Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ། next

ངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ།

༄༅། །ངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ་བཞུགས་སོ། །

༈ ཧཱུྃ་བྷྱོཿ མི་མཇེད་འཛམ་གླིང་བྱང་ཕྱོགས་གངས་ཅན་བོད། །མདོ་ཁམས་སྒང་ཆེན་གསུམ་གྱིས་བསྐོར་བའི་ཁྱུད། །གསེར་གྱི་འདྲེན་པའི་ཆུ་ཀླུང་དལ་འབེབས་ངོགས། །རང་བྱུང་པདྨའི་སྦས་གནས་བཀྲ་ཤིས་ལྗོངས། །རེ་ཁེ་དམ་པ་ཆོས་ཀྱིས་ཕྱུག་པའི་ས། །རྩུབ་འགྱུར་དྲག་རྩལ་ལྡན་པ་ཡུལ་གྱི་ལྷ། །དུ་མ་གནས་པའི་དབུས་ན་རི་ཡི་དབང་། །བདེ་ཆེན་རྟག་ཆད་སྤེན་ནེ་རི་བཀྲ་ཞེས། །སྭ་མ་སྟེའུ་སོ་ལྷུན་པོ་ཟུར་བཞི་བརྗིད། །རྩེ་མོའི་དབལ་པོ་ཚངས་པའི་གཡུལ་སར་སྙེགས། །དབལ་ཁྲ་ནུབ་བསྟན་ཕ་རོལ་དམག་ཚོགས་གཞོམ། །ངོས་སུ་ལྷ་ལས་བབས་པའི་རྒྱན་གྱིས་བཀྲ། །ཆུ་འཛིན་དབང་པོའི་གཞུ་ཡི་རབ་ཏུ་གཏིབས། །སྤྲིན་གྱི་མྱུ་གུ་དུང་གི་ཁུ་འཕང་འགྲིལ། །བྱ་གཅན་གསུང་སྒྲོགས་དབྱར་གྱི་རྔ་སྒྲ་འདིར། །རྐང་དྲུག་རི་དྭགས་སྨན་གྱི་གླུ་སྙན་ལེན། །ངོགས་སུ་གཡའ་སྤང་བྲག་མཚོན་ནག་ཁྲིག་ཚལ། །བྱ་གཅན་རི་གཡུ་འབུ་སྲིན་རྩེ་བྲོ་ཁྲབ། །འདབ་ལྡན་ཡིད་དགའ་སྟོན་སྐྱེས་རབ་ཏུ་གཡུར། །མཁའ་དབྱིངས་ལྡིང་ཁྱིམ་ཉི་ཟླའི་ཐིག་ལེ་མཚར། །སྐོལ་ཆེན་སྤྱི་པ་ལྷ་ཡི་སྐྱེད་མོས་ཚལ། །གདུག་པའི་གནོད་སྦྱིན་མང་པོ་འདུ་བའི་ཡུལ། །འབྲི་གཉན་སྡོ་དུ་དྲག་ཤུལ་ཆེ་བའི་རི། །བག་གྲོ་བྱིན་ཆགས་སྐྱི་ཟ་རྔམས་པ་ཆེ། །རི་ཕྲན་རྩེ་མོ་ཆུ་ཡི་འབེབས་པའི་ཕུ། །གྷུ་རུའི་བྱིན་རླབས་རྨད་དུ་བྱུང་བའི་གནས། །དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕོ་བྲང་སྟེ། །ལྷ་སྲིན་སྡེ་བརྒྱད་སྤྲིན་ལྟར་འཁྲིགས་པའི་ལྗོངས། །ཞིང་སྐྱོང་མཁའ་འགྲོ་མང་པོ་བཏགས་ཆགས་གྲོགས། །མཁའ་སྤྱོད་གྲུབ་ཐོབ་འགའ་ཡང་རབ་བཞུགས་པ། །ཟབ་མོའི་གཏེར་མཆོག་མང་དུ་མཆིས་པའི་སྒྲོམ། །ངོ་མཚར་དུ་མས་སྤྲས་པའི་རི་བོ་དེ། །ལྷ་ཆེན་དཔལ་འབར་བཞུགས་པའི་གནས་མཆོག་སྟེ། །སྐུ་མཁར་རིན་ཆེན་ཕ་ལམ་ལས་གྲུབ་ནང་། །སྤྲིན་དཀར་འཇའ་ཚོན་སྣ་ལྔའི་གུར་དཀྲིགས་དཀྱིལ། །ཚངས་སྲས་གཞོན་ནུའི་གཞལ་ཡས་དེ་དབུས་སུ། །མཐུ་ལྡན་ཞིང་སྐྱོང་དགྲ་ལྷ་དཀར་པོ་ཆེ། །གསང་མཚན་དཔའ་བརྟན་རྡོ་རྗེ་འགྱུར་མེད་རྩལ། །རྡུལ་དཀར་དམར་རིངས་མདངས་ཀྱིས་བརྒྱན་འདྲའི་སྐུ། །ཚངས་སྲས་གཞོན་ནུ་སྒེག་པའི་ཚུལ་འཆང་བ། །ལྷ་ཡི་རྒྱལ་པོ་རྒྱ་འདྲེ་འབྱུང་པོའི་དགྲ། །བགེགས་ཆེན་ཚུལ་སྣང་ཡུལ་པའི་དབང་པོ་ཆེ། །བརྗིད་པའི་སྐུ་ལ་མཛེས་པའི་ཉམས་ཁྱུགས་པ། །དཔལ་འབར་དཔའ་བོ་དེ་ཡི་ཆ་ལུགས་ནི། །སུནྡའི་ཞལ་ལ་བ་སངས་མདངས་འཚེར་སྤྱན། །པདྨའི་ཞལ་སྒོ་མུ་ཏིག་འཕྲེང་འདྲའི་ཚེམས། །ལྷུན་སྡུག་ཟླ་རང་ལ་འདྲེན་དར་དཀར་གྱི། །ཐོད་དང་འཇོལ་བེར་གསེར་ཧ་གཡུ་གཡུང་བཀྲགས། །གཙུག་ན་ནོར་བུ་མེ་འབར་དགོས་འདོད་སྤེལ། །སྤུ་གྲིའི་རྒོད་འཕྲུ་རྩེ་ལྡེམ་ཟླ་བྲལ་ཆེ། །དར་སྣའི་ཅོད་པད་གངས་རིའི་སྤྲིན་ལྟར་འཁྲིགས། །སྙན་འགུལ་ཕྱག་ཞབས་རིན་ཆེན་རྒྱན་འཐུག་འཁྲོལ། །དབང་དྲག་རྡོ་རྗེ་རྩེ་ལྔ་མགུལ་དུ་འཆང་། །སྲ་བརྟན་མཆོང་གི་རྒྱ་བྱིའུ་སྐུ་ལ་བསྟར། །ཤེལ་གྱི་མགུལ་གབ་དཔའ་རྔམས་སྟག་ཤམས་དཀྲིས། །དར་ལྗང་ནོར་བུའི་མཆིལ་ལྷམ་ཞབས་སུ་བཞེས། །ཕྱག་གཡས་ཕུར་པ་དར་སྣའི་ཅོད་པཎ་ཅན། །ཀླད་ལ་བསྐོར་ཅིང་རྒྱ་འདྲེ་འབྱུང་པོ་འདུལ། །གཡོན་ན་མཆོང་མདུང་བཻཌཱུར་དཔལ་འབར་ལ། །རུ་མཚོན་དཀར་རྒྱན་ལྷ་གཉན་དམག་དཔོན་མཛད། །ཆིབས་རྟ་ངང་སེར་རླུང་གི་གཤོག་ལྡིང་ཅན། །སྤྱི་གཙུག་ནོར་བུ་ཡན་ལག་འབྲུག་པ་འབར། །རྔོག་རྔར་ལྷོ་སྤྲིན་བུ་གར་ནད་རླངས་འཐུལ། །ཁ་སྣ་མཚོན་ཆས་གང་ཞིང་ཐོག་སེར་འབེབས། །སྤུ་ལ་མེ་སྐར་བུ་ཡུག་གྲོགས་སུ་འགྲོགས། །ཟེ་རྔའི་གསེབ་ནས་སྦལ་སྦྲུལ་མང་པོ་སྤྲུལ། །རྨིག་བཞི་