Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ། next

ལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ།

༄༅། །ལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྒྱལ་ཀུན་ཐུགས་ཀྱི་རྡོ་རྗེའི་བདག །ཁྱེད་ཞབས་ཕྱག་འཚལ་དེ་བསྒྲུབ་ཐབས། །ཕྱི་ནང་གསང་བ་ཁོ་ན་ཉིད། །ཅུང་ཟད་འདི་རུ་སྟོན་པར་བྱ། །དེ་ལ་ཕྱི་ལྟར་བྱ་རྒྱུད་ལྟར་ཉམས་སུ་བླང་བར་བྱ་སྟེ། རང་ལུས་ཐ་མལ་སྤྱི་བོར་པད་དཀར་ཟླ་བ་རྒྱ་ཆེ་བའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རི་ལ་ཉི་མ་ཤར་བ་ལྟ་བུ་ཞི་འཛུམ་སྡུག་དང་དར་དང་རིན་པོ་ཆེའི་རྒྱན་ཡོངས་སུ་རྫོགས་པ་ཞབས་བརྐྱང་བསྐུམ་རོལ་པའི་འདུག་སྟངས་ཅན་གཡས་པའི་མཐེ་བོང་རང་གི་སྤྱི་བོར་རེག་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་ཧཱུྃ་དཀར་པོ་རབ་ཏུ་འཚེར་བའི་མཐར་སྐོར་དུ་ཡི་གེ་བརྒྱ་པ་གཡས་སུ་ཧྲང་ཧྲང་འཁོར་བའི་འོད་ཟེར་ཧཱུྃ་ལ་འདུས་ནས་ཧཱུྃ་གི་ཐིག་ལེ་ལ་བརྒྱུད་དེ་འོད་ཟེར་ཡར་འཕྲོས་རྡོ་རྗེ་སེམས་དཔའི་གཙུག་ཏོར་ནས་ཐོན་ཏེ་ཕྱོགས་དུས་རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ་དགྱེས་མཆོད་ཕུལ་ཞིང་ཐུགས་རྒྱུད་བསྐུལ་ནས་བྱིན་རླབས་ཐུགས་རྗེའི་འོད་ཟེར་རབ་ཏུ་བསྡུས་ནས་རྡོ་རྗེ་སེམས་དཔའི་གཙུག་ནས་ཞུགས་ཏེ། ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཧཱུྃ་ལས་བདུད་རྩིའི་རྒྱན་རབ་ཏུ་བབས་ནས་རྡོ་རྗེ་སེམས་དཔའི་སྐུ་ལུས་བདུད་རྩིས་རབ་ཏུ་ཁེངས་ནས་ཞབས་གཡས་པའི་ཤ་སེན་བར་ནས་བདུད་རྩི་ངང་ནར་གྱིས་བབས་ཏེ་རང་གི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཁེངས་པས་ནད་ཐམསཅད་སྣག་ཁྲག་ཆུ་སེར། གདོན་ཐམས་ཅད་ཤིག་སྲོ་སྦལ་སྦྲུལ། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུ་དང་འཇའ་ཚོན་སྔོ་དམར་གྱི་རྣམ་པར་རང་གི་ཆུ་ལམ་དང་རྩ་ལམ་བ་སྤུའི་བུ་ག་ནས་ཕྱིར་ཐོན་ནས་དབང་ཆེན་ས་གཞི་དགུ་རིམ་འོག་ཏུ་སོང་ནས་ནམ་ཡང་མི་ལྡོག་རང་ལུས་བདུད་རྩིས་ཐེམ་མེ་ནེམ་མེར་ཁེངས་ཏེ་དཔེར་ན་ཤེལ་བུམ་འོ་མས་གང་བ་ལྟར་བསམ་ངང་ཡི་གེ་བརྒྱ་པ་སྐད་གསང་སྙན་པས་ངག་སྙན་དུ་བཟླ་བར་བྱའོ། །ཨྠཱྀིཿ

