Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན། next

འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན།

༄༅། །འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

༈ ཨོཾ་སྭཱསྟི། ན་མོ་གུ་རུ་མཉྫུ་བཛྲེ་བྷྱཿ འཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན་ཞེས་བྱ་བ། བླ་མ་དང་དཔལ་རྡོ་རྗེ་འཇིགས་མཛད་གཉིས་སུ་མེད་པ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་མི་ཤིག་རྡོ་རྗེའི་ཏིང་འཛིན་གྱི། །འཕོ་བཅས་དྲི་མ་དང་བཅས་འཇིག་ཚོགས་ལྟ། །འཁོར་བའི་འཁྲུལ་འཁོར་མཐའ་དག་འཇིག་མཛད་དཔལ། །འཇམ་པའི་རྡོ་རྗེས་རྟག་ཏུ་དགེ་ལེགས་མཛོད། །གང་གི་སྒྲུབ་ཐབས་སྙིང་པོ་ནི། །རྒྱུན་ཁྱེར་ཚིག་ཉུང་དོན་གསལ་བ། །ཡིད་བཞིན་མཆོག་སྦྱིན་རིན་ཆེན་གང་། །སྤེལ་བས་རྒྱལ་བ་དགྱེས་གྱུར་ཅིག །

དེ་ཡང་བཅོམ་ལྡན་འདས་དཔལ་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་དུ་དབང་ཐོབ་བླ་མའི་ཞལ་ལུང་ལེགས་པར་ནོས་པའི་སྒྲུབ་པ་པོས་གང་གི་རྣལ་འབྱོར་རྒྱུན་གྱི་ཉམས་ལེན་ལ་གཅིག་ཏུ་བརྩོན་པར་བྱ་སྟེ། དངོས་གྲུབ་འབྱུང་བའི་གནས། དུར་ཁྲོད་དུ་དབུགས་བྲལ་གདན་ལ་འདུག་པར་མོས་ནས་འདི་སྐད་དོ། །

རང་རྡོ་རྗེ་འཇིགས་བྱེད་དུ་གསལ་བའི་སྙིང་དབུས་པད་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ནག་པོ་ལས་འོད་འཕྲོས། བླ་མ་མི་བསྐྱོད་པས་དབུ་རྒྱན་པའི་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཡི་དམ་སངས་རྒྱས་བྱང་སེམས་ཚོགས་མ་ལུས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མོ་བཛྲ་བྷཻ་ར་ཝ་བྷྱེཿ རྣམ་རྟོག་དྲ་བ་རབ་གསལ་ཞིང་། །ཡེ་ཤེས་རྒྱ་མཚོའི་ཐུགས་མངའ་བ། །འཇམ་དཔལ་ཁྲོ་བོའི་དཀྱིལ་འཁོར་ལ། །རྡོ་རྗེ་འཛིན་བཅས་ཕྱག་འཚལ་ལོ། །ཨོཾ་བཛྲ་ལཱ་སྱ་ཧཱུྃ། ཨོཾ་བཛྲ་མྰ་ལྱ་ཏྲཾ། ཨོཾ་བཛྲ་གི་ཏྟི་ཧྲིཿ ཨོཾ་བཛྲ་ནི་ཏྟི་ཨཱཿ ཨོཾ་བཛྲ་དྷུ་པེ་ཧཱུྃཿ ཨོཾ་བཛྲ་པུཥྤེ་ཏྲཾཿ ཨོཾ་བཛྲ་ཨ་ལོ་ཀེ་ཧྲཱིཿ ཨོཾ་བཛྲ་གྷནྡྷེ་ཨཱཿ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་བསྐྱེད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །སེམས་ཅན་ཐམས་ཅད་བདེར་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །ཆོས་ཀུན་མཉམ་ཉིད་ཐོབ་པར་ཤོག །ཨོཾ་སྭ་བྷ་ཤུདྡྷ་སརྦ་དྷརྨ་སྭ་བྷ་ཝ་བུདྡྷོ྅ཧཱུྃ། སྟོང་ངང་ཆོས་འབྱུང་དཀར་དམར་ཁ་གྱེན་བསྟན། །དབུས་ཧཱུྃ་སྣ་ཚོགས་རྡོ་རྗེ་རྭ་ཉི་ཤུ། །ཕྱོགས་མདོག་ལྟེ་མཐིང་ལ་གནས་ཧཱུྃ་འོད་ཟེར། །རྡོ་རྗེ་ས་གཞི་རྭ་གུར་བླ་བྲས་གཏམ། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། དེ་དབུས་ཐོད་སྐམ་བཟླུམ་ར་སྒོ་གཅིག་པ། །ཕྱི་ནང་ས་གཞི་ཁྲག་ཞག་ཀེང་རུས་གདུང་། །གཡང་གཞི་བླ་བྲེ་རྒྱུ་རློན་ལྡ་ལྡི་བརྒྱན། །དབུས་ཕྱུར་རྩེ་མོ་རྡོ་རྗེ་རིན་ཆེན་ཏོག །ཕྱི་རོལ་གཏུམ་དྲག་ལ་སོགས་དུར་ཁྲོད་བརྒྱད། །ཤིང་མེ་ཆུ་སྲི་ན་རི་བོ་མཆོད་རྟེན་བརྒྱད། །ཕྱོགས་སྐྱོང་ཞིང་སྐྱོང་ཀླུ་བརྒྱད་མ་སྲིན་དང་། །ཤ་ཟ་གཤིན་རྗེ་རོ་ལངས་འབྱུང་པོའི་ཚོགས། །ལང་ལོང་ཧ་ཧ་ཀུ་ཅོ་བྲག་ཆ་བཅས། །ལྷང་ལྷང་འབོད་རྒྱུ་ཡིད་བསྒྱུར་སྣ་ཚོགས་སྤྱོད། །བྱ་གཅན་རྣམ་མང་འཐབ་འཁྲུག་ང་རོ་འདོན། །གཡོ་མེད་གར་བྱེད་རོ་ལངས་དང་ཀེང་རུས། །མདུངས་སྐྱོན་ཤིང་དཔྱངས་མེས་ཚིག་ཤ་རུས་ཁྲག ཀླད་པ་ཐོར་དང་དུམ་བུས་ཁེབས་པ་དང་། །གྲུབ་པའི་རྫས་དང་ཡོ་བྱད་མཆོད་པའི་རྫས། །དུ་མས་ཡོངས་ཁེངས་སྒྲུབ་པོ་དང་གྲུབ་པ། །རིག་འཛིན་མཁའ་འགྲོ་དཔའ་རྣམས་རང་དམ་སྤྱོད། །འགའ་ནི་ཐོད་རྔ་སྒྲ་བཅས་དགའ་གར་རོལ། །དེ་དབུས་ཡཾ་ལས་རླུང་དཀྱིལ་དུ་བའི་མདོག །དེ་སྟེང་སྣ་ཚོགས་པདྨ་འདབ་སྟེང་ལྟེར། །རཾ་ལས་ཉི་སྟོང་ཨ་ཐུང་ཟླ་བ་ལ། །དྷཱིཿལས་རལ་གྲི་དྷཱིཿམཚན་ཡོངས་གྱུར་པ། །འཇམ་དབྱངས་གཞོན་ནུ་དམར་སེར་མཚན་དཔེ་རྫོགས། །རལ་གྲི་ཨུཏྤལ་ལ་གནས་པུསྟི་བསྣམས། །ཞི་སྒེག་རྒྱན་སྤྲས་ཐོར་གཙུག་ཟུར་ཕུད་ལྔ། །རྡོ་རྗེའི་གདན་དུ་བཞུགས་པའི་ཐུགས་ཀ་རུ། །ཨཱཿཡིག་གཉིས་པ་ལས་སྐྱེས་ཉེར་གནས་ཧཱུྃ། །འོད་ཀྱིས་དེ་བཞིན་གཤེགས་བྱང་ཁྲོ་ཡུམ་བཅས། །དྲངས་ཐིམ་འཇམ་དཔལ་ཟླ་བཅས་ཉི་མར་ཐིམ། །ཚ་ཟེར་འབར་པས་དཔག་ཚད་འབུམ་ཁྱབ་གྱུར། །དེ་ལས་འོད་འཕྲོས་རྒྱལ་གསུང་དབྱངས་གསལ་སྔགས། །རང་སྒྲ་བཅས་ཐིམ་ཧཱུྃ་མཐིང་འོད་ལྔ་འབར། །འོད་ཀྱི་སངས་རྒྱས་ཐུགས་ཡེ་ཕྱག་མཚན་ཚུལ། །དྲངས་ཐིམ་རྡོ་རྗེ་ནག་པོ་རྩེ་ལྔ་གདེང་། །གཤེགས་ཁྲོ་རྡོ་རྗེའི་སྤྲིན་འཕྲོས་སྡང་གདུག་བཅོམ། །འགྲོ་ཀུན་སངས་རྒྱས་སར་བཀོད་ཞིང་ཁམས་སྦྱངས། །སངས་རྒྱས་སྲས་བཅས་སྣང་སྲིད་ཁྲོ་བོའི་སྐུ། །མཐའ་དག་གཅིག་འདུས་བདག་ཉིད་བཅོམ་ལྡན་འདས། །འཇིག་རྟེན་གསུམ་རྒྱལ་རྡོ་རྗེ་འཇིགས་མཛད་ཆེ། །མུན་ལྟར་ཆེས་གནག་ངམ་ཟའི་སྐུ་རུ་གྱུར། །ཨོཾ་ཧྲཱིཿ་ཥྚིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཕཊ། ཞལ་དགུ་རྩ་ཞལ་མཐིང་ནག་མ་ཧེའི་གདོང་། །སྔོ་