Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས། next

མང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས།

༄༅། །མང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །

༈ མ་ཧཱ་གུ་རུ་བཛྲ་རུ་ཏྲོ་པ་ཀྲ་མ་ན་མོ། རྒྱལ་ཀུན་བསྐྱེད་བྱེད་ཡེ་སངས་རྒྱས་པའི་དངོས། །རིག་ཀུན་ཁྱབ་བདག་བླ་མེད་བླ་མ་ཆེ། །མཆོག་ཀུན་འདུས་པའི་ངོ་བོ་རིག་པ་འཛིན། །འགྲོ་ཀུན་འདྲེན་བྱེད་མཚོ་སྐྱེས་རྡོ་རྗེར་འདུད། །གང་དེའི་བསྒྲུབ་པའི་གནས་དང་ཟབ་མོའི་གཏེར། །རྒྱུད་འཛིན་སྐྱོངས་ལ་གཡེལ་མེད་ཉུལ་ལེ་མ། །བལ་བོད་མཚམས་ཀྱི་ཞིང་སྐྱོང་དྷཱཀྐིའི་གཙོ། །གངས་སྨན་རྒྱལ་མོའི་མཆོད་སྤྲིན་འདིར་བཀོད་དོ། །གནས་དབེན་གཙང་མར་རིན་ཆེན་བརྡར་བའི་ཕྱེ། །དཀར་དམར་ཛ་གད་སྦྱར་བའི་བཱ་ལིནྟ། །གྲུ་འདབ་བཞི་པ་ཉི་ཟླ་ནོར་བུས་བརྒྱན། །མཆོད་པའི་བྱེ་བྲག་ཅི་རིགས་ཀྱིས་བསྐོར་བཤམས། །དེ་ནས་རྣལ་འབྱོར་བདེ་བའི་གདན་ལ་འདུག །སྔོན་འགྲོ་སྐྱབས་སེམས་ཡན་ལག་བདུན་གྲུབ་ནས། །ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྐད་ཅིག་དྲན་རྫོགས་པད་ཉིའི་གདན་སྟེགས་སུ། །རང་ཉིད་གསང་བདག་པད་འབྱུང་གསལ་བ་ཡི། །ཐུགས་ཁའི་ཧཱུྃ་ལས་འོད་འཕྲོས་དོན་གཉིས་བྱས། །མཆོད་རྫས་སྐྱོན་གསལ་ཡོན་ཏན་རྒྱས་བྱིན་བརླབས། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ སྟོང་ངང་མདུན་མཐར་རིན་ཆེན་གཞལ་ཡས་དབུས། །པདྨ་འདབ་བཞི་ལྟེ་བར་ཟླ་སྟེང་ལ། །མ་ལས་བརྩེ་ལྡན་རྒྱ་གར་རལ་གཅིག་མ། །ཞལ་གཅིག་ཕྱག་གཉིས་ལྷུན་སྡུག་གངས་རིའི་མདོག །ཞི་འཛུམ་མདངས་ལྡན་སྤྱན་གཉིས་ཟུར་མིག་གཡོ། །དཔྲལ་བར་ཡེ་ཤེས་ཐིག་ལེ་སྤྱན་གཅིག་བརྒྱན། །ཆེར་སྒེག་ཞལ་རས་དུང་སོ་གཡུ་སྨིན་འཁྱུགས། །བཅུ་དྲུག་ན་ཚོད་མཐོང་དྲན་བདེ་བ་བསྐྱེད། །ཡིད་འཕྲོག་མཐོན་དཀའི་རལ་པ་གཙུག་བཅིངས་པའི། །རྩེ་མོར་བསམ་འཕེལ་དབང་གི་ནོར་བུ་སྤྲས། །ལྷག་མ་མཐར་འཕྱང་ཟུར་ཕུད་ལྔ་རུ་མཛེས། །གསེར་གཡུ་མུ་ཏིག་སྤེལ་བའི་དབུ་རྒྱན་བཅིངས། །རབ་མཚར་སྦྲུལ་གྱི་གདེངས་ཀ་གསུམ་གྱིས་བརྒྱན། །སྙན་གོང་གཡས་གཡོན་ཆུ་སྐྱེས་དཀར་འཚེར་བཞད། །ཕྱག་གཡས་ལྕགས་ཀྱུའི་འགྲོ་བའི་ཡིད་དབང་འགུགས། །གཡོན་ཐོད་བུམ་རིལ་སྒྲུབ་ལ་དངོས་གྲུབ་སྩོལ། །སྐུ་སྟོད་རིན་ཆེན་རྒྱན་འཕྲེང་དར་པཎ་གཡོ། །སྨད་གཡོགས་མཐིང་ཁྲ་རཏྣ་དར་ཆིངས་ཀླུབས། །རྨ་བྱའི་སྒྲོ་མདངས་ཐུལ་པ་འཇའ་ལྟར་བཀྲགས། །གསེར་དངུལ་ཕྱག་གདུབ་ལྕགས་སྒྲོག་ཞབས་གདུབ་འཁྲོལ། །ནོར་བུ་སྤུང་ཁྲིར་ཞབས་གཉིས་འགྱིངས་གར་བཞུགས། །ཕྱོགས་འདབས་བཞི་ལ་མདུན་ནས་གཡས་བསྐོར་དུ། །ཕྲིན་ལས་བཞི་བསྒྲུབ་ལྷ་སྨན་ཆེན་མོ་བཞི། །ཞི་མཛད་དཀར་འཛུམ་མདའ་དར་མེ་ལོང་ཐོགས། །དཔལ་བསྐྱེད་སེར་བཞད་ནོར་བུ་བུམ་པ་བསྣམས། །དབང་མཛད་དམར་ཆགས་ལྕགས་ཀྱུ་ཞགས་པ་འཛིན། །སྒྲོལ་བྱེད་ནག་ཁྲོས་ཁྲི་ཤིང་ནད་རྐྱལ་གདེངས། །འཁོར་དུ་རང་རང་རིགས་མཐུན་འབུམ་སྡེ་དང་། །བརྟན་མ་གཞི་བདག་ལྷ་ཀླུ་བཙན་བདུད་བསྐོར། །གཞན་ཡང་ལྷ་སྨན་ཆེན་མོའི་ཡབ་དང་ཡུམ། །ཀླུ་རྒྱལ་ནོར་སྐྱོངས་ཀླུ་སྨན་འོད་ལྡན་མ། །མིང་པོ་ལྷ་བཙན་བཀའ་ཉན་དགེ་བསྙེན་སོགས། །རང་རང་བུ་སྨད་ཁྱོ་གྲོགས་མཛའ་བཤེས་བཅས། །དཔག་མེད་སྤྲིན་ཕུང་འཐིབ་པ་ལྟར་གསལ་ཞིང་། །བདག་མདུན་ཐུགས་ཁའི་འོད་ཟེར་ལྕགས་ཀྱུ་ཡིས། །རང་བཞིན་གནས་དང་བྱང་ཤར་རྒྱ་མཚོའི་གླིང་། །རི་རབ་ཟོམ་དང་རྡོ་རྗེ་གདན་གྱི་སྤོ། །བལ་བོད་ས་མཚམས་མང་ཡུལ་དཔལ་འབར་རི། །གཞན་ཡང་གྲུབ་པའི་གནས་ཡུལ་ས་གསུམ་ཁམས། །གང་དུ་བཞུགས་ཀྱང་ཇོ་མོ་འཁོར་དང་བཅས། །སྐད་ཅིག་མྱུར་བ་ཉིད་དུ་སྤྱན་དྲངས་གྱུར། །མ་མ་དེ་ཝི་རེ་མ་ཏི་བྷྱོཿས་མ་ཡཱ་ཛ་ཛཿ བྷྱོཿ དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཇོ་མོ་རྒྱ་དཀར་མ། །འདོད་དགུ་བསྒྱུར་བའི་འཕྲུལ་མོ་ཆེ། །ཆོས་ཀྱི་དབྱིངས་སུ་རལ་གཅིག་མ། །བྱང་ཤར་མཚམས་ན་དཔལ་འབར་མ། །རྡོ་རྗེ་གདན་ན་རེ་མ་ཏི། །བལ་བོད་མཚམས་གྱུར་མང་ཡུལ་རི། །དཔལ་འབར་གནས་ན་ཞིང་སྐྱོང་མ། །ཡབ་ཡུམ་མཆེད་འཁོར་མང་པོ་དང་། །བཀའ་ཉན་ལས་མཁན་བཅས་པ་ཀུན། །སྔོན་ཚེ་ཐུབ་ཆེན་གསང་བའི་བདག །བར་དུ་དབང་ཆེན་པདྨ་འབྱུང་། །ཐ་མར་གཏེར་གྲུབ་མཆོག་རྣམས་ཀྱི། །སྤྱན་སྔར་ཁྱོད་ཀྱིས་གཟུགས་བསྟན་ཅིང་། །སྲོག་ཕུལ་གཡར་དམ་བླང་བ་བཞིན། །སྤྱན་འདྲེན་གནས་འདིར་བྱོན་ནས་ཀྱང་། །དགྱེས་པའི་ཞལ་སྟོན་གྲུབ་རྟགས་ཕྱུང་། །བཅོལ་བའི་ལས་མཛོད་དངོས་གྲུབ་སྩོལ། །བྷྱོཿམ་མ་དེ་ཝི་ཨེ་ཀ་ཛ་ཊི་རི་མ་ཏི་ས་པཱ་རི་ཝཱ་ར་ཨ་གད་ཚ་ས་མ་ཡཱ་ཙིཏྟ་ཧྲིང་ཧྲིང་ཛ་ཛཿཧོ། འདིར་བཤམས་པད་ཟླ་ནོར་བུའི་ཁྲིར། །ཇོ་མོ་འཁོར་བཅས་དགྱེས་བཞུགས་གསོལ། །བསྟན་པ་བསྲུང་ཕྱིར་ཐལ་མོ་སྦྱར། །གུས་པའི་ཡིད་ཀྱིས་མཆོད་པར་བགྱི། །ཕྱི་ནང་གསང་བ་དེ་བཞིན་གྱི། །མཆོད་པ་ཀུན་བཟང་རྒྱན་གྱི་སྤྲིན། །དངོས་ཡིད་ལས་སྐྱེས་ནམ་མཁའི་མཛོད། །དཔག་གིས་མི་ལོང་ཆོས་དབྱིངས་ཁྱོན། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྙན་པའི་སྒྲ་དབྱངས་དང་། །གཟུགས་སྒྲ་དྲི་རོ་རེག་བདེ་ཆོས། །མཱ་དཱ་ན་དང་དྷུ་དྷེ་རཾ། མ་ཧཱ་བཱ་ལིན་ཨ་མྲྀ་ཏ། །ཐབས་ཤེས་བདེ་སྟོང་དགའ་བཞིའི་གྲོས། །ཉོན་མོངས་རང་གྲོལ་ཆོས་དབྱིངས་ཀློང་། །རྣམ་པར་དག་པའི་མཆོད་ཚོགས་ཀུན། །དཔལ་འབར་ཞིང་སྐྱོངས་དྷཱ་ཀི་མ། །འཁོར་དང་བཅས་ལ་འབུལ་ལགས་ཀྱིས། །དགྱེས་བཞེས་རྣལ་འབྱོར་ཕྲིན་ལས་བཞི། །ཐོགས་མེད་ལྷུན་གྱིས་གྲུབ་པར་མཛོད། །མ་མ་ཥེ་ཊ་པཱ་ལ་དི་ཝི་ནི་ས་པཱ་རི་ཝཱ་རི་ཨརྒྷཾ་པ་དྱཾ་པུཥྤེ་ཨ་ལོ་ཀེ་གནྡེ་ནཻ་ཝི་དྱ་ཤབྡ་པཱུཙྪ་ཨཱཿཧཱུྃ། རུ་པ་ཤབྡ་གནྡེ་རཱ་སྱ་སྤཪྴེ་དྷརྨཱ་པཱུཙྪ་ཨཱཿཧཱུྃ། སརྦ་པཱཉྩ་ཨ་མྲྀ་ཏ་རཀྟ་ཁ་ཁ་ཁཱ་ཧི། ཨ་ཧེཾ་ཏི་ཏ་བྷོ་དྷི་ཙིཏྟ་གུ་ཧྱ་པཱུཙྪ་ཧོཿ ཁྱད་པར་གཏོར་མཆོད་སྔགས་རྒྱས་བྱིན་བརླབས་ཏེ། མ་མ་རུ་ལུ། ལ་ལ། ལི་ལི། ཏ་ཏ། ཏེ་ཏེ། རུ་ལུ་རུ་ལུ་བྷྱོཿ ཤྲཱི་ཛྭ་ལ་ཥེ་ཊ་པཱ་ལ་དེ་ཝི་ས་མ་ཡཱ་ཛ་ཛཿ ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཕུལ་ཏེ་མཉེས་པར་བསམ། བྷྱོཿ གདོད་ནས་རྣམ་དག་སྐྱེ་མེད་ཆོས་སྐུའི་ངང་། །འགག་མེད་འོད་གསལ་ལྷུན་གྲུབ་སྒྱུ་འཕྲུལ་གར། །ཀུན་ཁྱབ་ཐུགས་རྗེ་རྟེན་འབྲེལ་རོལ་པའི་ཀློང་། །སྣང་སྲིད་འབྱུང་ལྔ་ཡུམ་གྱི་མཁའ་ཀློང་དབུས། །བདེ་ཆེན་དཔའ་མོ་ཞིང་སྐྱོངས་མཁའ་འགྲོའི་ཚུལ། །ལས་མཛད་སྨན་ཅིག་ཇོ་མོ་རྒྱ་དཀར་མ། །སྣ་ཚོགས་ཅིར་ཡང་སྟོན་པའི་རྫུ་འཕྲུལ་ཅན། །དམ་ལྡན་སྐྱོང་མཛད་མ་ལ་ཕྱག་འཚལ་བསྟོད། །ཚངས་སྲས་དབང་མོ་གསར་དུ་དགྱེས་པའི་སྐུ། །བདེ་ཆེན་བཅུ་དྲུག་ལང་ཚོ་རབ་ཏུ་སྒེག །མཐོང་དང་དྲན་པ་ཉིད་ནས་བདེ་བ་འབར། །ལྷན་སྐྱེས་པདྨའི་རྒྱལ་མོ་ཁྱོད་ལ་བསྟོད། །རབ་དགའི་རྒྱུད་མངས་སྙེམས་པ་ཕྲོག་པའི་གསུང་། །སྦྱོར་བ་དྲུག་ཅུ་མགྲིན་པའི་ཏམྦུ་ར། །ཐོས་པ་ཉིད་ནས་དབང་མེད་ཚངས་དབྱངས་འགུགས། །ཡིད་འཕྲོག་དབྱངས་ལྡན་རྒྱལ་མོ་ཁྱོད་ལ་བསྟོད། །མིག་སྟོང་ལྡན་ཡང་སྐྱེངས་བྱེད་མཁྱེན་པའི་དབང་། །རྨད་བྱུང་རྒྱལ་བའི་བཀའ་དང་དེ་འཛིན་ལ། །གཡེལ་མེད་བུ་ལྟར་བརྩེ་བའི་ཐུགས་རྗེ་ཅན། །བདེན་དོན་མངོན་གྱུར་རྒྱལ་མོ་ཁྱོད་བསྟོད་དོ། །མཆོད་ཅིང་བསྟོད་དེ་གསོལ་བ་བཏབ་པ་ན། །ཅི་ལྟར་རེ་བའི་འདོད་དོན་གང་ཡིན་པ། །ཐོགས་མེད་སྩོལ་མཛད་ཡིད་བཞིན་ལྷ་མོ་ཆེ། །འགྲོ་བའི་རེ་བསྐང་རྒྱལ་མོ་ཁྱོད་བསྟོད་དོ། །ཁྱོད་སྔོན་རིག་འཛིན་པདྨ་ཐོད་འཕྲེང་གིས། །གསང་བའི་ལྡེམ་མཛད་བཀའ་ཡི་གཉེར་འཛིན་བསྐོས། །རྒྱུད་འཛིན་སྐྱོངས་བར་ཞལ་བཞེས་དམ་ཚིག་ཅན། །སྨན་ཅིག་རྒྱ་གར་ལྷ་མོར་གུས་པས་བསྟོད། །བཀའ་ཉན་ལས་བྱེད་རིགས་ཀྱི་ལྷ་མོ་བཞི། །འཁོར་དུ་སྨན་མོ་བརྟན་མ་ཡུལ་ས་དང་། །ལྷ་ཀླུ་གཉན་བདུད་འབྲོག་མོ་གཟའ་དང་བཙན། །མ་ལུས་འཁོར་དང་བཅས་ལ་བདག་གིས་བསྟོད། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང་། །དམ་ལྡན་ཆོས་མཐུན་དཔུང་གྲོགས་གཡེལ་མེད་ཅིང་། །རྣམ་བཞིའི་འཕྲིན་ལས་ཐོགས་མེད་འགྲུབ་པ་དང་། །ས་འདིར་གསང་སྔགས་བསྟན་པ་དར་རྒྱས་ཤིང་། །འཆད་ཉན་བསྒོམ་བསྒྲུབ་ཉམས་མེད་གོང་དུ་འཕེལ། །ཉམས་དང་རྟོགས་པའི་འབྲས་བུ་མྱུར་དུ་སྨིན། །བཀའ་བཙན་བྱིན་ཆེ་ཡུན་གནས་ཕྲིན་ལས་མཛོད། །སརྦ་སིདྡྷཾ་མེ་པྲ་ཡཙྪནྟུ་ཡེ་སྭཱ་ཧཱ། དེ་ནས་མཆོད་བསྒང་བཤགས་པའི་ལས། །བསྐང་བའི་གཏོར་མ་བརྒྱན་ལྡན་དང་། །མཆོད་པའི་བྱེ་བྲག་ཅི་འབྱོར་བ། །བཤམས་ཤིང་དབྱངས་སྙན་རོལ་མོ་བཅས། །ཧཱུྃ་བྷྱོཿ འཛམ་གླིང་དབུས་འགྱུར་བྱང་གི་ཕྱོགས། །བོད་ཡུལ་ལྷ་ལྡན་ལྷོ་ནུབ་མཚམས། །མང་ཡུལ་སྐྱིད་རོང་བཀྲ་ཤིས་ལྗོངས། །རྒྱལ་བས་ལུང་བསྟན་དཔལ་འབར་རི། །མཐོ་བ་གུང་སྔོན་དབྱིངས་སུ་སྙེགས། །སྲིད་པའི་གངས་རི་ཤེལ་ལྟར་འཚེར། །འཇའ་སྤྲིན་ན་བུན་མགུར་ཆུར་འཁྲིལ། །ཁུ་འཕང་སྦྲང་ཆར་རྒྱུན་མི་ཆད། །སྤུ་སྡུག་བྱ་རིགས་གསུང་སྙན་སྒྲོགས། །རི་དྭགས་མང་པོ་ཁྱུ་རུ་རྩེ། །གཅན་གཟན་ཉམས་རྩལ་སྟོབས་ལྡན་རྒྱུ། །དྲི་བཟང་སྤོས་ཀྱི་ནགས་ཚལ་བསྐོར། །གྲུབ་པའི་རྣལ་འབྱོར་སྤྱོད་པར་རྒྱུ། །དཔའ་བོ་མཁའ་འགྲོས་བརྡའ་སྐད་སྒྲོགས། །དེ་འདྲའི་གནས་མཆོག་ཡ་མཚན་ན། །ཞིང་སྐྱོང་བརྟན་མ་ཆེན་མོ་བཞུགས། །ཇོ་མོ་རྒྱ་དཀའ་ཞེས་བྱའོ། །སྐུ་ལ་དེ་ནི་ཅི་གསོལ་ན། །མཛེས་སྡུག་རྨ་བྱའི་ཐུལ་པ་གསོལ། །དབུ་ལ་སྦྲུལ་གྱི་གདེངས་ཀས་བརྒྱན། །ཕྱག་ན་རིན་ཆེན་མཆོག་ཕུར་དྲིལ། །ཆིབས་ལ་དེ་ནི་མ་ངེས་ཀྱང་། །ཕལ་ཆེར་དྲེའུ་ཁ་དཀར་ཞོན། །འཁོར་དུ་སྨན་ཕྲན་འབུམ་དང་བཅས། །སྐད་ཅིག་རེ་ལ་སྲིད་གསུམ་ཉུལ། །དམ་ཚིག་ཅན་ལ་སྟོང་གྲོགས་མཛད། །དམ་ཉམས་སྙིང་སྲོག་འབྲལ་བར་བྱེད། །རིན་ཆེན་རྒྱལ་བའི་བསྟན་པ་བསྲུང་། །ཟབ་མོ་གཏེར་གྱི་གཉེར་མཛད་མ། །ཡ་མཚན་ལྷ་མོ་འཁོར་དང་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །ཁྱེད་ཀྱི་ཐུགས་དམ་བསྐང་བར་བགྱི། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དངོས་སུ་འབྱོར་དང་ཡིད་སྤྲུལ་རྫས། །མཛེས་པའི་མེ་ཏོག་དྲི་ཞིམ་སྤོས། །སྣང་གསལ་མར་མེ་བསུང་ལྡན་ཆབ། །ཁམས་གསོ་བརྟག་ཞིབ་ཞལ་ཟས་ཆེ། །སྙན་པའི་གླུ་དབྱངས་རོལ་མོའི་སྒྲ། །ཡིད་དུ་འོང་བའི་མཆོད་པ་འདི། །བསྐང་ངོ་ཁྱེད་ཀྱི་ཐུགས་དམ་བསྐང་། །གཞན་ཡང་གཟུགས་སྒྲ་དྲི་རོ་རེག །འདོད་ཡོན་ལྔ་ལྡན་ཆོས་ཡིད་ཚིམ། །ལྷ་མོ་འཁོར་དང་བཅས་ལ་འབུལ། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །མཐུན་པའི་དམ་རྫས་འབུལ་བ་ནི། །རིན་ཆེན་ལྔ་དང་དར་ཟབ་ལྔ། །དཀར་གསུམ་མངར་གསུམ་རྩི་སྨན་བཅུད། །ཀླུ་སྨན་ཤིང་ཏོག་སྣ་ཚོགས་པས། །གནས་བདག་ཇོ་མོ་འཁོར་བཅས་ཀྱི། །ཐུགས་རྗེ་ཆེན་པོ་ཕྲིན་ལས་མཛོད། །རྨ་བྱའི་སྒྲོ་མདངས་དར་ཟབ་གདུགས། །བྱང་ཆུབ་ཤིང་ལོ་རླུང་གཡེང་པ། །ས་ལ་མ་ལྷུང་བླང་བ་དང་། །འབོད་པའི་གཡབ་དར་བརྟེན་པའི་རྫས། །རིན་ཆེན་ཤེལ་རྡོ་སྲོག་ཤིང་སོགས། །ལྷ་མོའི་ཐུགས་དམ་བསྐང་ཕྱིར་འབུལ། །གཞན་ཡང་སྐུ་གཟུགས་སྔགས་བྱང་དང་། །དམར་དར་མེ་ལོང་ཤེལ་འཕྲེང་རྣམས། །ལྷ་མོའི་ཐུགས་དམ་བསྐང་ཕྱིར་འབུལ། །གཡར་དམ་གཉན་པོ་དེས་བསྐང་ཅིག །ནང་གི་དབང་པོ་སྣ་ལྔ་དང་། །བདུད་རྩིའི་སྨན་དང་རཀྟ་དམར། །མཐུན་པའི་དམ་རྫས་བཱ་ལིནྟ། །སྦྱོར་སྒྲོལ་གཱ་ཎ་ཙཀྲ་སོགས། །བླ་མེད་གསང་བའི་རྫས་མཆོག་གིས། །རེ་ཏི་འཁོར་བཅས་ཐུགས་དམ་བསྐང་། །གཞན་ཡང་བསྒོམ་བསྒྲུབ་ཏིང་ངེ་འཛིན། །དཀར་པོ་དགེ་བའི་ལས་གྱུར་པས། །དཔལ་ལྡན་གཉན་གྱི་རེ་མ་ཏི། །ཇོ་མོ་འཁོར་བཅས་ཐུགས་དམ་བསྐང་། །རང་རང་མཐུན་རྫས་དཔག་མེད་པས། །མཚན་བཟང་དྷཱ་ཀིའི་ཐུགས་དམ་བསྐང་། །རྡོ་རྗེ་རལ་གཅིག་ཐུགས་དམ་བསྐང་། །ལྷ་སྨན་ཆེན་མོའི་ཐུགས་དམ་བསྐང་། །བསྟན་མ་ཆེན་མོའི་ཐུགས་དམ་བསྐང་། །སྨན་ཕྲན་འབུམ་ཡོངས་ཐུགས་དམ་བསྐང་། །མཆེད་འཁོར་བྲན་བཅས་ཐུགས་དམ་བསྐང་། །ཡབ་གཅིག་ཀླུ་རྒྱལ་ཐུགས་དམ་བསྐང་། །ཡུམ་གཅིག་ཀླུ་སྨན་ཐུགས་དམ་བསྐང་། །གཞན་ཡང་ཇོ་མོ་ཆེན་མོ་ཡི། །མིང་པོ་བཀའ་སྡོད་མཛའ་གྲོགས་ཚོགས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །བསྐང་རྫས་བསམ་གྱིས་མི་ཁྱབ་པ། །ཀུན་བཟང་རྒྱན་སྤྲིང་ལས་བྱུང་བ། །གང་ལ་གང་འདོད་མཐུན་པའི་རྫས། །ཐོགས་མེད་འཕྲོ་བས་ཐུགས་དམ་བསྐང་། །གཡག་ལུག་ར་དང་མཁའ་ལྡིང་ཚོགས། །ཟལ་ལེ་འབྲི་ཡི་ཚོགས་ཀྱིས་བསྐང་། །ཐུགས་དམ་གཉན་པོ་དེས་བསྐང་ནས