ནང་སྤྱོད་རྒྱུད་ལྟར་དུ་ཉམས་སུ་ལེན་པ་ནི་གོང་གི་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམ་པ་དེ་ཉིད་རང་གི་ཚངས་བུག་ནས་མར་བྱོན་ཏེ་དབུ་མའི་ལམ་ནས་བརྒྱུད་དེ་བདེ་ཆེན་འཁོར་ལོར་དར་ཅིག་བཞུགས་ནས་བདག་གི་ལུས་སྒྲིབ་ཐམས་ཅད་སྦྱང་བ་བསམ་ངང་ཡིག་བརྒྱ་བཟླས་ཤིང་། དེ་ནས་སླར་མགྲིན་པར་བྱོན་ནས་བདག་གི་ངག་སྒྲིབ་སྦྱང་བ་དང་། མཐར་སྙིང་གར་བྱོན་ནས་ཡིད་སྒྲིབ་སྦྱངས་ཏེ་རྡོ་རྗེ་སེམས་དཔའི་སྐུ་ཐུགས་ཀའི་ཟླ་བ་དང་སྔགས་འཕྲེང་ལ་ཐིམ། གསང་སྔགས་ཕྲེང་ཡང་ཐུགས་ཀྱི་ངོ་བོ་ཧཱུྃ་ཡིག་ལ་ཐིམ། དེ་ཡང་འོད་དུ་ཡལ་ནས་རང་ལུས་འོད་ཕུང་དུ་ལམ་གྱི་གྱུར་ཏེ་སྐད་ཅིག་གིས་རྡོ་རྗེ་སེམས་དཔའི་སྐུར་བླུག་སྐུ་བྱོན་པ་ལྟར་ཀྲང་གི་གྱུར་པའི་སྐུ་ཡི་བ་སྤུ་ཐུགས་ཀ་དང་མཛོད་སྤུ་ནས་འོད་ཟེར་རབ་ཏུ་འཕྲོས་ནས་རྒྱལ་བ་སྲས་བཅས་མ་ལུས་ལུས་པ་མེད་པ་མཉེས་མཆོད་འབུལ་ཞིང་ཐུགས་རྗེ་བྱིན་རླབས་ཐམས་ཅད་བསྡུས་ནས་བདག་དང་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ཤིང་དངོས་གྲུབ་ཐོབ་པར་བསམ་ངང་ཡིག་བརྒྱ་དག་གཙང་སི་སིལ་བཟླ་བར་བྱའོ། །ཨྠྀིཿ

གསང་བ་རྣལ་འབྱོར་རྒྱུད་ལྟར་ཉམས་སུ་ལེན་པ་ནི། དེ་ལྟར་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་ཐ་མི་དད་པར་ཤེས་ངང་། ཐུགས་ཡེ་ཤེས་ཀྱི་ཀློང་དུ་རང་གི་སྙིང་པདྨ་དཀར་པོ་ཁ་ཕྱེ་ཕྲལ་ལྟ་བུའི་གེ་སར་ཟེའུ་འབྲུའི་སྟེང་ཐབས་ཤེས་ཉི་ཟླའི་གདན་ལ་རང་རིག་རྡོ་རྗེ་སེམས་དཔའ་དཀར་གསལ་ཚོན་གང་བ་གཅེར་བུ་རྒྱན་མེད་ཀྱི་ཐུགས་ཀར་ཀུན་རྫོབ་ཀྱི་ཐིག་ལེ་ཟླ་བ་དངས་པ་སེན་གང་བའི་སྟེང་དུ། དོན་དམ་ཐིག་ལེ་རྡོ་རྗེ་ནས་འབྲས་ཙམ་གྱི་ལྟེ་བར་ས་བོན་དངས་མ་ཧཱུྃ་དུ་བསམ་མཐར་ཡིག་བརྒྱ་མུ་ཏིག་གི་ཕྲེང་བ་ལྟ་བུར་ངང་གྱི་ལི་ལི་འོད་ཟེར་གྱི་འཕྲེང་བ་འཁོར་བ་ལས་འོད་ཟེར་གྱི་གོང་ལྟར་རྒྱལ་བ་མཆོད་པའི་སྤྲོ་བསྡུ་བྱས་ནས། ཁྱད་པར་སྔགས་ཕྲེང་གི་འོད་ཟེར་རིགས་དྲུག་གནས་སུ་ཕོག་པས་དེ་རྣམས་ཀྱི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་ཐམས་ཅད་སང་སྦྱངས་དེ་ཐམས་ཅད་ཀྱང་སེམས་དཔའི་རང་བཞིན་དུ་གྱུར་ནས་ཕྱིར་མི་ལྡོག་པར་བསམ་ངང་ཡིག་བརྒྱ་བཟླས་པའི་སྐྱོན་བྲལ་དུ་བཟླ་བར་བྱའོ། །ཨྠཱྀིཿ