རྣོ་རྡོ་རྗེ་མེ་འབར་རྭས་ཕྱོགས་མནོན། །རྭའི་གཡས་ཞལ་གསུམ་སྔོ་དམར་སེར་ཆེས་ཁྲོས། །གཡོན་གསུམ་དཀར་དུད་ནག་པོ་མཆེ་གཙིགས་དཔའ། །རྭ་དབུས་བར་ཞལ་དམར་འཇིགས་སྲིན་པོའི་གདོང་། །ཞལ་ནས་ཁྲག་འཛག་ཧ་ཧ་ཕཻཾ་ཞེས་བཞད། །སྟེང་ཞལ་འཇམ་དཔལ་སྤྱན་གསུམ་འཛུམ་ཁྲོ་སེར། །ཟུར་ཕུད་ལྔ་ལྡན་བྱིས་པའི་རྒྱན་བཟང་སྤྲས། །ཁྲོ་ཞལ་ཐམས་ཅད་རྣམ་པར་འགྱུར་བའི་ཞལ། །དྲག་རྒོད་ཧཱུྃ་དང་ཕཊ་སྒྲ་གནམ་དུ་འབོད། །དགྲ་བགེགས་ཤ་དང་རྐང་ཚིལ་ཟས་སུ་ཟ། །ཁྲོ་གཉེར་རབ་བསྡུས་འབར་སྨིན་འཁྱོག་པོར་བཅུས། །དམར་ཟླུམ་སྤྱན་གསུམ་སྡང་མིག་བལྟ་ཞིང་བཟློག །སྐྲ་སེར་གྱེན་འབར་སྨིན་རྫི་སྨ་སྤུ་མེ། །འཇིགས་འདས་ལྷ་ཀུན་སྡིག་མཛུབ་ཀྱིས་སྡིག་བྱེད། །མི་བཤད་ཞལ་རྣམས་མཆེ་བཞི་ལྗགས་འདྲིལ་བ། །འཇིགས་རུང་འབྲུག་སྟོང་ལྟ་བུའི་འཚམས་རྔམ་སྒྲ། །གད་རྒྱངས་ཆེན་པོའི་བདུད་སྡེའི་སྙིང་འཕྲིག་འགས། །སྐུ་ལུས་ཆེ་རགས་ཡན་ལག་ཉིང་ལག་ཀུན། །སྦོམ་ཐུང་ཧྲག་འགྲང་ལང་ཚོ་ལ་བབ་པ། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རབ་རྒྱས་ལིངྒ་གྱེན་དུ་བསྒྲེངས། །རྩ་ཕྱག་ཐུགས་ཀར་འཕྱར་ཚུལ་གྱི། །རྡོ་རྗེ་གྲི་གུག་ཐོད་ཁྲག་འཛིན། །ལྷག་མ་སུམ་ཅུ་རྩ་གཉིས་ཕྱག །གཡས་རྣམས་འཕང་མདུང་གཏུན་ཤིང་དང་། །ཆུ་གྲི་རྩེ་གཅིག་སྟྭ་རེ་མདུང་། །མདའ་དང་ལྕགས་ཀྱུ་དབྱུག་ཁ་ཊྭཾ། །འཁོར་ལོ་རྡོ་རྗེ་རྩེ་ལྔ་པ། །ཐོ་བ་རལ་གྲི་ཏེའུ་ཆུང་འཛིན། །གཡོན་རྣམས་ཚངས་མགོ་ཕུབ་རྐང་པ། །ཞག་གཞུ་རྒྱུ་མ་དྲིལ་བུ་ལག །རོ་རས་སྐྱེས་བུ་གསལ་ཤིང་གཟེར། །མེ་ཐབས་བདུད་རྩིའི་བཀང་ཐོད་ཚལ། །སྡིག་མཛུབ་ཕན་རྩེ་གསུམ་རླུང་རས། །མཐའ་གཉིས་གླང་ལྤགས་ཁྲག་འཛག་གོན། །གྱད་སྟོབས་བརྐྱང་བསྐུམ་བཅུ་དྲུག་ཞབས། །སྲིད་གསུམ་གཡོ་འདར་གཡས་བརྒྱད་ཀྱི། །མི་དང་མ་ཧེ་གླང་བོང་བུ། །རྔ་མོང་ཁྱི་ལུག་ཝ་སྐྱེས་རྣམས། །གཡོན་རྒོད་འུག་པ་ཁྭ་ནེ་ཚོ། །བོང་ཁྲ་བྱ་ཆེན་སྐྱེག་བཞད་གནོན། །དེ་འོག་ཚངས་དབང་ཁྱབ་འཇུག་དྲག །ཚོགས་བདག་གདོང་དྲུག་ཉི་ཟླ་བསྐྱིད། །གཅེར་བུ་རུས་རྒྱན་ཁྲག་ཞལ་ཐལ་ཆེན་བྱུག །གཏུམ་ཆེན་འཇིགས་རུང་ཐོད་སྐམ་ལྔས་དབུ་བརྒྱན། །ཁྲག་ཞག་བརྒྱ་ཕྱེད་རྒྱུ་མར་ལྡན་དོ་ཤལ། །གདུག་པའི་ཀླུ་ཆེན་སྦྲུལ་ནག་མཆོད་ཕྱིར་ཐོགས། །སྤྲུལ་པའི་ཕོ་ཉ་ཕོ་མོ་དཔག་མེད་འཕྲོ། །འཇིགས་དུས་མེ་ལྟར་དྲག་འཁྲུག་མེ་ཀློང་བཞུགས། །སྲིད་གསུམ་གཙོས་ཀྱང་ལྟ་བར་མི་བཟོད་པའི། །ཤིན་ཏུ་རྨད་བྱུང་ཁྲོ་བོའི་སྐུ་རུ་གྱུར། །དེ་ཡི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་གཞོན་ནུ། །དེ་ཡི་ཐུགས་ཀར་ཏིང་འཛིན་སེམས་དཔའ་ཧཱུྃ་ནག་པོ། །མིག་ཏུ་ཀྵིཾ་དཀར་པོ་ས་ཡི་སྙིང་པོ། །རྣ་བར་ཛྲཾ་སྔོན་པོ་ཕྱག་ན་རྡོ་རྗེ། སྣ་ལ་ཁཾ་སེར་པོ་ནམ་མཁའི་སྙིང་བོ། ལྕེ་ལ་གམ་དམར་པོ་འཇིག་རྟེན་དབང་ཕྱུག །དཔྲལ་བར་ཀྃ་ལྗང་ཁུ་སྒྲིབ་པ་རྣམ་སེལ། །ལྟེ་བར་སྃ་དཀར་པོ་ཀུན་ཏུ་བཟང་པོ། །སྤྱི་བོར་ཨོཾ་དཀར་པོ་སྐུ་རྡོ་རྗེ། །མགྲིན་པར་ཨཱཿ་དམར་པོ་གསུང་རྡོ་རྗེ། །ཐུགས་ཀར་ཧཱུྃ་སྔོན་པོ་ཐུགས་རྡོ་རྗེ་རྣམས་སུ་གྱུར། །དེ་ལས་འཕྲོས་པའི་འོད་ཟེར་མཁའ་དབྱིངས་ཐམས་ཅད་དུ་སོན་པས་རང་བཞིན་གྱི་གནས་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མ་ཛཿ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏ་ན་ན་ཧཱུྃ་ཕཊ། ཨོཾ་བཛྲ་པུཥྤེ་ཨཱ་ཧཱུྃ། དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻ་ཝེ་ཏྱེ། ཞེས་སྦྱར་བས་མཆོད། ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཡ་མནྟ་ཀ་ཧཱུྃ་ཕཊ། དབང་གི་ལྷ་རིགས་ལྔ་བཛྲ་ས་མཱ་ཛཿ གོང་བཞིན་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥཱིཉྩ་ཧཱུྃ། སུ་ར་ཧ་སྟྭཾ་ཞེས་གསུང་ཞིང་དབང་བསྐུར་ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་སྦྱངས། རྡོ་རྗེ་ཁྲོ་བོའི་མཐུ་སྟོབས་དང་འཕྲིན་ལས་ཐམས་ཅད་དབང་བར་བྱས། ཆུའི་དང་མ་སྤྱི་བོར་འཁྱིལ་བ་ལས། མི་བསྐྱོད་པས་དབུ་བརྒྱན། ཛཿཧཱུྃ་བཾ་ཧོཿ རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་གནས་གསུམ་དུ་གཏུགས་ལ། ཧྲཱིཿཥྚི་ལན་གསུམ་བརྗོད། ཨོཾ་བཛྲ་བྷཻ་ར་ཝ་རཱུ་པ་བཛྲི་ཨཱ་ཧཱུྃཿ དེ་བཞིན་དུ། ཤཔྟ། གྷནྡྷེ། ར་ས། པཪྵ། ཨོཾ་བཛྲ་བྷཻ་ར་ཝ་དྷརྨ་དྷ་ཏུ་བཛྲི་ཨཱ་ཧཱུྃ། ཨོཾ་བཛྲ་ལཱ་སྱ་སོགས་གོང་བཞིན་དང་། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །དངོས་མེད་ནམ་མཁའ་ལྟ་བུ་ལ། །ལོངས་སྤྱོད་ཡུལ་དུ་དུ་མར་སྣང་། །ཤེལ་ལ་མཚོན་ནི་ཇི་བཞིན་དུ། །འདོད་ཡོན་ལྔ་དང་ཆོས་རྣམས་ལ། །རྣལ་འབྱོར་རྟག་ཏུ་སྤྱོད་པར་ཤོག །ཨ་ལ་ལ་ཧོ་རོལ་དུ་གསོལ། །བསྣམས་པར་མཛོད། མི་འཛིན་སྒྱུ་མ་ལྟ་བུ་མ། །དགེས་པའི་གར་གྱིས་རོལ་པར་མཛོད། །རེག་བྱ་གག་པ་མེད་པ་ལ། །མི་གཡོ་བཞིན་དུ་རོལ་དུ་གསོལ། །ཧོ། ཆགས་པ་མེད་པའི་ཆགས་པ་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ཛ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཱུྃ། ཧཱུྃ་དུར་ཁྲོད་རྒྱན་གྱིས་ལེགས་བརྒྱན་པའི། །ཞེ་སྡང་གཤིན་རྗེ་གཤེད་པོ་ནི། །སྤྲོས་མེད་ནམ་མཁའ་ལྟ་བུ་ལ། །ཐུགས་རྗེས་སྤྲུལ་པའི་སྐུར་བསྟན་པའི། །ཡེ་ཤེས་ཁྲོ་རྒྱལ་རབ་འཇིགས་པ། །དུད་ཁ་མུན་ཆེན་ཁྱོད་ལ་འདུད། །ཨོཾ་སརྦ་ཏ་ཐཱ་ག་ཏ་སྟུ་སྟི་བཛྲ་སྭ་བྷ་ཨཱཏྨ་ཀོ྅ཧཾ། འཁྱུད་རྒྱ་དང་བཅས་པས་བདེ་བ་སྒོམ་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ཎ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །ནང་མཆོད་འདུས་བྱས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲིཿ མང་དུ་བརྗོད་པས་བྱིན་གྱིས་བརླབས། གཡོན་མཐེབ་སྲིན་གྱིས་ལྕེ་ལ་བཞག་ཨོཾ་ཨཱཿཧཱུྃ་བརྗོད། ཨོཾ་སརྦ་ཏ་ཐ་ག་ཏ་ཨ་མྲྀ་ཏ་སྭཱ་ད་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་རྫས་དམིགས་བཅས་སྔགས་བཟླས་པར་བྱ་སྟེ། ཨོཾ་ཡ་མ་རཱ་ཛ་ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ། ཡ་ཀྵེ་ཡཙྪ་ནི་ར་མཱ་ཡ་ཧཱུྃ་ཕཊ། ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏ་ན་ན་ཧཱུྃ་ཕཊ། ཨོཾ་ཡ་མནྟ་ཀ་ཧཱུྃ་ཕཊ། མཐར་བདག་གི་ཐུགས་ཀའི་འོད་ཀྱིས་ཁམས་གསུམ་ཀུན། །གཞལ་ཡས་ལྷར་གྱུར་འོད་ཞུ་བསྲུང་འཁོར་ལ། །དེ་ཡང་གཞལ་ཡས་དེ་ཡང་རང་ཉིད་ཐིམ། །རང་གི་ཞལ་ཕྱག་རྩ་བའི་ཞལ་ཕྱག་ལ། །དེ་ཡང་འོད་གསལ་སྟོང་པའི་དབྱིངས་སུ་ཞུགས། །སླར་ཡང་རང་ཉིད་ཕྱག་གཉིས་སྐུ་རུ་ལྡང་། །དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། མིག་ཏུ་ཀྵེཾ། རྣ་བར་ཛྲེཾ། སྣ་ལ་ཁཾ། ལྕེ་ལ་གཾ དཔྲལ་བར་སྐཾ། ལྟེ་བར་སཾ་རྣམས་ཀྱིས་རྒྱས་བཏབ་པར་གྱུར་བརྗོད་ཅིང་བསམ་ལ་དགེ་བ་བསྔོ། གཏོར་མ་འབུལ་བར་འདོད་ན་ལག་ལེན་ལྟར་གཏོར་མ་བཤམས་ལ། བྱིན་རླབས་བསྡུ་ན། ནང་མཆོད་སྐབས་ལྟར་དང་། རྒྱས་པར་བསང་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། རཾ་ལས་མེ། ཀཾ་ལས་མི་མགོ་སྒྱིད་པུ་གསུམ་ལ་ཨ་ལས་ཐོད་པ། དེའི་ནང་དུ་གོ་ཀུ་ད་ཧ་ན་ལས་ཤ་ལྔའི་སྟེང་དུ་བི་ར་ཤུ་མུ་ལས་བདུད་རྩི་ལྔ་དང་། ཀྵེ་མ་ད་ཡ་ལས་ཡེ་ཤེས་ལྔ་རླུང་གཡོས་མེ་སྦར་རྫས་བཅུ་ཡི་གེ་དང་བཅས་ཞུ་བའི་སྤྲིས་མ་སྣ་ཚོགས་རྡོ་རྗེའི་ལྟེ་བར་མི་བསྐྱོད་པས་གཙོ་བྱས་པའི་རིགས་ལྔ་ཡབ་ཡུམ་སྙོམས་པར་འཇུག་བཞིན་པ་སངས་རྒྱས་ཐམས་ཅད་རིགས་ལྔའི་རྣམ་པས་རང་གི་ཞལ་དུ་ཞུགས། ཡུམ་གྱི་མཁར་བབ་པའི་རྐྱེན་གྱིས་བདེ་བ་ཆེན་པོའི་བདུད་རྩིར་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ མང་དུ་བརྗོད། རང་གི་མདུན་དུ་ཁམས་གསུམ་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་འཇིགས་མཛད་འཁོར་ལོའི་ཚོགས་མ་ལུས་པ་བཞུགས་པར་གྱུར། དེ་རྣམས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེ་འོད་ཟེར་གྱི་སྦུ་གུའི་གཏོར་མ་དྲངས་ཏེ་གསོལ་བར་གྱུར། སྔགས་གསུམ་ཀའི་སྙིང་པོའི་མཐར། སརྦ་བྷིགྷྣན་ན་ཤ་ཏྲུན་མཱ་ར་ཡ་ཨི་དམ་བྷ་ལིནྟ་ཁ་ཁ་ཁཱ་ཡི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ། ཨོཾ་བཛྲ་ལཱ་སྱ་ཧཱུྃ་སོགས་ཀྱིས་མཆོད་པའི་སྙིང་པོའི་མཐའ་འབྲུ་གསུམ་བཏགས་ལ་ནང་མཆོད་ཕུལ། གཟུགས་སྒྲ་ལ་སོགས་དྲུག་པོ་ནི། །ཞེས་པ་ནས། དུད་ཁ་མུན་ཆེན་ཁྱོད་ལ་འདུད། །གཤིན་རྗེ་གཤེད་པོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །ཞེས་པའི་བར་གྱི་འདོད་དོན་གསོལ་བ་བཏབ། གཏོར་མ་གཉིས་པ་འཇིག་རྟེན་ལས་འདས་པའི་ཆོས་སྐྱོངས་རྣམས་ལ་འབུལ། གསུམ་པ་ཕྱོགས་སྐྱོངས་རྣམས་ལ་ཕུལ་ཏེ་རང་གི་སྙིང་ཁ་ནས་འཕྲོས་པའི་འོད་ཟེར་གྱི་རྩེ་མོ་ལས་ཁྲོ་བོ་ལྕགས་ཀྱུ་ཞགས་པ་ཐོག་པ་དཔག་ཏུ་མེད་པ་སྤྲོས་ཏེ་ཕྱོགས་སྐྱོངས་ཐམས་ཅད་བཀུག་པར་གྱུར། ཡི་གེ་བཅུ་པའི་མཐར། སརྦ་བྷིགྷྣན་ན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཧཱུྃ་ཕཊ། ལན་བདུན་གྱིས་ཕུལ། ཧཱུྃ་ད་ཤ་དི་ཀ་ཨི་དཾ་སརྦ་དུཥྚཾ་ཨཱ་ཀཪྵ་ཡ་ཛཿ ཕྱོགས་བཅུར་འཁོད་པ་ནི། བརྒྱ་བྱིན་སོགས་མཚམས་བརྒྱད་དང་། དབུས་ཀྱི་གཡས་སུ་ཚངས་པ། གཡོན་དུ་ས་ཡི་ལྷ་མོ་རྣམས་རང་རང་འཁོར་ཚོགས་དཔག་མེད་ཀྱིས་བསྐོར་ཏེ་བཞུགས་པར་གྱུར། སླར་ཡང་རང་གི་སྙིང་ཁ་ནས་ཁྲོ་བོ་ཕུར་བུ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། དེ་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། ཡི་གེ་བཅུ་པའི་མཐར། ཨོཾ་ད་ཤ་དི་ཀ་ཨ་དཱི་ནི་སརྦ་དུཥྚཾ་བཛྲ་ཀཱི་ལ་ཡ་ཧཱུྃ་ཕཊ། གྲུབ་པའི་དངུལ་ཆུའི་བཅུད་ཀྱིས་རེག་པ་ནས། ཁམས་རྣམས་གསེར་དུ་གྱུར་པ་ཇི་ལྟ་བར། །རྡོ་རྗེ་ཕུར་བུའི་རེག་པ་ཙམ་གྱིས་ཀྱང་། །ཕྱོགས་སྐྱོངས་འཁོར་བཅས་གཤིན་རྗེ་གཤེད་དུ་གྱུར། ཐམས་ཅད་ཀྱང་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་པ་གྲི་གུག་དང་ཐོད་པ་འཛིན་པ། མ་ཧཱེའི་གདོང་པ་ཅན་གཅེར་བུ་ལིངྒ་གྱེན་དུ་སྒྲེངས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། རང་རང་གི་བཞོན་པའི་སྟེང་དུ་གཡོན་བསྐྱངས་ཀྱིས་བཞུགས་པའོ། །དེ་ཐམས་ཅད་ཀྱི་མིག་ཏུ་ཀྵེཾ་ནས་རྒྱས་བཏབ་པར་གྱུར་གྱི་བར་གོང་ལྟར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། དབང་གི་ལྷ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པ་ནས་ཆུའི་དངས་མ་སྤྱི་བོར་འཁྱིལ་པ་ལས་མི་བསྐྱོད་པས་དབུ་བརྒྱན་ཛ་ཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཨིནྡྲ་ཡ་ཧྲིཿ ཡ་མ་ཡ་ཥྚིཿ ཝ་རུ་ཎ་ཡ་ཝི། ཀུ་བེ་ར་ཡ་ཀྲི། ཨི་ཤྭ་ན་ཡ་ཏ། ཨགྣ་ཡེ་ཨ། ནི་ཏྱེ་ན། ཝ་ཡ་ཝེ་ན། བྲཧྣ་ཡེ་ཧཱུྃ། བ་སུན་དྷ་ར་ཎ་ཡེ་ཕཊ། སརྦ་བྷུ་ཏེ་བྷྱོཿཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕེཾ་ཕེཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་མམ་བཞི་ལ་སོགས་པ་གང་རིགས་ཀྱིས་ཕུལ་ལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝ་ར་བྷྱཿ ཞེས་སྦྱར། ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། ཧྲཱིཿཥྚི་མཐར་འབྲུ་གསུམ་བཏགས་ལ་ནང་མཆོད་འབུལ། བདུད་བཞི་པོ་ནི་རྣམ་པར་འཇོམས། །དཔའ་བོ་འདུལ་དཀའ་འདུལ་མཛད་པ། །གཤིན་རྗེ་མཐར་བྱེད་ཕྱག་འཚལ་ཞིང་། །ཕྱོགས་སྐྱོང་འཁོར་དང་བཅས་ལ་འདུད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་འཕྲིན་ལས་བཅོལ། བཞི་པ་གཤིན་རྗེ་ཆོས་རྒྱལ་ལ་འབུལ་ཏེ། མདུན་དུ་ཡ་ལས་ཆོས་ཀྱི་རྒྱལ་པོ་མཐིང་ནག་རབ་ཏུ་ཁྲོས་པའི་ཆ་བྱད་རྫོགས་པ་ཐོད་དབྱུག་དང་ཞགས་པ་ཐོགས་པ་གཅེར་བུ་ལིངྒ་བསྒྲེང་ཞིང་གཡས་བསྐུམ་གཡོན་བརྐྱངས་མ་ཧེ་ལ་གནས་པའི་གཡོན་དུ་ཙམ་ལས་མུཎྜི་ནག་མོ་ཁྲོས་པའི་ཆ་བྱད་ཅན་ཏྲི་ཤུལ་དང་ཐོད་པ་འཛིན་པ། ཡབ་ཡུམ་གཉིས་ཀྱི་སྤྱི་བོར་ཨོཾ་ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་ལྷོ་ཕྱོགས་ས་འོག་ནས་ཆོས་རྒྱལ་ཡབ་ཡུམ་སྤྱན་དྲངས་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ དབང་གི་ལྷ་གཤིན་རྗེ་གཤེད་རྒྱལ་བ་རིགས་ལྔ་འཁོར་བཅས་བཛྲ་ས་མཱ་ཛཿ པུཥྤེ་ནས་ཤཔྟའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཿབྷི་ཥིཉྩ་ཏུ་མཾ། ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་བུམ་ཆུས་བསྐུར། སྐུ་གང་ཉེས་སྐྱོན་དག ཡབ་ཡུམ་གཉིས་ཀྱི་སྤྱི་བོར་རྡོ་རྗེ་ནག་པོ་རྩེ་ལྔ་པ་རེས་དབུ་བརྒྱན། ཡི་གེ་བཅུ་པའི་མཐར་ཀཱ་ལ་རུ་པ་སཱ་མཱ་སྟཱཾ་ཞེས་དབྱུག་པའི་ཕྱག་རྒྱས་དམ་པ་བཞག