ལྕགས་བྱས་རླུང་གི་འཁོར་ལོས་བརྒྱན། །མགྱོགས་རྩལ་ཉམས་ལྡན་དགྲ་ལ་སྨྱོ་འབོག་གཏོང་། །དར་སྟན་འཇའ་ཚོན་སྣ་ལྔའི་ལྕུག་ཕྲན་ལ། །གསེར་སྒ་མུ་ཏིག་སྔོ་དམར་ཕྲ་གཟེར་ཅན། །ཤེལ་ཡོབ་རིན་ཆེན་གོང་རྨེད་གློ་ནན་སྦྲུལ། །བྱས་ཞོན་སྟོང་ཁམས་ཡུད་བསྐོར་འབྱུང་ཁྲོ་བརྫི། །སྟག་གདོང་གཡས་བྱས་དགྲ་ལྷ་སེར་ལྟར་འགྲིམ། །གཟིག་ཤུབ་གཡོན་བཀྲ་ཝེར་མ་གློག་ལྟར་འཚུབ། །སྤྲུལ་པའི་ཕོ་ཉ་མང་པོ་སྤྲིན་ལྟར་གཏིབས། །རང་གཟུགས་སེང་དཀར་ང་རོ་འབྲུག་ལྟར་ལྡིར། །མཛའ་གྲོགས་མཚོ་སྨན་ཕྱུག་མོ་འོད་ལྡན་མ། །སྲས་མཆོག་དཔའ་བོ་ཆེན་པོ་སངས་རྒྱས་སྐྱབས། །ཞང་བློན་ལྷ་བཙན་དཀར་པོ་བུ་མོ་ལྗང་། །མདུན་འདོད་ཝ་ཏི་རྒྱལ་བ་དགེ་བསྙེན་དཀར། །ཕྱག་གཉན་ལྭ་ཡི་དབང་ཞུ་ཀླུ་བཙན་དམར། །དཔུང་ཟླ་ཅི་རང་སེང་ཁྲོམ་དྲག་ཤུལ་གཉན། །བཀའ་འཁོར་ལྷ་གཉན་ཀླུ་སྨན་བཙན་བདུད་གཏོང་། །བསམ་གྱིས་མི་ཁྱབ་བྲན་གཡོག་དུ་མས་བསྐོར། །ཁྱེད་སྔོན་བཅོམ་ལྡན་ཤཀ་ཐུབ་ཕྱག་རྡོར་ཆེ། །འཕགས་མཆོག་རྒྱལ་པོ་སྲོང་བཙན་སྒམ་པོ་དང་། །ཁྱད་པར་སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་སྲོག་སྙིང་མདངས་གསོལ་ཕུལ་ནས་ཀྱང་། །དམ་བཞག་ཕུར་པའི་དལ་དུ་དབང་བསྐུར་ནས། །མིང་བཏགས་བྲོ་བོར་ཟབ་གཏེར་བསྲུང་མར་བཀོད། །སངས་རྒྱས་བསྟན་པ་སྐྱོང་བར་ཁས་བླངས་བཞིན། །དམ་བཅའ་གཉན་པོའི་ཚུལ་ལས་མ་འདའ་བར། །རྣལ་འབྱོར་བདག་གི་གྲོགས་དང་མཆོད་སྦྱིན་སླད། །སྟོང་ཁམས་འཇིག་རྟེན་གང་དུ་བཞུགས་ཀྱང་རུང་། །མངོན་ཤེས་མཐུ་སྟོབས་རྫུ་འཕྲུལ་ཤུགས་ཀྱིས་ནི། །སྤྱན་འདྲེན་གནས་འདིར་སྐད་ཅིག་ཡུད་ཙམ་གྱིས། །འབྲི་གཉེན་སྤེན་ནེ་རྒྱལ་བཙུན་སྲས་བློན་འབངས། །མ་ཐོགས་མྱུར་བ་ཉིད་དུ་བྱོན་ནས་ཀྱང་། །སྣ་ཚོགས་པདྨ་རིན་ཆེན་སྤུངས་པའི་ཁྲིར། །དགྱེས་ཤིང་བརྩེ་བའི་ཚུལ་གྱིས་བཞུགས་སུ་གསོལ། །དངོས་དང་ཡིད་ལས་སྐྱེས་གྱུར་མཆོད་པའི་སྤྲིན། །བསམ་