Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ། next

བྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ།

༄༅། །བྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ་ཞེས་བྱ་བ་བཞུགས་སོ། །

༈ བཛྲ་མ་ཧཱ་གུ་རུ་རུ་ཏྲོ་པ་ཀྲ་མ་ན་མོ། པདྨ་ཐོད་འཕྲེང་རྩལ་གྱི་བཀའ་ཡི་དབང་། །མཐུ་ཆེན་དྲེགས་པ་བསམ་གྱིས་མི་ཁྱབ་པས། །རྨད་བྱུང་ཚང་གི་སྲོག་བདག་སྡེར་ཅན་གྱི། །མཆོད་གསོལ་ཕྲིན་ལས་ཁྱེར་བདེར་འདིར་སྤེལ་ལ། །ལྷ་དང་བླ་མ་མཁའ་འགྲོས་རྗེས་གནང་ཞིང་། །དམ་ཅན་བསྲུང་མའི་ཐུགས་དམ་དགྱེས་གྱུར་ཅིག །དེ་ལ་ཐོག་མར་གནས་གཙང་ཞིང་ཡིད་དུ་འོང་བར་བླ་མ་ཡི་དམ་ཆོས་སྐྱོང་ཆེན་པོའི་མཆོད་གཏོར་སྤྱན་གཟིགས་ཕྱག་ལེན་ལྟར་བཤམས་ལ། ཐོག་མར་དྲེགས་པ་ཟིལ་གནོན་ཕྱིར་རང་ཉིད་དྲག་པོའི་སྤྱི་བོར་གུ་རུ་ཞི་བ་བསྒོམས་ལ་ལས་བྱང་འཛབ་བཅས་གྲུབ་པར་བྱས་ནས་ཏིང་ངེ་འཛིན་དེ་ངང་གནས་བཞིན་མདུན་བསྐྱེད་ཀྱི་དང་པོ་བྱིན་དབབ་པ་ནི། ཧཱུྃ། དུས་གསུམ་རྒྱལ་བ་ཀུན་འདུས་ངོ་བོ་ཉིད། །ཐུགས་རྗེའི་བྱིན་རླབས་རྨད་བྱུང་ཨོ་རྒྱན་རྗེ། །ནམ་མཁའ་རང་བཞིན་པདྨ་ཐོད་འཕྲེང་རྩལ། །འདིར་གཤེགས་བྱིན་རླབས་དབང་དང་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧཱུྃ་ཧཱུྃཿ དེ་ནས་མཆོད་རྫས་རྣམས། སྭཱ་བྷཱ་ཝ་ཞེས་བརྗོད་པས་དངོས་པོར་འཛིན་པ་སྦྱངས་ཤིང་། རང་གི་ཐུགས་ཀའི་ས་བོན་ལས་རཾ་ཡཾ་ཁཾ་འཕྲོས་པས་མ་དག་པ་ཐམས་ཅད་བསྲེགས་གཏོར་བཀྲུས། བྷྲུཾ་ལས་གཏོར་སྣོད་ཆོས་ཀྱི་དབྱིངས་དང་མཉམ་པའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་གཏོར་མ་འདོད་དགུ་ཕུན་ཚོགས་འཛད་མེད་ནམ་མཁའི་མཛོད་ཆེན་པོ་བསྲུང་མའི་ཐུགས་དམ་བསྐང་ཚིམ་ནུས་པ་ལྡན་པར་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་དང་། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿཞེས་པས་བྱིན་གྱིས་བརླབས་སོ། །དེ་ནས་ཆོས་སྐྱོངས་འཁོར་བཅས་བསྐྱེད་པ་ནི། ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་དང་རང་མདུན་དབུས་དང་ཕྱོགས་བཞི་རུ། །བྷྲུཾ་ལས་རིན་ཆེན་མཆོང་དུང་གསེར་བྱུར་གཡུ། །གཞལ་ཡས་ལྷུན་མཛེས་བརྗིད་ལྡན་ཡངས་རྒྱ་ཆེ། །འཇིགས་རུང་དུར་ཁྲོད་བཀོད་པས་ཡོངས་བརྒྱན་པའི། །ཕོ་བྲང་ཕྱོགས་དབུས་པད་ཉི་དགྲ་བགེགས་སྟེང་། །ཛཿཡིག་ལྔ་ལས་འོད་འཕྲོས་ཞིང་བཅུ་བསྒྲལ། །ཚུར་འདུས་དབུས་སུ་ཐུགས་ཀྱི་བརྒྱ་བྱིན་ཆེ། །མཐིང་ནག་མི་སྡུག་གར་དགུའི་ཉམས་བསྒྱུར་ཞིང་། །དར་ནག་འཇོལ་བེར་དོམ་སློག་སྐུ་ལ་གསོལ། །དབུ་ལ་དོམ་ལྤགས་པྲོག་ཞུ་རིན་ཆེན་བརྒྱན། །ཞགས་པ་སྤུ་གྲི་ཐོགས་ནས་གླང་ཆེན་ལ། །ཞོན་ཅིང་མོན་བུ་པུ་ཏྲས་ཆིབས་སྣ་ཁྲིད། །མེ་གློག་རོལ་ཁྲིད་ཐོག་སེར་ཕོ་ཉར་བཏང་། །བསྐལ་རླུང་དུད་སྤྲིན་ནག་པོ་འཁྲིག་དབུས་བཞུགས། །མདུན་དུ་གནོད་སྦྱིན་སྲོག་བདག་ཡང་ལེ་བེར། །དམར་ཁྲོས་མདུང་དམར་བཙན་ཞགས་དགྲ་ལ་འཕེན། །བསེ་ཁྲབ་རྨོག་གོན་རྟ་དམར་རླུང་ཤུགས་ཆིབས། །དམ་ཉམས་དགྲ་བོ་སྒྲོལ་བའི་ལས་ལ་བརྩོན། །གཙོ་གཡོན་ཡུམ་ཆེན་ཤནྟི་རོ་ཟན་དམར། །ཁྲག་ཞག་གིས་བྱུག་དར་གྱི་ཨང་རགས་གསོལ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་བྷནྡྷ་རུ། །ཙིཏྟ་འཛིན་ནས་གཡོ་བྱེད་འཚུབ་དབུགས་བཞུགས། །སྤྲུལ་པ་དགེ་བསྙེན་གཞོན་ནུ་དར་བེར་དམར། །ཤེལ་འཕྲེང་མགུལ་བརྒྱན་སྡིག་མཛུབ་ཟངས་གྲི་གདེངས། །བློན་པོ་སྲོག་བདག་བྱ་ར་བེར་སྨུག་གསོལ། །དར་ནག་རུ་མཚོན་འཕྱར་ནས་སེང་དཀར་ཞོན། །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་པུ་ཏྲ་ནག །ཤར་ཕྱོགས་སྐུ་ཡི་རྒྱལ་པོ་པུ་ཏྲ་ནག །མེན་ཏྲིའི་གོས་ནག་རྡོ་རྗེའི་ཐེབས་ཞྭ་གསོལ། །ཕྱག་གཡས་རྡོ་རྗེ་གཡོན་པ་གསེག་ཤིང་ཐོགས། །སེངྒེ་ལ་ཆིབས་དོམ་ནག་རོལ་དུ་ཁྲིད། །ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ་ཤིང་བྱ་མཐིང་། །སྟག་སྦྲུལ་གོས་དང་ཁྱུང་ཏོག་ཐེབས་ཞྭ་གསོལ། །ཕྱག་གཡས་དགྲ་སྟྭ་གཡོན་ན་བདུད་ཞགས་ཐོགས། །རྟ་ནག་རྟིང་དཀར་ལ་ཆིབས་གཡུ་འབྲུག་ཁྲིད། །ནུབ་ཏུ་གསུང་རྒྱལ་དགྲ་ལྷ་སྐྱེས་གཅིག་དམར། །དར་ནག་བེར་དང་ཁྲ་ཏོག་སྨྱུག་ཞྭ་གསོལ། །གཡས་གཡོན་སྦ་མཁར་ཙནྡན་བེང་ཆེན་ཐོགས། །དྲེལ་ནག་རྐང་དཀར་ལ་ཆིབས་སྤྱང་མོ་ཁྲིད། །བྱང་དུ་འཕྲིན་ལས་རྒྱལ་པོ་པེ་ཧར་དཀར། །དཀར་ནག་དམར་བའི་ཞལ་གསུམ་ཕྱག་དྲུག་པ། །དར་དཀར་རལ་ཀའི་སྟོད་གཡོག་སྟག་ཤམ་དང་། །རྡོ་རྗེ་ཐོད་པའི་ཏོག་ཅན་ཚག་ཞྭ་གསོལ། །གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི་བསྣམས། །གཡོན་གསུམ་སྤུ་གྲི་གཞུ་དང་བེར་ཀ་ཐོགས། །ཞབས་གཉིས་རོལ་སྟབས་སེང་གེ་དཀར་མོར་ཆིབས། །སྤྱན་དགུ་བསྒྲད་ཅིང་མེ་རླུང་རོལ་དུ་ཁྲིད། །གཙོ་གཡས་ཕྱི་བློན་ཧ་ཤང་ལངྒ་ནི། །དོམ་གྱི་སློག་པ་རྒོད་ཏོག་ཐེབས་ཞྭ་གྱོན། །ཕྱག་གཡས་ཐོ་བ་གཡོན་ན་ཞགས་ནག་འཛིན། །ར་སྐྱེས་ལ་ཞོན་གང་བགོས་ཐོགས་མེད་སྒྲུབ། །གཙོ་གཡོན་ནང་བློན་པུ་ཀར་རྡོ་རྗེ་དབང་། །དམར་ནག་བེར་མཐིང་འུག་ཏོག་ཐེབས་ཞྭ་གསོལ། །ཕྱག་གཡས་མི་སྙིང་གཡོན་ན་ཐོད་པ་བསྣམས། །དྲེའུ་ལ་ཞོན་སྟོང་ཁམས་ཡུད་ཀྱིས་ཉུལ། །མདུན་དུ་སྣ་ཁྲིད་མོན་བུ་པུ་ཏྲ་ནག །དར་དམར་བེར་དང་གླག་ཏོག་སྨྱུག་ཞྭ་གསོལ། །ཕྱག་གཡས་སྤུ་གྲི་གཡོན་པ་གཙོ་བོ་ཡི། །གླང་ཆེན་སྣ་ཁྲིད་ར་སྐྱེས་སྟེང་ན་བརྗིད། །རྒྱབ་ཏུ་ཕྱི་སྐྱོང་ཚངས་པ་སྟག་ལག་དམར། །དམར་ནག་བེར་དང་འུག་ཏོག་ཐེབས་ཞྭ་གསོལ། །ཕྱག་གཡས་སྤུ་གྲི་གཡོན་ན་དབང་ཞགས་འཛིན། །སྟག་མོ་གྲུས་མའི་སྟེང་ན་འདོར་སྟབས་བཞུགས། །མདུན་གྱི་གཡས་སུ་ཡབ་ཆེན་ཚངས་པ་དཀར། །དར་སྔོན་གོ་ཟུ་དུང་གི་ལ་ཐོད་ཅན། །ཕྱག་གཡས་ཤིང་རིས་གཡོན་ན་ནོར་བུ་འཛིན། །མྱུར་མགྱོགས་ཤུགས་ལྡན་རྒྱ་སྟག་དམར་པོར་ཆིབས། །མདུན་གཡོན་ཡུམ་ཆེན་ཀླུ་མོ་དམར་མོ་ནི། །མི་ལུས་སྦྲུལ་འཇུག་དར་གོས་རིན་ཆེན་བརྒྱན། །ཕྱག་གཡས་ཤིང་རིལ་གཡོན་ན་ནོར་གཞོང་འཛིན། །མཛེས་འཛུམ་ལྟ་ན་སྡུག་པའི་སྐུ་རུ་གསལ། །དེ་མདུན་འབྲོ་བཟའ་དཔལ་བོ་དཀར་མོ་དང་། །ཕོ་ཡོང་བཟའ་ཡི་བུ་མོ་ཐང་རྒྱལ་མ། །དཀར་དམར་གཡུ་ཡི་རྒྱན་ལྡན་ན་ཆུང་ཆས། །ཕྱག་གཉིས་དུང་ཕོར་འཛིན་ཅིང་གཙོ་ལ་མཆོད། །ལས་བྱེད་སྤྲུལ་བ་འཕྲིན་ལས་ཐོགས་མེད་ནི། །རླུང་ནག་ལ་ཞོན་བེར་དམར་སག་ཞྭ་གསོལ། །ཕྱག་གཡས་འགུགས་བྱེད་རྡོ་རྗེའི་ལྕགས་ཀྱུ་དང་། །གཡོན་ན་སྟག་དང་སྤྱང་ཀའི་རྒྱལ་མཚན་འཛིན། །སྡོང་ཟླ་པུ་ཏྲ་དར་ནག་རལ་ཀ་གསོལ། །གྲི་གུག་འཛིན་ནས་དྲེལ་ནག་རྟ་རུ་ཞོན། །གཡོན་དུ་སྟག་དང་སྤྱང་ཀས་རྒྱལ་མཚན་འཕྱར། །བློན་པོ་རུ་ཏྲ་དར་ནག་རལ་ཀ་གསོལ། །གྲི་གུག་འཛིན་ནས་དྲེལ་ནག་རྟ་རུ་ཞོན། །དེ་དག་ཕྱི་རོལ་ཕྱོགས་མཚམས་བཀའ་ཡི་བློན། །ཤ་ཁྲོལ་ཁྱི་ཁྲོལ་ཁོལ་པོ་འཛིན་སྡེམ་སོ། །སྐྱོ་སངས་འབག་སེང་མོན་བུ་ཨ་ཙར་སྤྲེལ། །དགེ་སློང་མཁར་གསིལ་སྔགས་པ་ཕུར་ཐོགས་དང་། །བུད་མེད་རལ་སྤྲུག་སྐྱེས་པ་གྲི་ཐོགས་པ། །བརྒྱ་བརྒྱ་ལ་སོགས་འཁོར་ཚོགས་དཔག་མེད་བསྐོར། །གནས་གསུམ་ཨོཾ་ཨཱཿཧཱུྃ་དཀར་དམར་མཐིང་སྤྲས། །འོད་ཟེར་འཕྲོ་འདུས་ཆོས་སྐྱོང་འཁོར་བཅས་བཀུག །བསམ་ལ་ཐོག་མར་བཞེངས་སུ་གསོལ་བ་ནི། ཧཱུྃ། ནམ་མཁའ་མཐའ་ལས་ཆོས་ཀྱི་དབྱིངས་ཉིད་ཀློང་། །རྒྱལ་བའི་སྒྱ་འཕྲུལ་རབ་འབྱམས་དཔག་མེད་གར། །ཡོངས་བསྒྱུར་སངས་རྒཡས་བསྟན་དང་གཙུག་ལག་གནས། །སྐྱོང་མཛད་ཚང་གིང་འཁོར་བཅས་སྐུ་བཞེངས་ཤིག །དེ་ནས་སྤྱན་འདྲེན་བཞུགས་ཕྱག་དམ་བསྲེའི་རིམ་པ་ནི། །ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས༔ ཏིང་ངེ་འཛིན་གྱི་བསྐྱེད་པའི་དཀྱིལ་འཁོར་འདིར༔ སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི༔ གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས༔ དམ་ཚིག་གཞུང་བཞིན་བསྲུང་བའི་སྐྱེས་མཆོག་ཁྱོད༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ བཀའ་ཡི་བསྟན་པ་བསྲུང་བའི་དོན་ཆེད་དུ༔ ཆོས་ཀྱི་དབྱིངས་ནས་སྒྱུ་མར་སྐུ་བཞེངས་ཤིག༔ ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་མཛད་ཁྱོད༔ ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ༔ སྐུ་ལྔ་རྒྱལ་བོ་ཡབ་ཡུམ་སྤྲུལ་བློན་འཁོར། །འཁོར་བཅས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཛ༔ཧཱུྃ་བཾ་ཧོ༔ ཨ་ལ་ལ་ཧོ༔ ཨེ་ཧྱེ་ཧི་བྷ་ག་ཝན་ཨང་ཀུ་ཤ་ས་མ་ཡ་ཛཿཛཿ ཧཱུྃ། མ་ཏྲམ་བསྒྲལ་བའི་གནས་མཆོག་དམ་པ་འདིར༔ ཁ་བུབ་གན་རྐྱལ་བྱི་ཆིངས་གདན་དུ་བསྣོལ༔ རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་བརྩེགས༔ ཉི་ཟླ་པདྨའི་གདན་གྱིས་མཛེས་པར་སྤྲས༔ མ་ཆགས་ལྷུུན་གྱིས་གྲུབ་པའི་གནས་མཆོག་འདིར༔ བསྟན་བསྲུང་རྒྱལ་པོ་འཁོར་བཅས་བརྟན་བཞུགས་གསོལ༔ པདྨ་ཨ་བེ་ཤ་ཡ་ཨ༔ བཛྲ་ཏྲི་དུ་རུ་ཧཱུྃཿ བཛྲ་ཨ་ཏི་ཏིཥྛ་ཀ་ར་ཤ་ས་མ་ཡ་ཁ་བསྒྱུར་དཀར་པོ་ཨ་བེ་ཤ་ཡ་སྟྭཾ༔ ཨ་བེ་ཤ་ཡ་ཏིཥྛ་ལྷན། ཧཱུྃ། འཇིག་རྟེན་ལས་ལ་གྲུབ་པའི་དྲེགས་པ་ཅན༔ རྒྱལ་པོ་ཆེན་པོ་སྐུ་ལྔའི་སྐུར་བསྟན་པ༔ སངས་སྒྱས་བསྟན་པ་བསྲུང་བར་ཞལ་བཞེས་པའི༔ རྒྱལ་པོ་སྡེ་ལྔའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཀཪྵ་ཡ། ཨ་བེ་ཤ་ཡ༔ ཧ་ཧེ་ཧ་ར་ཏི་ཧོ༔ དམ་ཚིག་བདུད་རྩི་ཨོཾ་ཨཱ༔ཧཱུྃ་ས་མ་ཡ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿཞེས་པས་བྱིན་གྱིས་བརླབས་ནས་གཏོར་མར་བྲན་ལ། ཧཱུྃ། སྐྱེས་མཆོག་དགྲ་ལྷ་པེ་ཧར་འཁོར་བཅས་དགོངས། །སྔོན་ཚེ་གསང་བདག་པད་འབྱུང་ཁྲོས་པའི་སྐུས། །དམ་བཞག་ཐ་ཚིག་གཉན་པོ་དྲན་མཛོད་ལ། །དམ་ལྡན་བདག་གྲོགས་ཅི་བཅོལ་ཕྲིན་ལས་མཛོད། །བཛྲ་དྲི་དུར་རཀྵ་ཡཀྵ་ཧཱུྃ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ ཞེས་བདུད་རྩི་ཕུལ་བས་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་ནས་བཀའ་ལས་རྟག་ཏུ་འདའ་བ་མེད་པར་བསམ། དེ་ནས་མཆོད་བསྐང་བསྟོད་པའི་བྱ་བ་ནི། ཧོཿ དྲེགས་པའི་སྡེ་དཔོན་སྡེར་ཆེན་འཁོར་བཅས་ལ། །མཆོད་ཡོན་མེ་ཏོག་སྤོས་མེ་དྲི་ཞལ་རོལ། །གཟུགས་སྒྲ་དྲི་རོ་རེག་ཆོས་འདོད་ཡོན་ཆེ། །ཕྱི་མཆོད་འབུལ་བཞེས་དགྱེས་བསྐང་ཕྲིན་ལས་མཛོད། །རཀྟའི་ཨརྒྷཾ་དབང་པོའི་མེ་ཏོག་བཀྲ། །ཚིལ་དུད་སྤྲིན་འཁྲིག་ཞུན་མེའི་ཉི་འོད་བརྡལ། །མཁྲིས་ཆབ་མཚོ་འཁྲུག་དམར་ཟས་རི་བོ་བརྗིད། །དུང་ཆེན་འབྲུག་ལྡིར་ནང་མཆོད་འབུལ་དགྱེས་བཞེས། །ཉོན་མོངས་རྩད་ནས་གཅོད་པ་བདུད་རྩིའི་སྨན། །ཞིང་བཅུ་ལྷག་མེད་བསྒྲལ་བའི་རཀྟ་དམར། །འདོད་དགུ་ཕུན་ཚོགས་འབྱུང་གནས་བ་ལིནྟ། །དབུས་བཞེས་དགྱེས་བསྐང་ཅི་བཅོལ་ཕྲིན་ལས་མཛོད། །ཕྱི་ནང་གསང་བ་མཆོད་བསྐང་རྟེན་སྒྲུབ་རྫས། །བསམ་གྱིས་མི་ཁྱབ་དངོས་འབྱོར་ཡིད་སྤྲུལ་དང་། །ཁྱད་པར་རྨད་བྱུང་བླ་མེད་སྦྱོར་སྒྲོལ་གྱི། །མཆོད་པས་བསྐང་ངོ་རྣམ་བཞིའི་ཕྲིན་ལས་མཛོད། །དེ་ནས་རྡོ་རྗེ་ཐལ་མོ་གཏོར་མར་གཏད་དེ། ཆོས་སྐྱོང་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེའི་སྦུ་གུའི་བཅུད་དྲངས་པས་ཚིམས་ཤིང་དགྱེས་པར་བསམ་ལ། སརྦ་པཉྩ་ཨ་མྲྀ་ཏ་ཨརྒྷཾ་པྲ་ཏཱིཙྪ་ཧོཿ བཛྲ་ཡཀྵ་ཁ་ཁ་ཁཱ་ཧི་ཁཱ་ཧི། དུན་ཏིང་དུན་ཏིང་ཁཱ་ཧི། ཡཀྵ་ནག་པོ་ཁཱ་ཧི། ཤ་ཁྲོལ་ཧུ་རུ་ཁཱ་ཧི། ཁྱི་ཁྲོལ་ཧུ་རུ་ཁཱ་ཧི། ཙི་ཏ་བ་ཏ་ཁཱ་ཧི།འཛིན་པོ་རུ་ཏྲ་ཁཱ་ཧི།སྡོམ་པོ་ཆང་རྒྱུད་ཁཱ་ཧི།རུ་ཏྲ་རུ་ཏྲ་ཁཱ་ཧི།གོ་རོ་ཙ་ན་ཁཱ་ཧི། རཀྟ་ཚུལ་པ་ཁཱ་ཧི། ཤ་རྒྱུད་སྙིང་རྒྱུད་ཁཱ་ཧི། དབང་པོ་སྣ་ལྔ་ཁཱ་ཧི། ཤ་མ་རུ་ཏྲ་ཁཱ་ཧི། ཨརྒྷཾ་པྲ་ཏིཙྪ་ཧོཿ པུ་ཛཿབཛྲ་དུ་རུ་ཧོཿ ཞེས་བདུན་ནམ་ཉེར་གཅིག་གིས་ཕུལ་ནས་བསྐང་ཞིང་བཤགས་པ་ནི། ཧཱུྃ། ཨོ་རྒྱན་པདྨ་ཐོད་འཕྲེང་རྩལ་གྱི་བཀའ་ཡི་འབངས། །མཐུ་སྟོབས་དྲེགས་པའི་རྩལ་ཤུགས་ཟླ་མེད་པ། །ཚངས་པའི་གིང་ཆེན་ཆོས་རྒྱལ་པེ་ཧ་ར། །སྐུ་ལྔ་ཡབ་ཡུམ་སྤྲུལ་པ་བློན་འབངས་འཁོར། །རུ་འདྲེན་བཅས་པའི་ཐུགས་དམ་བསྐང་བའི་རྫས། །དངོས་ཡིད་ལས་སྐྱེས་མཆོད་སྤྲིན་ནམ་མཁའ་མཛོད། །བསམ་གྱིས་མི་ཁྱབ་རང་རང་མཁོ་དགུ་རྫས། །སྔགས་རྒྱས་བྱིན་གྱིས་རླབས་པས་ཐུགས་དམ་བསྐང་། །སུམ་རྩེན་རྣམ་རྒྱལ་ཁང་པར་ཅོ་འདྲི་བའི། །རིན་ཆེན་བ་གམ་སུམ་བརྩེགས་དབང་པོའི་གཞུས། །ལན་བརྒྱར་ཁྱུད་པས་མིག་སྟོང་ཡིད་སྲུབ་བླངས། །སྐུ་རྟེན་རྨད་བྱུང་མཁར་གྱི་ཐུགས་དམ་བསྐང་། །མིག་སྨན་ཞུན་མས་བྱུག་པའི་བཞིན་རས་ལ། །ཀུ་མུད་གཉེན་གྱི་སྤྱན་གསུམ་རབ་ཏུ་འཚེར། །ས་འཛིན་དུམ་བུར་ཆད་པའི་མཆེ་བ་གཙིགས། །ཟིལ་གནོན་སྐུ་འབག་གསོབ་ཀྱིས་ཐུགས་དམ་བསྐངས། །དབྱར་སྐྱེས་རྔ་གསང་འབུམ་གྱི་ཁེངས་འཕྲོག་པའི། །འཛིན་མ་གཡོ་འབར་ནུས་པའི་རོལ་མོའི་སྒྲ། །བསམ་གྱིས་མི་ཁྱབ་ཡིད་དུ་རབ་འོང་ཞིང་། །བསྟོད་ཚིག་སྙན་པའི་དབྱངས་ཀྱིས༴ ཀ་དག་གཉུག་མའི་གནས་ལུགས་ལྷ་ལམ་ལ། །འགག་མེད་རིམ་གཉིས་ཉིན་བྱེད་རབ་ཏུ་འབར། །ཆོས་ཀུན་བྱར་མེད་རང་མདངས་ཟེར་བརྒྱ་འཕྲོ། །མཉམ་བཞག་རོ་གཅིག་ལྟ་བས་ཐུགས་དམ༴ རྡུལ་དཀར་ཕུང་པོ་བྱེ་བའི་མདངས་འཛིན་ཞིང་། །མིག་མི་འཛུམ་པའི་ལག་འགྲོ་ལ་འཕྱ་བའི། །སྣ་ཚོགས་སྲོག་ཆགས་རྒྱན་ལྡན་ཡིད་འཕྲོག་རྩེན། །མཐུན་པའི་དཀོར་ནོར་རྫས་ཀྱི་ཐུགས༴ ཡོངས་འདུས་ལྗོན་པ་ལ་ཁུ་རྐང་ཐུང་ཆེ། །རྨ་བྱའི་མགྲིན་པར་འཁྲུལ་པའི་ཡལ་འདབ་འཐིབ། །ལྷ་རྫིངས་འབིགས་འདྲ་རྩེ་རྒྱལ་ཤུགས་ཤིང་ནི། །ལྟ་ན་རབ་ཏུ་སྡུག་པས་ཐུགས༴ ལྟོ་འགྲོའི་དབང་པོ་ལ་འགྲན་མཉེན་ལྕུག་ཤིང་། །ལྡེམ་ལྡེམ་སྒེག་མོའི་འགྲོས་ཀྱི་དཔེར་གྱུར་ཅིང་། །ཁྱུག་ཁྱུག་སྤྲིན་གྱི་ལྕུག་མ་ལྟར་ཁྱུག་པའི། །སྦ་སྨྱུག་བཀྲ་ཤིས་རྫས་ཀྱིས་ཐུགས༴ བརྒྱན་ལོན་ཉམས་མེད་མཆོག་ཆེན་ཨདཪྴ། །ཡིད་སྣང་གཟུགས་བརྙན་འཕོས་ནས་མ་འདྲེས་དང་། །རྙོག་བྲལ་ལྐོག་གྱུར་སྤང་བླང་ལེགས་སྟོན་པའི། །སྲ་བརྟན་ཁུ་ཁོག་ཁྱེའུས་ཐུགས༴ བླ་ཡིག་སྲོག་རྟེན་དངུལ་ཁབ་ལྷང་འཚེར་རྡོ། །སྐུ་གཟུགས་སྔགས་བྱང་ཙཀྲ་མཐུན་པའི་རྫས། །ཕྱི་ནང་གསང་བ་བླ་ན་མེད་པ་ཡི། །ཆོས་འཁོར་སྐྱོང་མཛད་འཁོར་བཅས༴ དར་ཟབ་གཅན་གཟན་སྣ་ཚོགས་རྒྱལ་མཚན་འཕྱར། །རིན་ཆེན་དཀོར་ཆ་སྣ་ཚོགས་འདོད་དགུའི་ཆས། །གོ་སྲ་མཚོན་རྣོ་རྔམ་བརྗིད་ཕྱག་ཆ་ཡིས། །པེ་ཧར་རྒྱལ་པོ་འཁོར་བཅས༴ གཞན་ཡང་འདོད་ཡོན་ལྷ་མོ་རྒྱལ་སྲིད་བདུན། །བཀྲ་ཤིས་རྟགས་རྫས་རི་གླིང་ཉི་ཟླ་སོགས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་མཐའ་ཡས་པས། །རྒྱལ་པོ་འཁོར་དང་བཅས་པའི་ཐུགས༴ གསོལ་ཁ་སྐུ་མཁར་སྲོག་འཁོར་མདུང་ཞགས་དང་། །བསེ་ཡི་ཁྲབ་རྨོག་དར་དམར་འཇོལ་བེར་ཐོད། །བྱ་ཁྱི་རྟ་དམར་ཙ་ར་མཐུན་རྫས་ཀྱིས། །སྲོག་བདག་གནོད་སྦྱིན་འཁོར་བཅས་ཐུགས༴ དེ་ལྟར་རྟེན་མཆོད་བསྐང་བའི་རྫས་གྱུར་རྣམས། །ཁྱོད་བསྔོས་མཆོད་གཏོར་ལ་སོགས་འདིར་འབྱོར་དང་། །མ་འབྱོར་འཇིག་རྟེན་ཁམས་ནས་མོས་བློ་ཡིས། །བླངས་ནས་འབུལ་བ་ཐུགས་དམ་བསྐང་གྱུར་ཅིག །ཐུགས་དམ་བསྐངས་བས་དམ་ཅན་དགྱེས་པའི་མཐུས། །དམ་ལྡན་རྣལ་འབྱོར་བདག་ཅག་དཔོན་སློབ་ཀྱི། །འགལ་རྐྱེན་བར་ཆད་མི་མཐུན་ཀུན་ཞི་ཞིང་། །རྟག་ཏུ་མཐུན་དགུ་འགྲུབ་པའི་ཕྲིན་ལས་མཛོད། །ཧོཿ ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་དགོངས་སུ་གསོལ། །བདག་ནི་མི་མཁས་མ་རིག་ལས་ཉོན་དབང་། །རྡོ་རྗེ་ཐེག་ལམ་སྤྱི་ཡི་དམ་ཚིག་དང་། །བསྲུང་མའི་ཐུགས་དང་འགལ་ཀུན་མཐོལ་ཞིང་བཤགས། །མཐུན་རྫས་མ་ཚངས་མཆོད་ཚོགས་ཞན་པ་དང་། །འབག་བཙོག་གོས་ཤིང་དུས་ཀྱི་མཆོད་གཏོར་གཡེལ། །ཕྲིན་ལས་སྒྲུབ་པའི་གཏང་རག་མ་གྲུབ་སོགས། །འགལ་བའི་ལས་གྱུར་མ་ལུས་མཐོལ་ཞིང་བཤགས། །བསྙེན་སྒྲུབ་མ་རྫོགས་ལས་སྦྱོར་ཕྲིན་ལས་རིངས། །དམ་ཉམས་ཞིང་བཅུ་སྙིང་རྗེས་སྒྲོལ་མ་ནུས། །གཉིས་འཛིན་འཁྲུལ་རྟོགས་རང་ཁར་སྤྱད་པའི་ལས། །བསྲུང་མའི་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཧོཿ ཁྱད་པར་འཁོར་འདས་ཆོས་ཀུན་མཉམ་ཉིད་ལ། །རྒྱལ་བ་ཐབས་མཁས་འགྲོ་དོན་སྒྱུ་འཕྲུལ་སྐུ། །དཔག་མེད་ཡོངས་ཤར་བསྲུང་མའི་ཚུལ་སྣང་བར། །རང་རྒྱུད་དྲེགས་པར་བཟུང་བ་མཐོལ་ལོ་བཤགས། །ཡང་དག་དོན་ལ་རྒྱལ་བ་ཀུན་ཏུ་བཟང་། །མ་རྟོགས་འགྲོ་ངོར་རྒྱལ་པོ་པེ་ཧ་ར། །གཞན་དུ་མ་གྲུབ་རང་སེམས་རིག་པའི་འཕྲུལ། །རང་ངོ་མ་ཤེས་འཁྲུལ་གྱུར་མཐོལ་ལོ་བཤགས། །རང་སེམས་ཆགས་སྡང་རྨོངས་པའི་རང་ཤུགས་ཀྱི། །རང་གྲིབ་དོན་དུ་རྒྱལ་བསེན་ཤར་བ་ལ། །མ་རྟོགས་ཕྱི་ནས་འདྲེ་བགེགས་བྱུང་རློམ་ནས། །བསྲུང་བཟློག་ཀྱི་བཀར་བ་མཐོལ་ལོ་བཤགས། །རྣམ་དག་སྤྲོས་བྲལ་གནས་ལུགས་མ་རྟོགས་པར། །ཀུན་རྟོགས་བློ་ཡིས་ལྷ་མཆོད་འདྲེ་བརྡུངས་ཤིང་། །ཕན་གནོད་རེ་དོགས་བདག་འཛིན་ཞགས་པས་བཅིངས། །དེ་ཀུན་བྱར་མེད་ཀློང་དུ་མཐོལ་ལོ་བཤགས། །ཡང་དག་དོན་ལ་རིགས་ཀྱི་སངས་རྒྱས་ལྔ། །གཙུག་ལག་ཆོས་འཁོར་སྐྱོང་ཕྱིར་རྒྱལ་པོ་ལྔར། །སྐུ་སྤྲུལ་དུག་གསུམ་ཤ་རུས་ཁྲག་རོལ་བར། །ལོག་མཐོང་སྲིན་པོར་བཟུང་བ་མཐོལ་ལོ་བཤགས། །གཙུག་ལག་ཆོས་སྐྱོང་རྒྱལ་པོ་པེ་ཧར་ཁྱེད། །པདྨ་ཐོད་འཕྲེང་བཀའ་འབངས་འཕྲིན་ལས་བདག །དམ་ཚིག་གཡེལ་མེད་འཆང་བའི་དམ་ཅན་ཆེ། །རྨད་བྱུང་རྡོ་རྗེ་ཐེག་བསྲུང་མཆོག་གྱུར་ཏེ། །བདག་ཅག་མི་མཁས་ཉོན་མོངས་དབང་འདྲེར་བཟུང་ནས། །ལོག་རྟོག་ཤར་བ་ཐམས་ཅད་མཐོལ་བཤགས་ཤིང་། །མདོར་ན་བདག་སོགས་ཡང་དག་དོན་མ་རྟོགས། །འཁྲུལ་དབང་གྱུར་པས་ཁྱོད་ཐུགས་དང་འགལ་ལས། །མ་ལུས་ཞི་ཐུགས་ཀློང་དུ་རྟག་བཟོད་གསོལ། །བདག་ལ་འདི་ཕྱིའི་སྒྲིབ་པར་མ་གྱུར་ཅིག །མཐོལ་ཞིང་བཤགས་པས་ལས་ཀུན་བྱང་དག་ནས། །དྲི་མེད་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཁྱེད་ནི་པདྨའི་བཀའ་ལས་འདའ་མེད་ཡང་། །བདག་ཅག་མ་རིག་དབང་གིས་འགའ་གྱུར་ལས། །ལྷ་མིའི་དམ་ཚིག་མ་སྙོམས་ཕོག་ཐུག་དང་། །རལ་ཆོད་རྩིང་སྤྱོད་གྱུར་རྣམས་མཐོལ་ཞིང་བཤགས། །དོན་དམ་ངོ་བོར་ལྷ་དང་འདྲེས་མ་གྲུབ། །བཤགས་བྱ་བཤགས་བྱེད་མཚན་མ་ཀུན་བྲལ་ཡང་། །ཀུན་རྫོབ་སྒྱུ་མ་ཙམ་དུ་བཤགས་པ་ན། །མཉམ་ཉིད་ཀློང་དུ་དག་ཅིང་ཚངས་པར་སྩོལ། །དེ་ནས་དབྱངས་བཅས་བསྟོད་པའི་རིམ་པ་ནི། ཧཱུྃ། མཚོ་པད་ལས་འཁྲུངས་སྣང་སྲིད་ཟིལ་གནོན་མཛད། །མཚུངས་མེད་རྒྱལ་བ་ཀུན་གྱི་ངོ་བོ་ཉིད། །ཨོ་རྒྱན་པདྨ་དྲག་པོ་ཐོད་འཕྲེང་རྩལ། །རིགས་ཀུན་ཁྱབ་བདག་བླ་མར་ཕྱག་འཚལ་བསྟོད། །ཧཱུྃ། རིག་པའི་རྒྱལ་པོ་དྲེགས་འདུལ་ཧེ་རུ་ཀཿ རྟོག་ཚོགས་ཁམས་ལས་སྡེ་དཔོན་སྔགས་ཀྱི་བདག །དྲེགས་པའི་ཚུལ་གྱིས་ཞིང་བཅུ་སྒྲོལ་མཛད་པ། །འཇིག་རྟེན་མཆོད་བསྟོད་ཚོགས་ལ་ཕྱག་འཚལ་བསྟོད། །དྲེགས་པ་དབང་ཆེན་རྒྱལ་པོ་ཡོངས་ཀྱི་གཙོ། །དཔལ་ཆེན་རྟ་ཡི་རྣམ་འཕྲུལ་ཚངས་པའི་གིང་། །ཧེ་རུ་ཀ་ཡི་བཀའ་འབངས་མཐུ་སྟོབས་ཅན། །ཆོས་རྒྱལ་པེ་ཧར་འཁོར་དང་བཅས་ལ་བསྟོད། །ངོ་བོ་གཅིག་ལས་སྤྲུལ་པ་བསམ་ཡས་ཤིང། །ཁྱད་པར་ཡེ་ཤེས་རང་མདངས་སྐུ་ལྔ་སྣང་། །དཔག་མེད་འཕྲིན་ལས་སྐུ་མདོག་ཕྱག་འཚལ་འཆང་། །ཆོས་འཁོར་སྐྱོང་མཛད་ཁྱེད་ལ་ཕྱག་འཚལ་བསྟོད། །གཙོ་མཆོག་བརྒྱ་བྱིན་རྡོ་རྗེ་ཀླུ་འབྲུག་འདུལ། །མཐིང་ནག་དོམ་གྱི་རློག་པ་སྲོག་ཞུ་གསོལ། །སྡོམ་བསྣུན་ཕྱག་རྒྱ་བསྒྱུར་ནས་གཉིས་འཐུང་གཞོན། །གནོད་སྦྱིན་ཆེན་པོ་ཁྱོད་ལ་གུས་པས་བསྟོད། །རྣམ་འཕྲུལ་སྐུ་གསུང་ཡོན་ཏན་ཕྲིན་ལས་རྩལ། །པུ་ཏྲ་དགྲ་ལྷ་སྐྱེས་ཅིག་ཤིང་བྱ་ཅན། །པེ་ཧར་མི་བོ་ཆེ་སྟེ་སྐུ་ཡི་གར། །ཅིར་ཡང་སྟོན་པར་མཛད་ལ་ཕྱག་འཚལ་བསྟོད། །བདེ་ཆེན་དགའ་བཞིའི་གནས་དེར་གསང་བའི་ཡུམ། །ལྷན་སྐྱེས་དྷཱཀྐིའི་རིགས་ཀྱི་ཡུམ་ཆེན་ལྔ། །ཤནྟི་རོ་ཟན་རོ་ལངས་གསེར་སྤུ་གྲི། །མཛེས་བྱེད་པདྨ་སྨིན་དཀར་མ་ལ་བསྟོད། །དགེ་བསྙེན་དགྲ་བཅོམ་གཞོན་ནུ་མོན་བུ་དང་། །མི་རིང་སྲིན་བུ་ལ་སོགས་སྤྲུལ་པ་ལྔ། །ཡང་སྤྲུལ་བསམ་གྱིས་ཁྱབ་རྟོགས་ཚོགས་ཁམས། །ཡོངས་འཆར་རྒྱལ་བའི་བསྟན་པ་བསྲུང་ལ་བསྟོད། །དབང་གི་རིགས་ལས་མི་བསྲུན་མ་རུང་སྐུ། །ཤན་པ་སྲོག་ལེན་གནོད་སྦྱིན་ཡང་ལེ་བེར། །སྣ་ཚོགས་མཚོན་ཐོགས་དམ་ཉམས་དགྲ་བོ་སྒྲོལ། །པདྨའི་བསྟན་པ་ཉེ་བར་བསྲུང་དེར་བསྟོད། །གཞན་ཡང་ཆོས་སྐྱོང་རྒྱལ་པོའི་བཀའ་ཡི་བློན། །རྣམ་བཞིའི་འཕྲིན་ལས་ཐོགས་མེད་སྒྲུབ་མཛད་པ། །སྲོག་བདག་བྱ་ར་མིག་གཅིག་ཐང་ནག་དང་། །གྲགས་ལྡན་པུ་ཏྲ་ནག་པོར་གུས་པས་བསྟོད། །ཟ་འོག་སྟག་སེང་རྒྱ་བྱ་སྤྱང་ཀི་ཡི། །རྒྱལ་མཚན་རྔམ་པའི་ཚུལ་འཛིན་ཕོ་ཉ་དང་། །དགྲ་བཅོམ་སྔགས་ནག་སྟག་ཤར་བུད་མེད་ནག །རུ་འདྲེན་བཞི་བཅས་དམ་ཚིག་དབང་གིས་བསྟོད། །གཙོ་བོའི་ཐུགས་ལས་སྤྲུལ་པའི་ལས་བྱེད་པ། །དོམ་གྱི་མགོ་ཅན་མི་རིང་སྔོ་སྐྱ་འབུམ། །མཚོན་ཆ་འབར་བས་དགྲ་བོའི་ལུས་སྲོག་འཕྲལ། །འཇིགས་བྱེད་དྲག་པོའི་ཚོགས་ལ་རབ་བསྟོད་དོ། །ཀུན་ཀྱང་འཇིགས་པའི་སྐུ་ལ་རྔམ་པའི་གསུངས། །གཤིས་ཉིད་གཡོ་མེད་ཆོས་སྐུའི་ངང་ཉིད་ལས། །ཞེན་མེད་སྒྱུ་མའི་ངང་ཚུལ་སྙིང་རྗེའི་ཐུགས། །གཏུམ་ཆེན་གདུག་པ་འདུལ་ལ་ཕྱག་འཚལ་བསྟོད། །ཡང་འཁོར་འབག་སེང་རྒྱ་མོན་ཨ་ཙར་སྤྲེལ། །ཤ་ཁྲོལ་ཁྱི་ཁྲོལ་འཛིན་སྡོམ་ཁོལ་པོ་དང་། །རྒྱལ་ཕྲན་སྟོང་སྡེ་དྲེགས་པ་བྱེ་བ་འབུམ། །ཀུན་ཀྱང་དམ་ཚིག་དབང་གིས་བསྟོད་པར་བགྱིས། །འཁོར་བཅས་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་ས་ལམ་བར་ཆད་སོལ། །རྒྱུ་སྦྱོར་དད་ལྡན་སྦྱིན་བདག་འགལ་རྐྱེན་བཟློག །རྣམ་བཞིའི་འཕྲིན་ལས་ཐོགས་མེད་གྲུབ་པར་མཛོད། །དེ་ནས་གསོལ་ཁ་གསེར་སྐྱེམས་འབུལ་ཞིང་བཅོལ་བ་ནི། །ཧཱུྃ། དབྱིངས་ཉིད་དཔག་པར་དཀའ་བའི་ཀློང་ཆེན་པོར། །རབ་འཇིགས་མཐིང་ནག་འབར་བའི་ཕོ་བྲང་ནས། །བརྒྱ་བྱིན་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ་དུ་གསེར་སྐྱེམས་ཛ་གད་བཅུད་མཆོག་འབུལ། །གསོལ་ལོ་མཆོད་དོ་དགྱེས་པ་རུ་མཛོད་ཅིག །པུ་ཏྲ་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ་དུ་གསེར་སྐྱེམས་ཞེས་དང་། གསོལ་ལོ་སོགས་འོག་ཏུ་འདྲེའོ། །ཤིང་བྱ་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ༴ གསོལ་ལོ༴ པེ་ཧར་ཡབ་ཡུམ་སྤྲུལ་བློན་འཁོར་བཅས་པའི། །ཞལ་དུ༴ གསོལ་ལོ༴ གནོད་སྦྱིན་དམར་པོ་ཡབ་ཡུམ་འཁོར་བཅས་པའི། །ཞལ་དུ༴ གསོལ་ལོ༴ བློན་འབངས་སྐྱོ་སངས་རུ་འདྲེན་འཁོར་བཅས་པའི། །ཞལ་དུ༴ གསོལ་ལོ༴ རྒྱལ་ཕྲན་སྟོང་སྡེ་དྲེགས་བྱེད་གྲངས་མེད་པའི། །ཞལ་དུ༴ གསོལ་ལོ༴ ཧོཿ ཆོས་རྒྱལ་ཡབ་ཡུམ་འཁོར་བཅས་མཆོད་པ་ཡིས། །དགྱེས་མཛོད་དགྱེས་ནས་བདག་གི་འདོད་པའི་དོན། །ཐོགས་མེད་ཡིད་བཞིན་རེ་བ་ཡོངས་བསྐང་བའི། །བསམ་འཕེལ་ནོར་བུར་ཁྱེད་ཀྱིས་མཛད་དུ་གསོལ། །ཞེས་ཕུད་ཕྱོགས་བཅུར་གཏོར། ཧཱུྃ། ཨོ་རྒྱན་པདྨའི་བཀའ་འབངས་དགེ་བསྙེན་ཆེ། །གཙུག་ལག་ཆོས་འཁོར་སྐྱོང་བའི་མངའ་བདག་པོ། །ཆེ་བཙན་ཟླ་མེད་གིང་ཆེན་པེ་ཧ་ར། །ཡབ་ཡུམ་སྤྲུལ་འཁོར་བཅས་པར་མཆོད་བསྟོད་ནས། །རྣལ་འབྱོར་བདག་གི་འཕྲིན་ལས་བཅོལ་བ་ནི། །དམ་ལྡན་བདག་ཅག་སློབ་དཔོན་སྦྱིན་བདག་བཅས། །མི་མཐུན་འགལ་རྐྱེན་འཇིགས་པ་བརྒྱད་བཅུ་དྲུག །ནད་གདོན་བློ་བུར་ཡེ་འབྲོག་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས་ནུས་གཟི། །བརྗིད་རྣམས་རྟག་ཏུ་ཉམས་མེད་གོང་འཕེལ་རྒྱས། །ལྷ་འདྲེ་མི་རྗེ་བློན་འབངས་ཆེ་བཙུན་མཁས། །དྲེགས་ལྡན་མ་ལུས་བདག་གི་དབང་དུ་བསྡུས། །སྔ་དགྲ་ལག་དར་ཕྱི་དགྲ་ཡིད་སེམས་ཤིང་། །ད་དགྲ་ཐད་ལང་མཚོན་དུག་སྦྱོར་ངན་བཤམས། །ལྷག་པས་ཁྱད་གསོད་དམན་པས་བརྙས་བཅོས་ཤིང་། །མཉམ་པས་འགྲན་སེམས་གདུག་པ་ཤར་བ་དང་། །མཐུན་གཉིས་དབྱེན་བྱེད་ངོས་ཤགས་ལྐོག་ལབ་སྒྲོགས། །བྲན་འཁོར་སྙིང་རིང་ཁ་དཀར་ཞེ་ནག་ཅིང་། །ཁ་ནང་སྙིང་ཕྱི་དམ་ཚིག་ངོས་ལྐོག་བྱེད། །ཟ་ཚེ་ཐོད་དཀར་ཟ་ཐོན་རྗེས་ནག་མཁན། །བསྒྲལ་བའི་ཞིང་གྱུར་དེ་དག་ལོ་ཟླ་བར། །མ་བཞག་ཞག་དང་ཟ་མའི་ནང་དུ་སྒྲོལ། །བྲང་ཤོགས་སྙིང་ལོང་སྙིང་ཁྲག་ཧུབ་ཀྱིས་ཐོབ། །སྨྱོ་འབོག་བརྒྱལ་བའི་ནད་ཀྱི་ཐལ་བར་རློག །དམ་ཅན་དམ་ལ་མ་འདའ་སཱ་མཱ་ཡཱ། །བཅོལ་བའི་འཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཁྱད་པར་བདག་གི་འཁྲུལ་རྟོག་ཀུན་ཞི་ཞིང་། །འཁྲུལ་མེད་ཉམས་དང་རྟོགས་པའི་ཡོན་ཏན་རྒྱས། །རང་སེམས་རིག་པའི་ཀློང་དུ་ཀུན་དབང་འདུས། །བཟུང་འཛིན་རྟོག་པ་ལྷག་མེད་རྩད་ནས་གཅོད། །མདོར་ན་བདག་ནི་རྫོགས་སངས་མ་རྒྱས་བར། །ཆོས་མིན་འགལ་རྐྱེན་བར་ཆད་ཀུན་བཟློག་ཅིང་། །ཆོས་གནས་ཆོས་བཞིན་སྤྱོད་པའི་གྲོགས་མཛད་ཅིང་། །རྡོ་རྗེ་འཆང་དབང་མྱུར་ཐོབ་ཕྲིན་ལས་མཛོད། །ཧཱུྃ་བྷྱོ། ཁྱོད་ལ་གཡར་དམ་ཟུར་ཙམ་སྨོས་པ་ན། །སྔོན་ཚེ་པདྨ་ཧེ་རུ་གསང་བའི་བདག །ལྷ་མིའི་དགེ་སྦྱོང་ལེགས་ལྡན་ནག་པོ་ཡི། །སྤྱན་སྔར་སྲོག་སྙིང་ཕུལ་བས་དམ་ཚིག་ནོས། །ཁྱད་པར་འཆིམ་ཕུ་གནས་དང་ཧས་པོ་རིར། །རྒྱལ་ཀུན་ངོ་བོ་གཅིག་འདུས་པདྨ་འབྱུང་། །དྲག་པོ་མེ་ཕྲེང་རྩལ་གྱི་སྤྱན་སྔ་རུ། །རང་གནད་སྲོག་སྙིང་མདངས་གསོལ་ཕུལ་ནས་ནི། །རྒྱལ་བའི་བསྟན་དང་པད་མའི་བརྒྱུད་འཛིན་རྣམས། །བུ་ལྟར་སྐྱོང་བའི་ཁས་བླངས་བྲོ་ཡང་བོར། །གཞན་ཡང་བྲག་དམར་དགེ་གོང་ཟན་གཡང་གནས། །རྣམས་སུ་རྡོ་རྗེ་དབྱིངས་དང་བདེར་འདུས་ཀྱི། །དཀྱིལ་འཁོར་མཆོག་ཏུ་བཅུག་ནས་དབང་ཡང་བསྐུར། །དམ་ཚིག་རྡོ་རྗེ་བདུད་རྩིས་རྒྱས་བཏབ་ནས། །མ་འོངས་སངས་རྒྱས་ཐོབ་པར་ལུང་ཡང་བསྟན། །ཕྱི་མའི་དུས་གྱུར་ཐ་མར་བབས་པའི་ཚེ། །ཡང་བསྐྱར་ཚུལ་དུ་པདྨའི་རྒྱལ་སྲས་མཆོག །གར་གྱི་དབང་ཕྱུག་ཧཱུྃ་ནག་མེ་འབར་རྩལ། །གཏེར་བཞད་སྙིང་པོ་པདྨ་ཀློང་གསལ་སྙིང་། །བདུད་འཇོམས་རྡོ་རྗེ་ལ་ལི་ཏ་བཛྲ། །རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །བསྙེལ་བ་མེད་པར་རྡོ་རྗེ་ཐེག་པའི་བསྟན། །ཉམས་མེད་ཕྱོགས་དུས་ཀུན་ཏུ་འཕེལ་ཞིང་རྒྱས། །རྟག་བརྟན་སྙན་པས་སྲིད་གསུམ་གཡོ་ནུས་ཤིང་། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲ་བརྟན་པར། །ཉམས་མེད་ཡུན་རིང་གནས་པའི་ཕྲིན་ལས་མཛོད། །ངོ་འཇོའི་ཚིག་དང་ཟས་ངོར་མ་འབྲང་བར། །རབ་གཉན་སྲོག་གི་ཀ་བ་རྡོ་རྗེའི་ལམ། །གཡེལ་བ་མེད་པར་ཁྱོད་ཀྱི་དྲན་མཛོད་ལ། །ཟབ་གསང་བླ་མེད་ཨ་ཏི་རྡོ་རྗེའི་སྙིང་། །མ་ཧཱ་སིནྟིའི་རིང་ལུགས་གང་ཡིན་པ། །འཛིན་སྐྱོང་སྤེལ་བའི་སྐྱེས་བུ་དམ་པ་ཡི། །འཕྲིན་ལས་ཐོགས་མེད་ཁྱོད་ཀྱིས་གྲུབ་པར་གྱིས། །གལ་ཏེ་འདས་ན་སྔོན་ཚེ་རྒྱལ་བ་ཡི། །བཀའ་ཡི་དམོད་པས་སྡིག་པར་མི་འགྱུར་རམ། །སྔགས་འཆང་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ཚེ་བསྲིངས་དཔལ་བསྐྱེད་འདོད་དགུའི་བསམ་དོན་བསྒྲུབ། །ཀེག་སྲི་བྱུར་དང་ལྟས་ངན་སྐལ་ངན་སེལ། །མཐུན་ཚོགས་ཐམས་ཅད་འབད་མེད་འགྲུབ་པར་མཛོད། །རླུང་རྟ་དར་ཞིང་བསོད་ནམས་རྒྱས་པའི་དུས། །ལྷས་མ་སྐྱོན་ཀྱང་འདོད་དོན་ཡིད་བཞིན་འགྱུར། །ཁྱོད་མཆོད་བསྟོད་པའི་རེ་བ་གང་ཡིན་པ། །བསོད་ནམས་རླུང་རྟ་ཉམས་རྒུད་གྱུར་ཀྱང་རུང་། །གཡེལ་བར་དོར་མེད་རྟག་ཏུ་བསྲུང་སྐྱོབ་ཅིང་། །འདོད་དོན་ཡིད་བཞིན་བསྐང་བར་མཛད་དུ་གསོལ། །བཛྲ་སཱ་མཱ་ཡཱ་ ཛཿསརྦ་སིདྷིམྨེ་པྲ་ཡཙྪ་ཏུ་ཧོཿ ཞེས་འཕྲིན་ལས་བཅོལ་ལོ། །དེ་ནས་ལྷག་ཆད་ཁ་བསྐང་བ་ནི། ཧོཿ རྩ་གསུམ་བསྲུང་མ་སྤྱི་དང་ཁྱད་པར་དུ། །ཆོས་རྒྱལ་འཁོར་བཅས་མཆོད་བསྟོད་བསྟོད་བགྱིད་པ། །དམ་རྫས་མ་གཙང་ཕུད་ཉམས་འཕྲི་གཞོག་དང་། །བྱིན་གྱིས་མ་རློབས་ཚིག་གི་བརྗོད་ཟུར་ལོག །ཏིང་འཛིན་མ་གསལ་སྔགས་ལ་སྐྱོན་གྱིས་ཞུགས། །ཕྱག་རྒྱ་ཆད་དང་ནོར་འཁྲུལ་བྱུང་བ་སོགས། །བསྲུང་མ་ཆེན་པོའི་ཐུགས་དང་ཅི་འགལ་བ། །མཐོལ་བཤགས་གསོལ་བས་བཟོད་མཛོད་སྒྲིབ་དག་ཤོག །ཨོཾ་བཛྲ་ཤྲི་ཧེ་རུ་ཀ་ས་ཏྭ་ས་མ་ཡ། ཞེས་སོགས་ཧེ་རུ་ཀའི་ཡིག་བརྒྱ་ཨ་ལི་ཀ་ལི་རྟེན་འབྲེལ་སྙིང་པོས་ལྷག་ཆད་བསྐང་ངོ་། །དེ་ནས་གཤེགས་སུ་གསོལ་བ་ནི། ཧོཿ ཆོས་རྒྱལ་ཡབ་ཡུམ་སྤྲུལ་འཁོར་བཅས་པ་རྣམས། །དེ་ལྟར་མཆོད་བསྟོད་གསོལ་བཏབ་དོན་གྲུབ་ནས། །ད་ནི་ཆོས་དབྱིངས་གནས་དང་གཙུག་ལག་ཁང་། །ཟན་གཡང་མི་འགྱུར་བྲག་དམར་བསམ་ཡས་སུ། །པེ་ཧར་འཁོར་བཅས་ད་གཤེགས་ཤ་ར་ར། །རྒྱལ་པོ་ད་ནི་རང་གི་གནས་སུ་གཤེགས། །རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །བཀྲ་ཤིས་བདེ་ལེགས་བསམ་དོན་སྒྲུབ་ནས་གཤེགས། །པདྨ་དྲག་པོ་མེ་ཕྲེང་སྤྱན་སྔ་རུ། །ཞལ་བཞེས་ཅི་བཞིན་དམ་ལས་འདའ་མེད་པར། །མཆོད་སྦྱིན་འདོད་དོན་རེ་བ་ཡོངས་བསྐང་ནས། །ད་ནི་རང་རང་གནས་སུ་གཤེགས་པར་མཛོད། །བཛྲ་མུཿསརྦ་ལོ་ཀ་གཙྪཿ རྟག་ཏུ་ཆོས་སྐྱོང་རྟེན་ཞིང་རྟེན་ཡོད་ན་འཁོར་གྱི་དྲེགས་པ་བཛྲ་མུ། སརྦ་གཙྪས་གཤེགས་ཤིང་། གཙོ་བོ་འདིར་ནི་གཟུགས་དང་ལྷན་ཅིག་སོགས་པས་བརྟེན་པར་བྱ་ཞིང་། དེ་ནས་ལྷ་རྫས་མེ་ཏོག་བཟང་པོའི་ཆར་བཅས་བཀྲ་ཤིས་བརྗོད་པ་ནི། ཨོཾ། རྒྱལ་བ་ཡོངས་ཀྱི་ཐུགས་རྗེའི་མཁའ་ཀློང་ནས། །ཕྲིན་ལས་འདུས་པའི་སྤྲིན་ཕུང་པདྨ་འབྱུང་། །བྱིན་རླབས་ཆར་གྱིས་གདུལ་བྱ་སྨིན་པར་བྱེད། །འདྲེན་མཆོག་བླ་མ་མཆོག་གི་བཀྲ་ཤིས་ཤོག །ཞི་ཁྲོའི་གར་བསྒྱུར་མ་དྲོས་རྫིང་བུ་ལས། །མཆོག་ཐུན་ལམ་གསུམ་ཤིང་རྟའི་རྒྱུན་བཟང་པོས། །སྐལ་ལྡན་ཚད་གདུང་སྡུག་བསྔལ་སེལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །དགའ་བཞི་ལྷུན་གྱིས་གྲུབ་པའི་དཔག་བསམ་ཤིང་། །ཕྲིན་ལས་རྣམ་པ་བཞི་ཡི་ཡལ་འདབ་རྒྱས། །ཕུན་ཚོགས་འདོད་དགུའི་འབྲས་བུ་མཆོག་ཏུ་གཡུར། །མ་མོ་མཁའ་འགྲོའི་ཚོགས་ཀྱིས་བཀྲ་ཤིས་ཤོག །དམ་ཉམས་ཞིང་བཅུའི་ཀླད་པ་རབ་འགེམས་པའི། །མི་ཟད་མངོན་སྤྱོད་ལྕེ་འབབ་དྲག་པོའི་ཐུན། །ཐོགས་མེད་འབེབས་པར་བྱེད་པའི་མཐུ་རྩལ་ཅན། །རྡོ་རྗེ་བསྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །གསང་ཆེན་སྙིང་པོ་རིང་ལུགས་ཙནྡ་ལ། །དྲི་ལྟར་ཆགས་ནས་བསྟན་པ་ཉེར་བསྲུང་ཞིང་། །བཀྲ་ཤིས་མཐུ་རྩལ་རྨད་དུ་བྱུང་གྱུར་པ། །པེ་ཧར་འཁོར་བཅས་རྣམས་ཀྱི་བཀྲ་ཤིས་ཤོག །ཞེས་དང་། གཞན་ཡང་བཀྲ་ཤིས་ཅི་རིགས་པར་བརྗོད་ཅིང་ལས་ཀྱི་རྗེས་སྤྱི་དང་མཐུན་པར་བྱའོ། །འདི་ལྟར་སྣང་སྲིད་འཁོར་འདས་ཐམས་ཅད་དུ། །ཆེ་བཙན་རིགས་སྔགས་གྲུབ་པའི་འཁོར་ལོ་བསྒྱུར། །མཚན་ཙམ་གྱིས་ཀྱང་མ་རུང་སྙིང་འགས་པའི། །སངས་རྒྱས་དྲག་པོ་པདྨ་ཐོད་འཕྲེང་གི །གངས་ལྗོངས་གཙུག་ལག་བསྲུང་མར་མངའ་གསོལ་བའི། །ཆོས་སྐྱོང་ཆེན་པོ་པེ་ཧར་གསོལ་མཆོད་པའི། །ཆོ་ག་ཡིད་ལ་གང་འདོད་རེ་བའི་དོན། །ཡོངས་འཇོ་བྱེད་འདི་ཁོ་བོས་ལེགས་པར་སྨྲས། །གོང་མའི་ཚིག་ཟུར་བཅོས་དང་མཛད་བྱང་བསྒྱུར། །དུམ་དུམ་བཏུས་ནས་བསྒྲིགས་པའི་ཚུལ་མ་འདྲེས། །རྒྱལ་བ་པདྨར་མི་ཕྱེད་གུས་པའི་བློས། །དེ་ཡི་བསྟན་པར་ཅུང་ཟད་འདྲེས་པའི་མཐུས། །ཡིད་ལ་གང་ཤར་ཐོལ་བྱུང་ཉིད་དུ་སྨྲས། །ནོར་དང་འཁྲུལ་པའི་སྐྱོན་གྱིས་གོས་སྲིད་ན། །མཁྱེན་ལྡན་རྒྱལ་བའི་སྤྱན་སྔར་ཡོངས་བཤགས་པའི། །ལེགས་གྱུར་དགེ་བས་བསྟན་དགྲ་ཚར་ཆོད་ཅིང་། །བསྟན་པ་ཉམས་མེད་དར་རྒྱས་རྟག་བརྟན་ཤོག །

ཅེས་ཆོས་སྐྱོང་རྒྱལ་པོ་པེ་ཧ་ར་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ་ཞེས་བྱ་བ་འདི་ནི། དོན་གཉེར་ཅན་མང་པོས་བསྐུལ་བ་དང་། ཉེ་ལམ་དུ་གའུ་ལྷ་ལྡིང་བླ་མ་རིན་པོ་ཆེའི་སྐུ་ཚ། ཤཱཀྱའི་དགེ་ཚུལ་བློ་བཟང་རིན་ཆེན་བསྟན་འཛིན་གྱིས་ནན་བསྐུལ་ངོར། རིག་སྔགས་འཆང་བ་ཀཿཐོག་སྟག་རས་གྲུབ་དབང་པདྨ་མ་ཎིའི་སྐྱེ་བར་རློམ་པ་ལྷ་བཙུན་ཚེ་དབང་ནོར་བུ་གྲུབ་མཆོག་དབང་པོ་སྡེ་ཞེས་མིང་གཞན་དུ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་གྱིས་མངའ་རིས་མང་ཡུལ་གུང་ཐང་རྒྱལ་པོའི་ཕོ་བྲང་ཁྱུང་རྫོང་དཀར་པོའི་ལྷོ་ནུབ་གཏེར་གནས་བྲག་རིན་ཆེན་སྤུངས་པ་འདྲ་བའི་ངོགས་རི་འདབས་དགོན་དུ་མེ་ལུག་ཧོར་ཟླ་བཅུ་གཉིས་པའི་དམར་ཕྱོགས་ཀྱི་ཚེས་གཉིས་གསུམ་གྱི་ཐུན་སྐབས་སུ་ཅུང་ཟད་རེ་བྲིས་ཤིང་ཚེས་བཞི་འབྱུང་པོ་འདུ་བའི་ཉི་མ་ལ་ཆོས་སྐྱོང་དགྱེས་པའི་མཚན་མ་དང་བཅས་ཏེ་གྲུབ་པར་སྦྱར་བའི་ཡི་གེ་པ་ཡང་རང་ཉིད་ཀྱི་བགྱིས་པ་སརྦ་མངྒ་ལཾ།


previousབྲག་དམར་ཟན་ཡང་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་སྲུང་མ་ཆོས་སྐྱོང་པེ་ཧར་རྒྱལ་པོ་ཡི་གསོལ་མཆོད་འདོད་དོན་ཡོངས་འཇོ། next