །བཅོལ་བའི་ཕྲིན་ལས་བསྒྲུབ་པ་མཛོད། །ཨོཾ་ཨུཙྪཎྚ་བ་ལིང་ཏ་ཁ་ཁ་ཁཱ་ཧི། ཞེས་ཕྱི་རོལ་དུ་འབུལ་ལོ། །ཐུན་བསྡུ་བ་ནི། བདག་གི་སྒོ་གསུམ་གྱིས་མཚོན་སྣང་སྲིད་ཀུན། །བླ་མའི་སྐུ་གསུང་ཐུགས་ཀྱི་ཀློང་དུ་འདུས། །དེ་ཉིད་ཆོས་སྐུ་སྐྱེ་མེད་དབྱིངས་ཐིམ་པས། །དམིགས་མེད་བསམ་བརྗོད་བྲལ་བའི་ངང་དུ་གནས། །དེ་ལས་སྣང་སྟོང་སྒྱུ་མའི་བསྐུར་མང་ནས། །ཅིར་སྣང་བླ་མའི་རོལ་པར་སད་པར་གྱུར། །འདི་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་བསྔོའོ། །རྒྱལ་བ་ཀུན་དངོས་རྗེ་བཙུན་བླ་མ་ཡི། །དུས་གསུམ་ཀུན་ཏུ་བརྩེ་བས་རྗེས་བཟུང་སྟེ། །འགྲོ་ཀུན་སྒྲོལ་ཕྱིར་གསང་ཆེན་རྡོ་རྗེའི་ལམ། །དཀའ་བ་མེད་པ་མྱུར་དུ་བགྲོད་པར་ཤོག །ཞེས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་གསོལ་འདེབས་མན་ངག་ཆོ་ག་ནི། །བསྐལ་བཟང་མཆོག་གི་ལམ་བཟང་དགའ་སྟོན་ཤར། །རྒྱལ་བ་ཀུན་ལས་རྩ་བའི་བླ་མ་ཉིད། །བསྙན་ལྷག་རྒྱུད་སྡེ་ཀུན་ནས་ཡང་བཤད་ཅིང་། །མཆོག་གི་གཙོ་བོ་བླ་མ་ཉིད་ཡིན་ཅིང་། །བྱ་བ་གཞན་སྤངས་བླ་མ་གཅིག་པུ་མཆོད། །དེས་ནི་ངེས་གསང་སྙིང་པོའི་བདུད་རྩི་སྟེ། །སྐད་ཅིག་ཉིད་ལ་ཐོབ་པར་གདོན་མི་ཟ། །ལམ་བཟང་འདི་ཡི་དགེ་བས་འགྲོ་བ་ཀུན། །གདོད་ནས་མི་འགྱུར་གཞོམ་པ་མེད་པ་ཡི། །ཡེ་ཤེས་ཀློང་དུ་འཕྱམ་གཅིག་གྲིལ་གྱུར་ཏེ། །ཁམས་གསུམ་འཁོར་བའི་གཞི་རྩ་སྟོང་པར་ཤོག །ཅེས་བླ་མ་ལ་གསོལ་བ་འདེབས་པའི་ཆོ་ག་མཆོག་གི་གཏེར་སྦྱིན་བྱ་བ་འདི་ནི་རིག་འཛིན་འགྱུར་མེད་རྡོ་རྗེས་གཏེར་བདག་གླིང་པའི་ཐུགས་ཀྱི་སྲས་ཐུ་བོ་དམ་པ་གྲུབ་པའི་དབང་ཕྱུག་འགྱུར་མེད་ཀློང་གྲོལ་མཆོད་པའི་ཆོ་ག་ཞིག་དགོས་ཞེས་རྗེ་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་པདྨ་འགྱུར་མེད་ནོར་བུ་དཔལ་ལྡན་གཞོན་ནུ་ཐེག་མཆོག་ཡོངས་འདུ་དབང་པོའི་སྡེས་བཀའ་ནན་ཆེན་པོས་བསྐུལ་བས། གཞུང་རྣམས་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་དྷར་མ་ཤྲཱི་རི་མཛད་པའི་བླ་མས་མཆོད་པའི་ཆོ་ག་དེ་ཉིད་ཚད་མའི་གཞུང་ནས་བསྡུས་ཤིང་ཚིག་དོན་ཤིན་ཏུ་ལེགས་པར་མཐོང་བས་དེ་ཉིད་སླད་མེད་གཞིར་བཀོད་དེ་མངོན་རྟོགས་སོགས་ཚིག་བསྒྱུར་ཅུང་ཟད་སྦྱར་བ་སྟེ་མདོ་ཁམས་དབུས་འགྱུར་གྱི་ཆོས་སྨྲ་བ་ཚེ་དབང་ནོར་བུས་མང་ཡུལ་དཔལ་འབར་བདུད་རྩིའི་ཕུག་ཏུ་ས་སྤྲེལ་ཧོར་ཟླ་ལྔ་པའི་ཚེས་ཉེར་གསུམ་གྱི་དུས་སྦྱོར་གཅིག་གི་ཚོད་ལ་གྲུབ་པར་བྲིས་པ་དགེའོ། །དགེའོ། །དགེའོ། །འདིའི་ལུང་ཡང་ཐོབ་པའི་བརྒྱུད་པ་ནི། དཔལ་རིག་འཛིན་ཆེན་པོ། ཤེས་འབྱུང་། ཨནནྡ། དེས་སོ། །


previousརྣལ་འབྱོར་གྲུབ་པའི་དབང་ཕྱུག་ཆེན་པོ་ཀུན་བཟང་འགྱུར་མེད་ཀློང་གྲོལ་ལ་གསོལ་འདེབས་བླ་མའི་རྣལ་འབྱོར་མཆོག་གི་གཏེར་སྦྱིན། next