Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག
   
   
   
   
   
   


 
previousབླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག next

བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག

༄༅། །བླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག་བཞུགས་སོ། །

༈ ཨོཾ་བཛྲ་ས་ཏྭ་ཧཱུྃ། རྡོ་རྗེ་སེམས་དཔའ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་ཁྱེར་བདེ་བཀོད། །ན་མོ་ཧཱུྃ་དཀོན་མཆོག་ཀུན་འདུས་བླ་མར་སྐྱབས་སུ་མཆི། བྱང་ཆེན་ཐོབ་ཕྱིར་རྡོར་སེམས་བསྒྲུབ་པར་བགྱི། །ཚོགས་ཞིང་ནམ་མཁའ་གང་བའི་རྒྱལ་བ་ལ། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་དགེར་ཡི་རང་། །ཆོས་འཁོར་བསྐོར་བསྐུལ་མྱ་ངན་མི་འདའ་གསོལ། །དགེ་བས་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾ། ཆོས་དབྱིངས་སྟོང་ཉིད་འགྲོ་ལ་བརྩེ་བའི་སེམས། །དབྱེར་མེད་རང་རིག་ངོ་བོ་ཧཱུྃ་ཏུ་གསལ། །འཕྲོ་འདུས་དག་པའི་ཞིང་ཁམས་གཞལ་ཡས་ཁང་། །དབུས་སུ་པད་དཀར་ཉི་ཟླའི་དཀྱིལ་འཁོར་སྟེང་། །ཧཱུྃ་ལས་བདག་ཉིད་གུ་རུ་པདྨ་འབྱུང་། །རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས། །དཀར་ཚེར་རྡོར་དྲིལ་རྒྱལ་པོ་རོལ་པའི་སྟབས། །རིན་ཆེན་རྒྱན་དང་དར་གྱི་ཆས་རྣམས་རྫོགས། །རང་འོད་ལྷན་སྐྱེས་ཡུམ་དང་འཁྲིལ་སྦྱོར་བཞུགས། །སྤྱི་དཔྲལ་མགྲིན་སྟེང་ལྟེ་བ་གསང་གནས་སུ། །རྣམ་སྣང་མི་འཁྲུག་འོད་དཔག་མེད་ལྷུན་གྲུབ། །རིན་འབྱུང་དོན་འགྲུབ་རང་འོད་ཡུམ་བཅས་བཞུགས། །གཙུག་ཏོར་རྩེ་མོར་ཀུན་བཟང་ཡབ་ཡུམ་གསལ། །རྩ་གནས་ཀུན་ཏུ་རྡོར་སེམས་གྲངས་མེད་བཅས། །གནས་གསུམ་ཡིག་འབྲུ་གསུམ་ལས་འོད་འཕྲོས་པས། །ཆོས་དབྱིངས་རྣམ་པར་དག་པའི་ཞིང་ཁམས་ནས། །ཡེ་ཤེས་སྤྱན་དྲངས་བདག་དང་དབྱེར་མེད་བཞུགས། །རང་གདངས་མཆོད་པའི་ལྷ་མོས་པུཙྪ་འབུལ། །རྡོ་རྗེ་གླུ་མས་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཆེ་བའི་ཡོན་ཏན་རབ་བསྔགས་བསྟོད། །ཚེ་རབས་ཐོག་མེད་ནས་བསགས་སྒྲིབ་པ་ཀུན། །དཀྱིལ་འཁོར་ལྷར་བཤགས་སྒྲིབ་པ་མེད་པར་དག །རང་ཉིད་ཐུགས་ཀར་ལྷུན་གྲུབ་ཡེ་ཤེས་སེམས། །ཚོན་གང་ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར། །ཧཱུྃ་དཀར་ཐ་མར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་ཟེར་འཕྲོས་པས་འགྲོ་བའི་སྒྲིབ་པ་སྦྱངས། །རྒྱལ་བ་རྣམས་ཀྱི་དགྱེས་བསྐང་ཐུགས་རྒྱུད་བསྐུལ། །ཚུར་འདུས་འོད་ཟེར་ཚུལ་དུ་ཐུགས་ཀ་ཡིས། །ཧཱུྃ་ལ་ཐིམ་པས་མཆོག་ཐུན་དངོས་གྲུབ་སྩོལ། །བསམ་གཏན་ཡེངས་མེད་རྩེ་གཅིག་སྔགས་འདི་བཟླ། །ཨོཾ་བཛྲ་ས་ཏྭ་ཧཱུྃ། སྐབས་སུ་ཡི་གེ་བརྒྱ་པ་ཅི་ནས་བཟླས། ཐུན་མཐར་སྣང་སྲིད་འོད་ཞུ་གཞལ་ཡས་ཁང་། །གཞལ་ཡས་ཁང་ཡང་ཡབ་ཡུམ་སྐུ་ལ་ཐིམ། །ཡུམ་ཡབ་གནས་ལྔ་ཡེ་ཤེས་སེམས་དཔར་འདུས། །དེ་ཡང་ཏིང་འཛིན་སྔགས་ཕྲེང་ཡི་གེ་ཧཱུྃ། །དེ་ཡང་དམིགས་མེད་མཁའ་ལ་འཇའ་ལྟར་ཡལ། །འཁོར་གསུམ་ཁྱབ་བརྡལ་ཆེན་པོའི་ངང་ལ་བཞག །དེ་ལས་ལྡང་ཚེ་སླར་ཡང་ལྷ་སྐུར་གསལ། །སྤྱོད་ལམ་ཀུན་ཏུ་ཡིད་དང་མི་འབྲལ་ཞིང་། །དགེ་བ་འགྲོར་བསྔོ་བྱང་ཆེན་སྨོན་ལམ་གདབ། །དེ་ལྟར་རྡོར་སེམས་བསྒྲུབ་པའི་མན་ངག་ནི། །རྒྱུན་དུ་ཁྱེར་བདེ་བྲིས་པའི་དགེ་བ་ཡིས། །ནམ་མཁའི་མཐའ་མཉམ་རྡོར་སེམས་དེ་ཇི་འདྲའི། །དེ་འདྲ་ཁོ་ནར་མྱུར་དུ་འགྲུབ་པར་ཤོག །

ཞེས་མང་ཡུལ་དཔལ་འབར་གྱི་སྒྲུབ་པ་བ་ཡེ་ཤེས་རིན་ཆེན་གྱི་གསོལ་བ་གདབ་པའི་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཐུན་སྐབས་སྐད་ཅིག་མར་སྦྱར་བའི་ཡིག་རིས་པ་ནི་སྤྲུལ་པའི་སྐུ་མཆོག་འཕྲིན་ལས་བསྟན་འཛིན་གྱིས་བགྱིའོ། །


previousབླ་མ་དཔལ་ལྡན་རྡོ་རྗེ་སེམས་དཔའི་གསང་སྒྲུབ་རྒྱུན་ཁྱེར་གྱི་མན་ངག next