དེ་ནས་ཡང་གསང་བླ་མེད་ཀྱི་རྣལ་འབྱོར་ལྟར་ཉམས་སུ་ལེན་པ་ལ། དེ་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རང་ལས་ཕྱི་ནང་སྣོད་བཅུད་སྣང་སྲིད་ཐམས་ཅད་སྒྱུ་མའི་རོལ་རྩལ་ཉིད་དུ་ཤར་བཞིན། གཟུགས་སུ་སྣང་བའི་ལྷ་འདྲེ་མི་སོགས་རིགས་དྲུག་རྡོ་རྗེ་སེམས་དཔའི་སྐུ། རྟེན་དང་བརྟེན་པར་སྣང་བའི་སྒྲ་ཐམས་ཅད་ཡི་གེ་བརྒྱ་པའི་རང་སྒྲ་རྟོག་ཚོགས་མཐའ་དག་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བ་ཕྱམ་བརྡལ་ཆོས་སྐུའི་ངོ་བོ་མཉམ་ཉིད་བདེ་བ་ཆེན་པོར་ལ་ཟླ་ཞིང་། མདོར་ན་དག་མ་དག་ཞེས་པའི་ཐ་སྙད་དང་བྲལ་བ་རྣམ་ཀུན་མཆོག་ལྡན་ཀུན་ཏུ་བཟང་པོའི་ཆོས་ཉིད་དུ་ལམ་ཁྱེར་བར་བྱ་སྟེ། དེ་ངང་དུ་ཡི་གེ་བརྒྱ་པ་ཤུབ་བུའམ་འགོག་བཟླས་དང་རྡོར་བཟླས་སོགས་གང་རུང་བྱ་སྟེ། ཟབ་པའི་མན་ངག་གོ །ཨྠཱྀིཿ

དེ་ལྟར་ཕྱི་ནང་གསང་བ་ཡང་གསང་གི་ངོ་བོ་ཁོ་ན་ཉིད་རང་བྱུང་རྫོགས་པ་ཆེན་པོ་རྩོད་བྲལ་ཐིག་ལེ་ཉག་གཅིག་ཏུ་ཉམས་སུ་བླང་བ་ནི། དེ་ཡང་རང་རིག་ངོ་བོ་ལ་མིང་གི་ཚོན་དཔེ་དང་བྲལ། བློ་ལས་འདས་ཤིང་སྟོང་པ་མེད། མི་སྟོང་པ་མེད། ཡེ་ཤེས་མེད། འཁྲུལ་པ་མེད། རྣམ་རྟོག་མེད། ཉོན་མོངས་མེད། འཁོར་བ་མེད། མྱང་འདས་མེད། དོན་དམ་མེད། ཀུན་རྫོབ་མེད་སྟེ། མདོར་ན་བསམ་བརྗོད་དཔེ་མཚན་རྟག་ཆད་བདག་གཞན་གྱི་མཐའ་ཐམས་ཅད་དང་བྲལ་ལ། རང་བཞིན་དུ་འཁོར་བ། མྱང་འདས་ཡེ་ཤེས། འཁྲུལ་པ། གསལ་བ། སྟོང་པ་ལ་སོགས་ཐམས་ཅད་བྱུང་ཞིང་། རྣམ་པ་དུ་མ་ལ་ལོངས་སྤྱོད་པ་སྟེ། ཐུགས་རྗེ་ཡི་དེ་ལྟར་ངོ་བོ་རང་བཞིན་ཀྱང་ཡ་བ་བྲལ། ཕྱོགས་སུ་མ་ཆད་རིས་སུ་མ་གྲུབ་པར་ཟུང་དུ་འཇུག་ཞེས་ཐ་སྙད་དུ་གདག་སྟེ། དེ་ལྟར་ངོ་བོ་རང་བཞིན་ཐུགས་རྗེ་ཞེས་པ་ཡང་། མདོར་དྲིལ་ན་རང་སེམས་ཀྱི་ངོ་བོ་སྤྲོས་བྲལ་གྱི་གཤིས་འདི་ལ་གང་གི་ཡང་མཚོན་བྲལ་སྟོང་སང་ངེ་བ་ལ་གདངས་གསལ་མ་འགག་པར་རང་རྩལ་དུ་སྣང་བ་ལྷ་སྔགས་སུ་ཝ་ལེར་ཤར་ཞིང་། དེ་ལྟར་བསྐྱེད་རིམ་ཞེས་ལྷ་སྐུ་བསྒོམ་པའི་གསལ་ཆ་དང་། དོན་དམ་ངོ་བོ་སྟོང་པ་གཉིས་ཀྱང་ཡ་རེས་སྟོང་རེས་གསལ་ལྟ་བུ་མ་ཡིན་པར་གསལ་སྟོང་ཟུང་འཇུག་གདོད་ནས་དབྱེར་མེད་ཀྱི་རོལ་པར་ཤེས་པ་སྟེ། གང་ཤར་སེམས་ཀྱི་རྒྱན་དང་རོལ་པར་ལ་ཟླ་བ་ནི་གནད་དོ། །