ཨོཾ་ཀཱ་ལ་རུ་པ་སརྦ་བྷིགྷྣན་ཤ་ཏྲུན་མཱ་ར་ཡ་ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲཱིཿཙ་མུཎྜ་སརྦ་སོགས་སྦྱར་ཏེ་ལན་གསུམ་མམ་བདུན་གྱིས་ཕུལ། བཛྲ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་འབུལ། །འཆི་བདག་དམ་ཅན་གཤིན་རྗེ་ནི། །འཇམ་པའི་དབྱངས་ཀྱི་ཕྱག་བརྙན་དེ། །མ་གཤིན་འབྱུང་པོའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །གཤིན་རྗེའི་རྒྱལ་པོ་འཁོར་བཅས་རྣམས། །མཆོད་སྦྱིན་ཞེས་སོགས་འཕྲིན་ལས་བཅོལ། །སླར་ཡང་འཇིག་རྟེན་འདས་པ་དང་། །འཇིག་རྟེན་པ་ཐམས་ཅད་ལ་དམིགས་མཆོད་པ་བསྡུས་པ་ཞིག་བྱས་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ལྷ་ཚོགས་རྣམས་དང་འཇིག་རྟེན་དང་འཇིག་ལས་འདས་པའི་དམ་ཅན་བསྲུང་མའི་ཚོགས་རྣམས་ཀྱིས་བདག་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བ་དང་། དེའི་སྡོང་གྲོགས་མཛད་ཅིང་བར་ཆད་ཐམས་ཅད་བསྲུང་བ་དང་ཡིད་ལ་བསམ་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ། ཞེས་དངོས་གྲུབ་བླང་། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་ཞེས་སོགས་ཀྱི་བཟོད་པར་གསོལ། ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གསོལ་བ་བཏབ། ཨོཾ་བཛྲ་བྷཻ་ར་ཝ་ས་པ་རི་ཝ་ར་བཛྲ་ཡུཿ ཨོཾ་ཀ་ལ་རུ་པ་ས་པ་རི་ཝ་ར་གཙྪ། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །བགེགས་དང་ལོག་པར་འདྲེན་པ་རྣམས། །བདུག་པ་འདུལ་ཕྱིར་དཔའ་བོ་ནི། །ཤིན་ཏུ་གཏུམ་པའི་ཁྲོ་གཟུགས་ཀྱིས། །མ་རུང་པ་རྣམས་ཚར་གཅོད་ཤོག། །གཞན་ཡང་སྨོན་ལམ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་མང་དུ་བརྗོད་དོ། །

ཞེས་པ་འདི་ནི་འཕགས་མཆོག་ཕྱག་ན་པདྨའི་སྒྱུ་འཕྲུལ་འགོག་པ་མེད་པའི་རང་གཟུགས་འགྲོ་བའི་མགོན་པོ་དཔལ་ལྡན་འབྲུག་པ་སྤྲུལ་པའི་སྐུ་རིན་པོ་ཆེ་ཀུན་མཁྱེན་རྒྱལ་བ་བཀའ་བརྒྱུད་ཕྲིན་ལས་ཤིང་རྟ་མཆོག་གི་ཞལ་སྔ་ནས་ཀྱི་བཀའ་ཡིས་བསྐུལ་བ་ལ་བརྟེན། དཔལ་ཆེན་པོ་རྗེ་བཙུན་ར་ལོ་སྔ་ཕྱིས་མཛད་པའི་སྒྲུབ་ཐབས་ཇི་བཞིན་པར་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཁྲོ་བོ་ཤིང་གླང་ནག་ཟླའི་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་སུ་རྐོང་ཡུལ་མཐིལ་རང་བྱུང་འཕགས་པའི་གཙུག་ལག་ཁང་དང་ཉེ་བ་འབྲུག་ཆོས་ལྡིང་དུ་བཀོད་པ་དགེའོ། །སརྦ་མངྒ་ལཾ་བྷ་ཝནྟུ།


previousའཇམ་དཔལ་རྡོ་རྗེ་འཇིགས་མཛད་སྙིང་པོ་རྒྱུན་གྱི་རྣལ་འབྱོར་ཡིད་བཞིན་མཆོག་སྦྱིན། next