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །རྐྱེན་ངན་བར་ཆད་བཟློག་པ་དང་། །ཆགས་ཆེ་ཉམས་ང་དགྲ་ལ་བསྒྱུར། །ཚེ་བསོད་དཔལ་འབྱོར་སྙན་པ་སྤེལ། །ཟས་ནོར་ལྷ་འདྲེ་མི་གསུམ་བསྡུས། །གདུག་པའི་དགྲ་བགེགས་རྡུལ་དུ་རློགས། །བཅོལ་བའི་ལས་ཀུན་མྱུར་འགྲུབ་མཛོད། །ཧོ། ཞིང་སྐྱོང་མཁའ་འགྲོ་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་རྣལ་འབྱོར་མ་རིག་མ་རྟོགས་པས། །རྩ་བ་སྐུ་གསུང་ཐུགས་དང་ཡན་ལག་གི །དམ་ཚིག་ཉམས་པ་གནོང་འགྱོད་མཐོལ་ཞིང་བཤགས། །ཆེ་ཞེས་དཔལ་ལྡན་རེ་མ་ཏི། །གནས་གཏེར་སྐྱོངས་ཕྱིར་ཀླུ་དབང་སྲས་མོའི་ཚུལ། །སྨན་གཅིག་ཇོ་མོ་རྒྱ་གར་སྐུར་སྟོན་པ། །དོན་དམ་རྫོགས་སངས་རྒྱས་ཉིད་ཡིན་པ་ལ། །གདུལ་བྱ་འདུལ་ཕྱིར་ཐབས་མཁས་མཛད་གྱུར་པ། །མ་རྟོགས་དྲེགས་པར་བཟུང་བ་མཐོལ་ལོ་བཤགས། །མྱ་ངན་འདས་ཀྱང་བསྟན་པ་བསྲུང་བའི་ཆེད། །འཇིག་རྟེན་ཚུལ་སྣང་ལེགས་ཉེས་གཏང་འཛིན་ཞིང་། །བཀའ་འཁོར་བྲན་གཡོག་མི་སྲུན་གདུག་པས་བསྐོར། །ཁྱེད་རྣམས་ཐུགས་དང་འགལ་ཀུན་མཐོལ་ཞིང་བཤགས། །དམ་རྫས་མ་གཙང་ཕུད་གཏོར་དུས་ལས་གཡེལ། །མཆོད་རྫས་རྒྱ་ཆུང་བྱིན་བརླབས་མ་ནུས་ཤིང་། །ཆོ་ག་མ་དག་སྔགས་དང་ཕྱག་རྒྱ་ནོར། །ཏིང་འཛིན་མ་གསལ་བཟླས་པའི་གྲྭ་ཟུར་ཉམས། །ལེ་ལོ་རྐྱེན་དབང་བྱིང་རྨུགས་འཐིབ་པས་མྱོས། །རྣམ་གཡེང་དབང་གྱུར་ཁས་བླངས་དམ་དང་འགལ། །དེ་སོགས་འགལ་འཁྲུལ་ཉེས་ལྟུང་ཅི་མཆིས་ཀུན། །སྔགས་ནག་ཇོ་མོ་འཁོར་བཅས་སྤྱན་སྔར་བཤགས། །གཙང་རིག་ལྷ་རྣམས་མི་དགྱེས་ལས་གྱུར་པ། །མི་གཙང་ཐབ་གཞོབ་འཐབ་འཁོན་ཀུ་ཅོ་དང་། །དམ་ཉམས་ཡུགས་ས་མཛེ་གྲིབ་གོས་པ་དང་། །རྨེ་རྣལ་ཟས་གོས་སྤྱོད་པ་བྱོལ་ཉོག་པས། །བསྲུང་མ་མི་དགྱེས་ལས་སུ་གྱུར་པ་ཀུན། །མཐོལ་ཞིང་བཤགས་སོ་བྲང་ཞིང་དག་གྱུར་ཅིག །བསྒྲུབ་པའི་ཡུལ་ལྗོངས་དབེན་པའི་གནས་རྣམས་སུ། །ས་ཆུ་རྡོ་ཤིང་གཉན་པོར་གྱུར་པ་ལ། །མ་ཤེས་རྐོ་དཀྲུགས་བསློག་བཅད་བྱས་པ་དང་། །ཡི་མཐུན་ཐུགས་དང་འགལ་བའི་ལས་གྱུར་ཀུན། །བརྟན་མ་འཁོར་བཅས་སྤྱན་སྔར་མཐོལ་བཤགས་བགྱི། །བཟོད་བཞེས་གདུག་སེམས་ཞི་བར་མཛད་དུ་གསོལ། །བདག་ནི་ཇི་སྙེད་མཁྱེན་པའི་མཐུ་མེད་པས། །ལྷ་སྨན་ཡབ་ཡུམ་ལྕམ་དྲལ་བཀའ་འཁོར་བཅས། །བརྟེན་ཅིང་མཆོད་ལ་རང་རང་མཐུན་པའི་རྫས། །མ་འཛོམ་ཕྱི་ནང་མཆོད་པ་འདྲེས་པ་དང་། །གཙང་རྨེ་འདྲེས་སོགས་རིགས་དང་མི་མཐུན་པ། །མཆོད་རྟེན་རྫས་སུ་བགྱིད་པར་གྱུར་པ་དང་། །འབག་བཙོག་དྲིས་འབག་ཉམས་དང་ཚོགས་འདྲེས་སོགས། །འགལ་བའི་ལས་ཀུན་ལྷ་སྨན་འཁོར་བཅས་ཀྱི། །སྤྱན་སྔར་གནོང་ཞིང་འགྱོད་པས་མཐོལ་བཤགས་བགྱི། །བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ། །གཞན་ཡང་ལྟ་བ་མ་རྟོགས་ཀློང་མ་གྱུར། །བསྒོམ་པ་འཕེལ་འགྲིབ་ཉམས་རྟོགས་རྩལ་མ་རྫོགས། །སྤྱོད་པ་ལ་བཟླ་ཤན་འབྱེད་ཚུལ་མ་མཁས། །འབྲས་བུ་སྤང་ལེན་རེ་དོགས་སོང་བ་དང་། །མདོར་ན་འབྲས་བུའི་ཐེག་པ་སྔགས་ཕྱི་ནང་། །ཐུན་མོང་སྡེ་སྣོད་རྣམ་པ་གསུམ་པོ་ཡི། །གནས་ལུགས་ཉམས་ལེན་བསླབ་སྤྱོད་འགལ་གྱུར་ཀུན། །གཏང་འཛིན་མཁའ་འགྲོ་འཁོར་དང་བཅས་པ་ལ། །གནོང་འགྱོད་དྲག་པོས་མཐོལ་བཤགས་བཟོད་པར་བཞེས། །སྒྲིབ་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞིང་སྐྱོངས་མཁའ་འགྲོ་འཁོར་དང་བཅས་པ་ཡི། །སྤྱན་སྔར་སྨྲེངས་ཤིང་བཤགས་པ་འདི་གསོལ་བས། །འགལ་འཁྲུལ་ཉེས་པར་གྱུར་པ་ཡོངས་བྱང་སྟེ། །མ་དང་མཁའ་འགྲོས་བུ་ལྟར་སྐྱོངས་ནས་ཀྱང་། །ལས་བཞིའི་འཕྲིན་ལས་གང་བསམ་ཐོགས་མེད་ཅིང་། །ས་ལམ་ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ། །ཡེ་ཤེས་རླུང་གཡོས་དབུ་མའི་མདུད་པ་བཀྲལ། །བདེ་ཆེན་ཁམས་ཏི་ཡོངས་ཁེངས་ནས། །ཁ་སྦྱོར་ཡན་ལག་བདུན་གྱི་ཡོན་ཏན་ཀུན། །ལྷན་སྐྱེས་མཁའ་འགྲོའི་ནུས་པས་གདེངས་ཐོབ་སྩོལ། །མདོར་ན་རྣམ་མཁྱེན་བྱང་ཆུབ་ཆེན་པོའི་སར། །བར་དུ་སྐྱེ་བ་གར་ལེན་ཡང་། །སྔགས་བདག་མ་མོས་རྟག་ཏུ་བསྲུང་བ་དང་། །མི་མཐུན་ཀུན་ཞི་མཐུན་དགུ་འབད་མེད་འགྲུབ། །ཚེ་རིང་ནད་མེད་དཔལ་འབྱོར་ལོངས་སྤྱོད་རྒྱས། །དབང་དྲག་ནུས་པའི་བརྟུལ་ཞུགས་མཐའ་རུ་ཕྱིན། །ནོར་འཁྲུལ་མི་མངའ་རྒྱལ་བའི་མཁྱེན་ཡེ་རྫོགས། །བུ་སློབ་དར་རྒྱས་སྨིན་གྲོལ་གྲོགས་མཛོད་ཅིག །དོན་དམ་ངོ་བོར་ཆོས་ཀུན་རང་རིག་གདངས། །གཉིས་འཛིན་འཁྲུལ་པའི་གཟེབ་ལས་ཡོངས་འདས་པས། །བཤགས་དང་བཤགས་བྱེད་སོ་སོར་མི་དམིགས་ཤིང་། །མཉམ་པའི་རང་བཞིན་ཡེ་ནས་གཅིག་པར་གནས། །ཀུན་རྫོབ་སྒྱུ་མ་ཙམ་དུ་རྒྱུ་འབྲས་ཆོས། །འགག་མེད་བྱེད་སྤྱོད་ཉེས་པར་གྱུར་པ་ཀུན། །གནོང་འགྱོད་དྲག་པོས་གཏང་འཛིན་སྤྱན་སྔར་བཤགས། །དག་ཚངས་ཡེ་ཤེས་མཁའ་འགྲོས་དངོས་གྲུབ་སྩོལ། །ཞེས་བརྗོད་ཡིག་བརྒྱ་ཨཀྵ་ད་ཁ་བསྐང་། །རྗེས་སུ་མངོན་བརྗོད་ཆེད་དུ་བསྐུལ་བ་དང་། །མགྲོན་ཐབས་རྐྱེན་སེལ་ཆེད་དུ་མཆོད་པ་ན། །བསྲུང་སྐྱོབས་འཕྲིན་ལས་བཅོལ་ནས་