དེ་ཡང་། རང་གི་ངང་དུ་མཉམ་པར་བཞག་པ་ལ། དམིགས་འཛིན་ཆེད་གཏད། རེ་དོག བློ་བཅོས་ཀྱིས་མ་སྙོགས་པར་བཟོ་བྲལ་རང་ངོ་ལ། གནས་ན་གནས་ཆུག འགྱུ་ན་འགྱུ་ཆུག གང་ལ་དགག་སྒྲུབ་མེད་ལྷོད་མེད་ཀློད་ལ་འཇོག་པ་ཉིད་སྟེ་ཆེད་གཉེར་གྱི་བསྒོམ་བྱ་མེད་ལ། འཁྲུལ་སྣང་ཡེངས་རྐྱེན་གྱི་དབང་དུ་མ་སོང་བར་བྱ་བ་གནད་དམ་པའོ། །གྷུ་ཧྱཿ ཨྠྀིཿ དེ་ལྟར་རྡོ་རྗེ་སེམས་དཔའི་ཕྱི་ནང་གསང་བ་ཡང་གསང་ཁོ་ན་ཉིད་བཅས་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་པ་ཟབ་གཅེས་སྙིང་པོར་བསྐུལ་བ་པོ་དོན་ཡོད་པར་བྱ་བ་དང་། རིས་ཅན་འགའ་ལ་ཕན་པར་སྲིད་སྙམ་ནས་སྔགས་འཆང་རིག་པ་འཛིན་པ་ཚེ་དབང་ནོར་བུ་དཔལ་རྣལ་འབྱོར་རབ་ཏུ་དགྱེས་པའི་རྡོ་རྗེ་རྩལ་གྱིས་ཤིང་སྦྲུལ་ཧོར་ཟླ་བཅུ་པའི་ཚེས་བཟང་བཅོ་ལྔར། གཡུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་དུ་སྦྱར་བའི་ཡིག་རིས་མ་ཏི་ཨིནྡྲས་བགྱིས་པ་སྟེ། དགེ་དེས་སྲིད་པར་འགྲོ་ཀུན་ཞི་བའི་གྲུར། །རབ་ཞུགས་མྱ་ངན་ལས་འདས་བདེ་ཆེན་གྱི། །གོ་འཕང་བླ་མེད་ཡང་དག་ཆེན་པོའི་སར། །མྱུར་བ་ཉིད་དུ་འཁོད་པའི་རྒྱུ་གྱུར་ཅིག །སརྦ་མངྒ་ལཾ།


previousལམ་ཟབ་མོ་བླ་བསྒྲུབ་སྐོར་གྱི་རྡོ་རྗེ་སེམས་དཔའ་ཕྱི་ནང་གསང་བ་ཁོ་ན་ཉིད་ཀྱི་བསྒྲུབ་པ་མཆོག་ཏུ་ཟབ་པ། next