Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ། next

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ།

༄༅། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །རིགས་རྣམས་གཅིག་བསྡུས་གསང་བ་ཆེ། །རིགས་གཅིག་རྡོ་རྗེ་སེམས་དཔའ་ལ། །དང་པོར་གུས་པས་ཕྱག་བྱས་ནས། །དེ་ཡི་བསྒྲུབ་ཐབས་སྙིང་པོའི་དོན། །མདོ་ཙམ་འདི་རུ་བཤད་པར་བྱ། །དེ་ཡང་གསང་སྔགས་ཀྱི་ཐེག་པ་ལ་མོས་གུས་རྣམ་པར་དག་པ་ཐོབ་ཅིང་རིམ་པ་ལ་ཞུགས་པའི་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཉམས་སུ་ལེན་པའི་ཚུལ་ལ་ལྔ་སྟེ། ཕྱི་ནང་གསང་བ་ཡང་གསང་དེ་ཁོ་ན་ཉིད་དོ། །ཕྱི་ཀྲི་ཡ་ལྟར་ནི། རང་ལུས་ཐ་མལ་དུ་གནས་པའི་སྤྱིར་བོར་པད་ཟླ་ལ་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། དྲིལ་བུ་རྐེད་པར་འཆང་བ། ཞབས་རྒྱལ་པོ་རོལ་པའི་འདུག་སྟངས་ཅན། ཞི་བའི་ཚུལ་ཐམས་ཅད་ཀྱིས་བརྒྱན་པའི་ཐུགས་ཀར་གསུང་སྐུ་ཡི་ངོ་བོ་ཧཱུྃ་ཡིག་བརྒྱ་ཟླ་བ་རྣམས་གསལ་བཏབ་ལ། དེའི་འོད་ཟེར་གྱིས་སངས་རྒྱས་སྲས་སློབ་འཕགས་ཚོགས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབ་པས་རྡོ་རྗེ་སེམས་དཔའི་སྐུ་ལུས་ཁེངས་ཏེ་སྐུའི་ཆ་ཐམས་ཅད་དང་ཞབས་གཡས་ཀྱི་མཐེ་བོང་ནས་བདུད་རྩིའི་རྒྱུན་བྱུང་། བདག་དང་སེམས་ཅན་རྣམས་ཀྱི་སྤྱི་བོ་ནས་བབས། ལུས་ནང་ཞུགས་འཁོར་བ་ཐོགས་མེད་ནས་བསགས་པའི་ནད་གདོན་དང་། གཙོ་བོར་སྡིག་སྒྲིབ་ཉེས་ལྟུང་དྲི་མ་རྟེན་ཤ་ཁྲག་རུས་པ་དང་བཅས་ཐམས་ཅད་ནག་ནུར་ཏེ་ཐོན། ས་འོག་ཏུ་སོང་། དེར་ཡང་དེ་རླུང་གི་སྦྱོར་བས་སྦྱང་བར་བསམ་ལ་ཡིག་བརྒྱ་ཡི་ནུས་སུ་བཟླས་བ་ནི་ཕྱིར་བསྒྲུབ་པའོ། །

ནང་ཨུ་པ་ལྟར་ཉམས་སུ་ལེན་པ་ལ། སྤྱི་བོའི་རྡོ་རྗེ་སེམས་དཔའ་དེ་མར་བྱོན། རང་གི་དུང་ཁང་དུ་བཞུགས་པའི་སྐུ་ཡི་འོད་ཟེར་དཀར་པོས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་སྦྱངས་བར་བསམ་ལ་ཡིག་བརྒྱ་ཡི་ནུས་བཟླས། དེ་ནས་མར་བྱོན་མགྲིན་པར་རྡོ་རྗེ་སེམས་དཔའ་སྔགས་འཕྲེང་ས་བོན་བཅས་དམར་པོར་གྱུར། འོད་ཟེར་དམར་པོས་གོང་བཞིན་ངག་གི་སྡིག་སྒྲིབ་སྦྱངས་བར་བསམ་ནས་ཡིག་བརྒྱ་བཟླས། དེ་བཞིན་སྙིང་ཀར་ལྷ་སྔགས་ས་བོན་འོད་ཟེར་སྔོན་པོས་ཡིད་ཀྱི་སྡིག་སྒྲིབ་གསལ་ཞིང་། ལྟེ་བར་རྡོར་སེམས་སེར་པོའི་འོད་ཟེར་གྱི་རིམ་པས་སྒོ་གསུམ་ཆར་གྱི་སྡིག་སྒྲིབ་སྦྱངས་ནས་རང་ལུས་འོད་ཀྱི་གོང་བུར་གྱུར་པར་བསམ་ལ་ཡིག་བརྒྱ་བཟླ་བ་ནི་ནང་གི་བསྒྲུབ་པའོ། །གསང་བ་ཡོ་ག་ལྟར་ཉམས་སུ་ལེན་པ་ནི། རང་ལུས་འོད་ཀྱི་གོང་བུ་དེ་ཡང་སྟོང་པར་གྱུར། དེ་ཡི་ངང་དུ་ཟླ་བ་ཧཱུྃ་ཡིག་རྡོ་རྗེ་རྣམས་གྲུབ་ཅིང་དེ་རྣམས་གཅིག་ཏུ་འདྲེས་པ་ལས་རང་ཉིད་པད་ཟླའི་གདན་ལ་རྡོ་རྗེ་སེམས་དཔའ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་ཕྱག་རྡོ་རྗེ་དྲིལ་བུ་སྙེམས་ཚུལ་གྱིས་འཛིན་པ། ཞི་ཚུལ་ལོངས་སྐུའི་རྒྱན་ཡོངས་སུ་རྫོགས་པའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་མཚོན་གང་། དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུྃ། དེ་ལས་སྔགས་ཀྱི་འཕྲེང་བའི་འོད་ཟེར་འཕྲོས་པ་ཡི་རྒྱལ་བ་མཆོད་ཅིང་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས་བར་བསམ་ལ་ཡིག་བརྒྱ་ཅི་ནུས་སུ་བཟླ་བ་ནི་གསང་བའི་སྒྲུབ་པའོ། །

ཡང་གསང་བླ་མེད་ཀྱི་རྒྱུད་སྡེ་ལྟར་ཉམས་དུ་ལེན་པ་ལ། འདི་ལྟར་སྣང་ཚད་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ། རྣ་བར་སྒྲ་རུ་གྲགས་ཚད་ཐམས་ཅད་ཡི་གེ་བརྒྱ་པའི་སྔགས། སེམས་ཀྱི་ཡུལ་གྱི་དྲན་རྟོག་ཐམས་ཅད་དེར་འཛིན་གྱི་ཤེས་པ་རྩིས་གདབ་དང་བྲལ་བའི་ཆོས་ཉིད་རོལ་པར་ལ་བཟླ་བ་སྟེ། དེ་ནི་གནས་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་དག བར་དོར་འཇིགས་པའི་གཟུགས་དང་མི་སྙན་པའི་སྒྲ་འཁྲུལ་པའི་སྣང་བ་མི་འབྱུང་བར་ལྷ་སྔགས་མཐོང་ཐོས་དང་ཆོས་ཉིད་མངོན་དུ་གྱུར་པ་དང་། མཐར་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་འགྲུབ་པར་བྱེད་པ་སྔགས་བླ་མེད་ཐམས་ཅད་ཀྱི་སྤྱི་ཆིངས་སུ་ཉམས་སུ་ལེན་ཚུལ་ཏེ་ཡང་གསང་གི་སྒྲུབ་པའོ། །དེ་ཁོ་ན་ཉིད་ཨ་ཏི་ཡོ་ག་ལྟར་ཉམས་སུ་ལེན་པ་ནི། སྣང་བ་སྣོད་ཀྱི་འཇིག་རྟེན་སྲིད་པ་བཅུད་ཀྱི་སེམས་ཅན་ལྷ་སྐུར་གྱུར་པ་ལ་ཐིམ་ཞིང་། དེ་དང་ནམ་མཁར་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཟླ་བ། དེ་རྡོ་རྗེ་ལ་ཐིམ། དེ་ཧཱུྃ་ཡིག་ནཱ་དའི་མཐར་སྟོང་པར་གཞིལ་ཅིང་མཐར་ཨོཾ་བཛྲ་ས་ཏྭ་ཧཱུྃ་གི་སྒྲས་ལྷ་སྐུར་ལྡང་། དེ་ལྟར་ལྷ་སྔགས་སུ་ཤར་བའི་སེམས་ཉིད་ཀྱི་ངོ་བོ་ངོས་བཟུང་ཐམས་ཅད་ལས་འདས་པའི་སྟོང་པ་ཉིད་ནི་རྫོགས་པའི་རིམ་པ་ཡིན་ལ། དེ་ལྟ་ན་ཡང་སྣང་ཆ་གོ་མ་འགགས་པ་སྒྱུ་མ་ལྟ་བུའི་ངང་ལུས་སྣང་སྣོད་བཅུད་དཀྱིལ་འཁོར་འཁོར་ལོ་ཤར་བ་ནི་བསྐྱེད་རིམ་གྱི་ཆ་སྟེ། དེ་གཉིས་དབྱེར་མི་ཕྱེད་པ་གདོད་མ་ཉིད་ནས་འདུས་མ་བྱས་རང་བྱུང་གི་ཟུང་འཇུག་སྨྲ་བསམ་བརྗོད་བྲལ་རིག་པའི་ངོ་བོ་སྟེ། དེ་རང་ངོ་ཤེས་བཞིན་རྟག་ཏུ་སྐྱོང་བའི་ངང་ཡི་གེ་བརྒྱ་པ་བཟླ་བའམ། མི་བཟླ་ཡང་རུང་སྟེ། དེ་ནི་རྡོ་རྗེ་སེམས་དཔའི་དོན་གྱི་བསྒྲུབ་ཚུལ་ཏེ། དེ་ཁོ་ན་ཉིད་ཀྱི་བསྒྲུབ་པའོ། །འོན་ཀྱང་དམིགས་བསྐོར་འདི་རྣམས་ཅུང་ཟད་སྤྲོས་ཏེ་ཉམས་སུ་ལེན་ན་ཁོ་བོས་སྔར་བཀོད་ཟིན་པའི་ཡི་གེ་ལས་རྟོགས་པར་བྱའོ། །

