Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་།
   
   
   
   
   
   
   
   
   
   
   
   
   
   


 
previousཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་། next

ཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་།

༄༅། །ཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་བཞུགས་སོ། །

༈ ན་མོ་ཧཱུྃ། འཆི་མེད་ཚེ་ཡི་ལྷ་ལ་སྐྱབས་སུ་མཆི། །སེམས་བསྐྱེད་འགྲོ་བ་ཀུན་དོན་ཚེ་སྒྲུབ་བྱ། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་འབུལ་ཞིང་། །སྡིག་བཤགས་ཡི་རང་ཆོས་འཁོར་བསྐོར་བར་བསྐུལ། །རྒྱལ་བ་བཞུགས་གསོལ་དགེ་ཚོགས་བྱང་ཆུབ་བསྔོ། །ཨོཾ་མ་ཧཱ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ། སྟོང་ཉིད་སྙིང་རྗེ་ཟུང་འཇུག་རོལ་པའི་ཧྲཱིཿ འོད་ཟེར་འབར་གཡོ་རྒྱུན་གྱིས་དངོས་སྣང་སྦྱངས། །སྣང་སྲིད་འོད་ཞུ་འཇའ་ཐིག་བཀྲ་བ་ཡི། །ཞིང་ཁམས་རྡུལ་ཀུན་བྲལ་དང་དྭངས་མའི་ཀློང་། །ཧཱུྃ་ལས་ཕ་ལམ་རྡོ་རྗེ་རྩེ་དགུ་པ། །ཆོས་བདུན་ལྡན་ལྟེར་ཉི་ཟླའི་གའུ་དབུས། །སྟོང་ལྡན་གེ་སར་ཟེའུ་འབྲུར་གསལ་བྱེད་སྟེང་། །ཧྲཱིཿལས་གསུང་གི་རྡོ་རྗེ་འཆང་ཆེན་པོ། །གཟི་བརྗིད་འོད་དཔག་མེད་མགོན་ཚེ་ཡི་བདག །དམར་འཚེར་ཞི་བའི་ཞལ་གཅིག་སྤྱན་དཀྱུས་རིང་། །ཤངས་མཐོ་ཞལ་འཛུམ་ལྟ་བས་ཆོག་མི་ཤེས། །ཕྱག་གཉིས་མཉམ་བཞག་མཐིལ་ན་རིན་ཆེན་བདུན། །ལས་གྲུབ་བུམ་པ་འཆི་མེད་བདུད་རྩིའི་བཅུད། །ཡོངས་ཁེངས་ཁ་བརྒྱན་བསྐལ་པ་ཤིང་གིས་བརྒྱན། །ཞབས་གཉིས་རྡོ་རྗེ་ལྟ་བུའི་སྐྱིལ་ཀྲུང་བཞུགས། །མཚན་བཟང་དཔེ་བྱད་མ་ལུས་ཡོངས་སུ་རྫོགས། །པང་དུ་བདེ་བྱིན་དམར་སེར་གུར་གུམ་མདོག །མདའ་དར་ཚེ་བུམ་ཡབ་སྟོབས་གཉིས་མེད་འཁྱུད། །གཉིས་ཀའང་རིན་ཐང་བྲལ་བའི་ནོར་བུ་དང་། །རུས་པའི་རྒྱན་སྤྲས་དར་གྱི་ཆས་ལྔ་རྫོགས། །ཡབ་ཡུམ་སྤྱི་གཙུག་རྟ་ཕག་ཞལ་ལྗང་ནག །ཨི་ཧ་ཧཱུྃ་ཕཊ་ཕེཾ་སྒྲས་སྣོད་བཅུད་གཡོ། །རྔོག་ཟེ་མེ་འབར་བར་ཆད་གདོན་བགེགས་བསྲེག །ཡབ་ཡུམ་འཇའ་འོད་ཟེར་ཐིག་ལེ་ཀློང་གསལ། །དེ་ཡི་སྤྱི་བོར་ཡས་རིམ་མཐོ་བརྩེགས་ཚུལ། །རྩ་བའི་བླ་མ་པདྨ་བདེ་ཆེན་ཉིད། །པདྨ་ནོར་བུ་གར་དབང་གཏེར་བཞད་སྙིང་། །མཚོ་རྒྱལ་པད་འབྱུང་ཚེ་དཔག་མེད་ཡབ་ཡུམ། །ཀུན་བཟང་ཡབ་ཡུམ་གཟི་བརྗིད་འོད་འབར་བསྒོམ། །བརྒྱུད་པའི་བླ་མར་རྩེ་གཅིག་གསོལ་བཏབ་པས། །ཐུགས་ལས་འོད་འཕྲོས་འཁོར་འདས་སྣོད་བཅུད་ཀྱི། །ཚེ་བསོད་སྲོག་རླུང་ལུས་རླུང་རྟ་དབང་ཐང་བཅུད། །མ་ལུས་ལྕགས་ཀྱུས་བཀུག་ནས་བླ་མར་ཐིམ། །སྐུ་ལས་བདུད་རྩིའི་རྒྱུན་བབས་བདག་ལུས་ཀྱི། །འཁོར་ལོ་དྲུག་པོ་འཆི་མེད་དྭངས་མས་ཁེངས། །འཕོ་བྲལ་ཚེ་དབང་རིག་འཛིན་མཆོག་གྲུབ་བསམ། །ཨོཾ་ཨཱཿ ཧཱུྃ་ཧྲཱིཿ ཧྲཱིཿ བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་པུཎྱཻ་ཛྙཱ་ན་ཨ་ཡུ་སིདྡྷི་ཧཱུྃ་ཛཿ དེ་ཉིད་ངག་བཅད་དམིགས་པ་གསལ་བར་བཟླས། །ཡང་ན་བསྙེན་བསྒྲུབ་ལས་གསུམ་ཆིག་དྲིལ་དུ། ཨོཾ་གུ་རུ་ཨ་ཡུ་ཛྙཱ་ན་ཧཱུྃ་བྷྲུཾ་ནྲྀ་ཛཿ སིདྡྷི་ཕ་ལ་ཧཱུྃ། ཨ་མ་ར་ཎི་ཛི་ཝེནྟ་ཡེ་སྭཱ་ཧཱ། མཐར་ནི་བརྒྱུད་པའི་བླ་མ་འོད་ཞུ་ནས། །ཚངས་བུག་ནས་བྱོན་ཐུགས་ཀའི་ཧྲཱིཿལ་ཐིམ། །འཆི་མེད་དྭངས་མའི་འོད་མདངས་རབ་ཏུ་འཚེར། །གཞོམ་བྲལ་རྡོ་རྗེའི་སྐུ་རུ་གྱུར་པར་བསམ། །ཐུན་བསྡུས་ཚེ་དཔག་ཡབ་ཡུམ་ཡང་། །ཐུགས་ཀའི་ཧྲཱིཿར་ཐིམ་ཧྲཱིཿཡང་འཇའ་ལྟར་ཡལ། །སྐྱེ་འགགས་གནས་བྲལ་རང་བྱུང་རིག་པའི་གཤིས། །ཀ་དག་ཁྱབ་བརྡལ་ལྷུན་གྲུབ་ངང་དུ་བཞག །ཨེ་མ་ཚེ་སྒྲུབ་སྙན་བརྒྱུད་ཡང་ཟབ་བཅུད། །པད་འབྱུང་མཁའ་ལ་གཏེར་བཞད་ཉི་འོད་ཀྱི། །བདག་སྙིང་པདྨོ་འཛུམ་བྱས་བག་ཆགས་དེ། །རྗེས་དྲན་བདུད་རྩིའི་ཟིལ་མངར་འདི་ན་འགྱེད། །བཀའ་དཀྲུག་ལུང་རྐུས་ཚོ་དང་འདི་མི་འདྲ། །མི་ཤེས་གྲགས་འདོད་ཆེ་བརྩམ་དོ་ཟླ་མིན། །བླ་མ་ལྷ་ཡི་བྱིན་རླབས་ཅུང་ཞུགས་མཐུས། །གཞུང་མཐུན་མན་ངག་ལེགས་པར་བཤད་པ་ཡིན། །འོན་ཀྱང་ཉེས་ཚོགས་མཆིས་ན་བླ་མ་ལྷར། །ལེགས་བཤད་འདི་ཕྱིའི་སྒྲིབ་ཚོགས་སྦྱང་དུ་གསོལ། །ལེགས་པའི་དགེ་བས་ཁམས་གསུམ་འགྲོ་བ་ཀུན། །བདེ་ཆེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །

ཅེས་ཚེ་སྒྲུབ་ས་བྱ་ཟླ་བ་གཉིས་པའི་ཚེས་བཟང་བཅོ་བརྒྱད་ལ་བྲིས་པའོ། །སརྦ་མངྒ་ལཾ།


previousཡིག་མེད་སྙན་བརྒྱུད་མན་ངག་ཚེའི་སྒྲུབ་པའི་རྒྱུན་ཁྱེར་ངག་འདོན་ཟབ་པའི་ཡང་སྙིང་། next