Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousགསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་། next

གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་།

༄༅།། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས། གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་བྱ་བ་ཧ་ཧ།

ཧྲཱིཿ བདེ་ཆེན་གཡོ་མེད་རྒྱལ་བ་འོད་དཔག་མེད༔ བདེ་གར་སྙིང་རྗེའི་མངའ་བདག་སྤྱན་རས་གཟིགས༔ བདེ་བའི་དབང་ཕྱུག་པདྨ་ཐོད་ཕྲེང་རྩལ༔ བདེ་ཀློང་ཡངས་པ་ཆེན་པོར་གསོལ་བ་འདེབས༔ བདེ་སྟེར་ཡེ་ཤེས་དབྱིངས་བདག་མཚོ་རྒྱལ་མ༔ བདེ་ལམ་མཐར་ཕྱིན་བཻ་རོ་ནམ་མཁའ་སྙིང༔ བདེ་སྟོང་མངོན་གྱུར་པདྨ་བདེ་ཆེན་གླིང༔ བདེ་གདངས་རོལ་བ་ཆེན་པོར་གསོལ་བ་འདེབས༔ བདེ་གསལ་ཐབས་མཆོག་རྟ་ཡི་མགྲིན་པ་ཅན༔ བདེ་སྟོང་ཤེས་རབ་དབང་མོ་ཕག་གི་གདོང༔ བདེ་ལ་རྟག་རོལ་པདྨ་སམྦྷ་ཝ༔ བདེ་ཁྱབ་བརྡལ་བ་ཆེན་པོར་གསོལ་བ་འདེབས༔ བདེ་མཁའ་དབང་སྡུད་དྷཱཀྐི་དྷུ་མ་ཡེ༔ བདེ་དབྱིངས་མཉམ་གནས་སྤྱན་རས་གཟིགས་དབང་ཕྱུག༔ བདེ་འགྲོ་ལས་བཞིའི་དབང་མོ་དྷཱཀྐི་བཞི༔ བདེ་བ་རབ་འབྱམས་ཆེན་པོར་གསོལ་བ་འདེབས༔ བདེ་དཀྱིལ་ཁྱོད་ལ་དེ་ལྟར་གསོལ་འདེབས་མཐུས༔ བདེ་རྩལ་འཕྲིན་ལས་རྣམ་བཞི་མྱུར་འགྲུབ་ཅིང༔ བདེ་ཤར་དགའ་བཞིའི་འབྱུང་ལྡོག་དབྱིངས་སུ་གྲོལ༔ བདེ་གྲུབ་འཁྲུལ་མེད་གཏན་སྲིད་ཟིན་བྱིན་རློབས༔ བདེ་སྣང་མངོན་གྱུར་ཉམས་མེད་གོང་དུ་འཕེལ༔ བདེ་རིག་ཚད་ཕེབས་སྐྱེ་འཆི་མཚན་མ་ཟད༔ བདེ་གྲོལ་ཆོས་ཟད་བློ་ལས་ཡོངས་འདས་པ༔ བདེ་འབྱམས་ཀུན་བཟང་ཐིག་ལེར་རོ་གཅིག་ཤོག༔ བདེ་སྐུ་གཉིས་ཀྱིས་གདུལ་བྱའི་དཔྱིད་སྟོན་ཅིང༔ བདེ་གསུང་ཚངས་རྔ་རྨོངས་འཁྲུལ་གཟུ་ལུམ་བསལ༔ བདེ་ཐུགས་མཁྱེན་གཉིས་འོད་ཀྱིས་འགྲོ་མུན་བསྐྲད༔ བདེ་རླབས་མཆོག་ལྡན་དོན་གཉིས་འགྲུབ་གྱུར་ཅིག༔

ཅེས་པ་འདི་རང་ལོ་ཉི་ཤུར་ལོན་པའི་སྟོན་འབྲུ་བཅུད་སྨིན་དུས་དལ་བབ་ཆུ་བོའི་འགྲམ་དུ་སྡོད་སྐབས་ཚེས་བརྒྱད་སྲོད་ལ་རྡོ་རྗེ་མཁའ་འགྲོ་མི་མོའི་ཚུལ་ཅན་དེས་བསྐུལ་བ་ལ་བརྟེན༔ ཆགས་ལམ་པ་རྒད་པོ་ཚེ་དབང་ནོར་བུ་འམ་གར་དབང་བདེ་ཆེན་རོལ་བ་རྩལ་གྱིས་སྤྲེལ་ཟླའི་ཚེས་བཅུར་བགྱིས་པའོ༔


no previousགསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་གསོལ་འདེབས་རྡོ་རྗེའི་ཐོལ་གླུ་བདེ་ཆེན་སྤྲིན་ཕུང་། next