གཤེགས་སུ་གསོལ། །རྒྱུན་དུ་བསྲུང་མར་བརྟེན་ན་འཁོར་གཤེགས་ཤིང་། །གཙོ་མོ་མི་གཤེགས་རྟེན་ལ་གཉིས་མེད་བསྟིམ། །དཀོར་ནོར་ལོངས་སྤྱོད་གཉེར་གཏད་བཅོལ་གཏམ་བྱ། །མཆོད་པས་གང་བསམ་ཕྲིན་ལས་འགྲུབ་པར་འགྱུར། །རྒྱུན་དུ་དམ་ཚིག་རྨི་ཡུག་མཛེ་བཤན་དང་། །ཉམས་པ་ཅན་དང་རོ་གྲིབ་བོང་གྲིབ་འཛེམ། །གཙང་སྦྲ་ལ་འབད་འཐབ་འཁོན་འཐབ་གཞོང་སྤང་། །བསང་གཏོར་དུས་སུ་མི་ཆག་རྟག་ཏུ་འབུལ། །མདོར་ན་གསང་སྔགས་དམ་ཚིག་གཞུང་བཞིན་བསྲུང་། །རྡོ་རྗེ་སློབ་དཔོན་སྙིང་སྲོག་ལྟར་དུ་བལྟ། །མཁའ་འགྲོ་ཆོས་སྐྱོང་ཚོགས་གཏོར་གྱིས་བསྐང་བྱ། །དེས་ནི་འདི་ཕྱི་ཀུན་ཏུ་བདེ་འབྲས་ཐོབ། །

དེ་ལྟར་བལ་བོད་ས་མཚམས་པདྨའི་གནས། །མང་ཡུལ་དབུས་སུ་རི་བོ་དཔལ་འབར་ཞེས། །བཅོམ་ལྡན་འདས་ཀྱི་མདོ་སྡེ་ཕལ་པོ་ཆེ། །ལུང་དུ་བསྟན་པའི་གངས་ལྡན་དེ་ཉིད་ཀྱི། །བསྲུང་མ་རི་ཏི་ཞིང་སྐྱོང་ལྷ་སྨན་དུ། །སྣང་བའི་མཚན་དུ་ཇོ་མོ་རྒྱ་དཀར་ཞེས། །རྒྱལ་བའི་བསྟན་བསྲུང་རྨད་བྱུང་དེ་ཉིད་ཀྱི། །གསོལ་མཆོད་བསྐངས་བཤགས་ཕྲིན་ལས་ནར་མའི་རྒྱུན། །བླ་མ་མཁའ་འགྲོའི་ཐུགས་རྗེས་སྣང་བ་ཡིས། །གང་ཤར་ཤུགས་འབྱུང་མ་བཅོས་གཉུག་མའི་ཚིག །འབོལ་རྩོམ་མགྲིན་པའི་ཏམྦུ་ར་ཡི་དབྱངས། །དམ་ཅན་དགྱེས་པ་བསྐང་ཕྱིར་འདིར་སྤེལ་དགོས། །བསྲུང་མའི་མཐུ་ནུས་དཔལ་དུ་འབར་བ་ཡི། །རྒྱལ་བསྟན་ནུབ་མེད་ཡར་ངོའི་ཟླ་ལྟར་འཕེལ། །དེར་འཛིན་སྐྱེས་བུའི་ཚེ་བསོད་རབ་གནས་བརྟན། །ལུང་རྟོགས་སྤྲིན་བྲལ་ཉི་ལྟར་གསལ་གྱུར་ཅིག །

ཅེས་མང་ཡུལ་རི་བོ་དཔལ་འབར་གྱི་གཏེར་བདག་མཁའ་འགྲོའི་ཕྲིན་ལས་རབ་གསལ་རྒྱུད་ཡང་བྱ་བ་འདི་ཉིད་གནས་དེ་ཡི་གཙུག་ལག་ཁང་གི་རིམ་གྲོ་པ་བཀྲ་ཤིས་དོན་གྲུབ་ཀྱིས་བསྐུལ་བ་དང་། དྷཱ་ཀྐི་ཉིད་ཀྱང་དགྱེས་པའི་རྣམ་འགྱུར་སྟོན་པ་ལ་བརྟེན་ནས། མདོ་ཁམས་ཀཿཐོག་རྡོར་གདན་གྱི་ལྷོ་ཕྱོགས་སུ་སྐྱེས་པའི་འོད་གསལ་ལྷ་རིགས་ཀྱི་བཙུན་པ་ཚེ་དབང་ནོར་བུ་ཡིད་འོང་ལེགས་སྨྲ་རྒྱ་མཚོའམ། མིང་གཞན་དུ་ཀརྨ་རིན་ཆེན་མཆོག་ཏུ་དགའ་བ་དགེ་བའི་དཔལ་ཞེས་པས་པྲ་ས་གཿར་གྲགས་པ་མེ་ལུག་ཟླ་བཅོ་ལྔ་ཚེས་བཟང་པོར་རྩ་གསུམ་སྒྲུབ་པའི་མཚམས་མལ་དུ་གང་ཤར་མ་བཅོས་ཆུ་བབ་སུ་ཐུན་སྐབས་གཅིག་ལ་རྫོགས་པར་བྲིས་པ་དགེའོ། །དགེའོ། །སརྦམངྒ་ལཾ་ཛ་ཡནྟུ།


previousམང་ཡུལ་རི་བོ་དཔལ་འབར་གྱི་ཞིང་སྐྱོང་གཏེར་བདག་མཁའ་འགྲོ་རྒྱ་དཀར་རལ་གཅིག་མ་ཡི་འཕྲིན་ལས་རབ་དགའི་རྒྱུད་མངས། next