གྱིས་མི་ཁྱབ་ཀུན་བཟང་བཀོད་པའི་བརྒྱན། །སྣ་ཚོགས་འཐུག་པོར་སྤེལ་པའི་རྫས་ཆེན་པོ། །རྣམ་པར་སྤྲུལ་པའི་མཆོད་སྦྱིན་འབུལ་གྱིས་བཞེས། །རྩི་ཤིང་དྲི་བསུང་ཕྱེ་མར་བ་ལིནྟ། །བྱ་གཅན་རི་གཡུང་གཟུགས་འགྲོས་དར་ཟབ་རས། །དཀར་མངར་ཀླུ་སྨན་རིན་ཆེན་སྤྱན་གཟིགས་སོགས། །ཕྱི་མཆོད་འབུལ་གྱི་དགྱེས་པའི་ཚུལ་གྱིས་བཞེས། །ཟན་གཡུ་གསེར་སྐྱེམས་ཆང་རྒོད་བདུད་རྩིའི་སྨན། །སྟག་རས་གཟིག་རས་མདུང་དར་གོ་མཚོན་བཟང་། །སྦ་སྨྱུག་ཐང་དཀར་ཤུགས་རྒོད་འཕྱར་དར་སོགས། །ནང་མཆོད་འབུལ་གྱིས་ཕྲིན་ལས་སྒྲུབ་ཕྱིར་བཞེས། །ཤ་ཚིལ་རུས་པའི་ཚོགས་ཆེན་རཀྟ་ཆེ། །ཉམས་པའི་གཟུགས་ལིང་བསྒྲལ་བའི་བདུད་རྩི་ལྔ། །བསྟན་འཚེའི་སྲོག་དབུགས་བླ་སྲོག་མདངས་ལ་སོགས། །གསང་མཆོད་འབུལ་གྱིས་བསྟན་པ་བསྲུང་ཕྱིར་བཞེས། །ཁྱད་པར་སྣང་སྲིད་ཀྱིས་བསྡུས་ཆོས་རྣམས་ཀུན། །གཞན་དུ་མ་ཡེངས་རང་རིག་གཤིས་ཀྱི་མདངས། །ལྷན་སྐྱེས་ཡེ་ཤེས་བདེ་བ་ཆེན་པོའི་དབྱིངས། །དབྱེར་མེད་རོལ་པའི་མཆོད་པ་འབུལ་དགྱེས་མཛོད། །དེ་ལྟར་སྤེན་ནེ་རི་བཀྲའི་གནས་ཀྱི་བདག །མཐུ་ཆེན་སྟྭ་མ་སྟེས་པོ་གཉན་གྱི་རྗེ། །ཕག་གདོང་གནས་རིའི་རྔོག་མར་རྟག་ཆགས་ཤིང་། །ཞིང་སྐྱོངས་དཔའ་བོ་དྲེགས་པའི་ཚུལ་འཆང་བ། །དྲག་ཤུལ་དགེ་བསྙེན་རྡོ་རྗེ་འགྱུར་མེད་རྩལ། །བཙུན་སྲས་བློན་འབངས་འཁོར་དང་བཅས་པ་ལ། །འཇེབས་ཤིང་སྙན་པའི་ཚིག་གིས་རབ་བསྟོད་ཅིང་། །དགྱེས་མཛེས་རྣམ་པར་དགྱེས་པའི་མཆོད་འབུལ་ནས། །པདྨའི་ཟབ་གཏེར་ཕྱི་ཡི་གཉེར་འཛིན་པ། །ཁྱོད་ལ་བདག་གི་འཕྲིན་ལས་བཅོལ་བའི་ལས། །གསང་སྔགས་བསྟན་འཛིན་དམ་ལྡན་རྣལ་འབྱོར་པ། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །མི་མཐུན་གློ་བུར་ཡེ་འགྲོགས་དགྲ་གདོན་བགེགས། །མི་ནད་ནོར་ནད་ཉེར་འཚེ་མི་འབྱུང་ཞིང་། །མཐའ་དམག་ས་གཡོས་མེ་ཆུ་མཚོན་བསྐལ་ཉམས། །འགལ་རྐྱེན་འཇིགས་ཚོགས་མཐའ་དག་མེད་པ་དང་། །ཚེ་བསོད་ཟས་ནོར་མངའ་ཐང་གཟི་བརྗིད་བཀྲག །དཔལ་འབྱོར་རིགས་ཆོས་རྒྱུད་འཛིན་རབ་རྒྱས་བརྟན། །ཆར་ཆུ་དུས་འབེབས་ལོ་ལེགས་རྩི་འབྲུ་སྨན། །བཀྲ་ཤིས་ལེགས་ཚོགས་ཡོན་ཏན་ཀུན་འཕེལ་ཞིང་། །སྙན་གྲགས་རབ་སྐྱེད་ལྷ་འདྲེ་མི་ཆེ་བཙུན། །འདོད་དོན་ལོངས་སྤྱོད་མ་ལུས་སྙིང་སྒུལ་བསྡུས། །མཐའ་མི་ཧོར་སོགས་དམག་ཚོགས་གྱུར་པ་ཀུན། །དཔའ་ཀོང་ཟིལ་གྱིས་ནོན་ལ་བདག་དབང་གིས། །གསང་སྔགས་དོན་གྱི་བསྟན་པ་ལ་སྨོད་ཅིང་། །མཐའ་དམག་རྒྱ་འདྲེ་འབྱུང་པོ་དམ་སྲིའི་རིགས། །འགོང་པོ་མ་རུང་ལོག་པའི་ཚེ་སྲོག་སྟོབས། །ཧུར་ཐུམ་ཐལ་བའི་རྡུལ་དུ་བརླག་པར་མཛོད། །ཧཱུྃ་བྷྱོཿ ཁྱད་པར་རིག་འཛིན་པདྨ་ཐོད་འཕྲེང་གིས། །བསྟན་པའི་ངོ་བོ་གསང་ཆེན་རྙིང་མ་ཡི། །བསྟན་པ་འགྲིབ་མེད་དར་རྒྱས་ཡུན་རིང་གནས། །སྦས་ཡུལ་ཀུན་དུ་ནུབ་མེད་རབ་འཕེལ་ཞིང་། །ཡུལ་ཁམས་བདེ་ལེགས་བཀྲ་ཤིས་ཕུན་སུམ་ཚོགས། །དམ་ལྡན་སྐྱེས་བུའི་ཆབ་སྲིད་དཔལ་དུ་འབར། །གདུལ་བྱ་འབྲི་མེད་འཛམ་གླིང་ཡོངས་ཁྱབ་ཅིང་། །འདོད་དོན་ལྷུན་གྲུབ་དཔྱིད་དུ་རྒྱས་པར་ཤོག །

ཅེས་བོད་ཆེན་པོར་རྟག་ཆགས་ཤིང་སྦས་ཡུལ་ལྗང་གི་གཉེར་འཛིན་ཅིང་ཨོ་རྒྱན་པདྨས་ཟབ་གཏེར་ཉེར་ལྔ་ཡི་བསྲུང་མར་བཀོད་པའི་དགེ་བསྙེན་སྤེན་ནེ་རི་བཀྲའི་གསོལ་མཆོད་དུ་རིག་འཛིན་པདྨ་དབང་རྒྱལ་གྱིས་ཁོ་བོས་འཆར་སྣང་དང་བསྟུན་ནས་མཛད་པ་ལས་བསྡུས་ཏེ་གནས་སོ་ཆེན་པོ་ཉིད་རང་ལ་གུས་འཕྲིན་སྒྲུབ་པའི་ལྟས་འགའ་ཤར་བས་བསྐུལ་ནས་ཤོ་ལོ་ཀ་སོ་དགུ་པོ་འདི་ཚེ་དབང་ནོར་བུ་ཀརྨ་བསྟན་པ་མཐར་རྒྱས་ཀྱིས་ཆུ་སྟག་ཕག་ཟླའི་ཚེས་བཅུར་ཡུལ་གླེ་ནང་དུ་སྦྱར་བའི་ཡིག་རིས་རང་གི་བགྱིས་པའི་བཀྲ་ཤིས་པར་གྱུར་ཅིག ཧེ་ཧེ་མངྒ་ལཾ།


previousངོ་མཚར་དཔལ་གྱི་རི་བོ་འབྲི་གཉན་སྤེན་ནེ་རི་བཀྲའི་གནས་བདག་དགྲ་ལྷ་ཆེན་པོའི་མཆོད་བསྟོད་མདོར་དྲིལ་འདོད་དོན་ལྷུན་གྲུབ་དཔག་བསམ་ལྗོན་པ། next