གཞན་ཡང་ཐུན་གྱི་ཐ་མར་སྐྱབས་སེམས་དང་མཐར་བསྔོ་སྨོན་གྱིས་རྒྱས་གདབ་པ་ནི་ཐེག་པ་ཆེན་པོའི་སྤྱི་ཚུལ་དང་སྤྱོད་ལམ་ཚོགས་སུ་བསྒྱུར་བའི་རྣལ་འབྱོར་རྣམས་ལའང་བསླབ་པར་བྱ་སྟེ། ཉམས་སུ་ལེན་པར་ནུས་ན་ཆོས་ཚུལ་འདི་ནས་ཀྱང་ཚེ་གཅིག་སངས་རྒྱས་ཀྱི་ས་ལ་ངེས་པར་སྦྱོར་བར་ཐེ་ཚོམ་མེད་པའོ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྨད་བྱུང་ཡི་དམ་ལྷ་ཡི་གཙོ། །རྡོར་སེམས་སྒྲུབ་ཐབས་ཆེས་ཟབ་པ། །འདི་རུ་བཤད་བྱས་དགེ་བ་དེས། །མཁའ་ཁྱབ་སེམས་ཅན་མ་ལུས་ཀུན། །ཀུན་བཟང་རྡོར་སེམས་མྱུར་འགྲུབ་ཤོག །ཞེས་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་རིམ་པ་ཉུང་ངུར་བྱས་པ་འདི་ཡང་། གངས་ཅན་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བ་མི་ཡི་ལྷ་ཆེན་པོ་མཆོག་གི་སྲས་མོ་བྱང་ཆུབ་སེམས་མ་དགེ་བའི་དཔལ་དུ་མས་ཡོངས་སུ་བརྒྱན་པ་བདེ་ལྡན་སྒྲོན་མ་གང་གིས་གསུང་གི་སྣང་བ་དང་། ཉེ་བར་དམ་པའི་ཆོས་ལ་འདུན་ཅིང་རྣམ་པར་དཀར་བའི་ལང་ཚོ་རྒྱས་པ་དགའ་བཞི་མི་ཡི་བདག་པོའི་ཡུམ་བསོད་ནམས་ལྷ་སྒྲོན་གྱི་ཉམས་བཞེས་ཆེད་དུ་བསྐུལ་བའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུའི་སྐྱེས་བདག་གི་ལོ་ཞལ་གསར་དུ་འཆར་བ་རྒྱལ་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་ལ་འཕྲུལ་སྣང་གཙུག་ལག་གི་འདབས་མེ་ཏོག་རྣམ་པར་བཀྲ་བའི་སྐྱེད་མོས་ཚལ་དུ་ཐུན་མཚམས་གཅིག་ཏུ་གྲུབ་པར་སྦྱར་བའོ། །སརྦ་མངྒ་ལཾ།


previousབཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔ་ཚིག་ཉུང་ངུ་དོན་གསལ། next