Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
མཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས། next

མཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས།

༄༅། །མཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

ཆོས་ཉིད་གསང་བ་དམིགས་སུ་མེད་པའི་དོན༔ ལྷན་སྐྱེས་ཡེ་ཤེས་འཕོ་འགྱུར་ཡོངས་བྲལ་བ༔ བདེ་ཆེན་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མར༔ མཉམ་ཉིད་དབྱིངས་སུ་རྟག་ཏུ་ཕྱག་འཚལ་ལོ༔ དུས་གསུམ་རྒྱལ་བ་བསྐྱེད་བྱེད་ཕར་ཕྱིན་མ༔ གསང་བའི་བདག་མོ་ཁྲག་འཐུང་ཡོངས་ཀྱི་རྗེ༔ མི་གནས་བཙུན་མོ་ལམ་དུ་བྱེད་པ་ཡི༔ གསང་ཆེན་དོན་གྱི་རྣལ་འབྱོར་པ་རྣམས་ཀྱི༔ བཤགས་བསྐང་ཆོ་ཀའི་དཀྱིལ་འཁོར་རིམ་པ་འདིར༔ འཇུག་པར་འདོད་ཚེ་ཕྱི་མའི་འདུ་བ་དུས༔ བརྒྱད་དང་ཉེར་གཉིས་ཉ་སྟོང་བཅུ་ཡིན་ལ༔ དུས་དེར་ནང་ཀྱང་རྩ་ཁམས་རིམ་རྒྱས་ཏེ༔ དེས་ན་རྟེན་འབྲེལ་མཁའ་འགྲོའི་ཚོགས་ཀྱང་རྒྱུ༔ དེ་ཚེ་རྣལ་འབྱོར་ཚོགས་གཏོར་མཆོད་པའི་རྫས༔ གང་འཛོམས་བཟང་བཤམས་སྤྱན་གཟིགས་དག་ཀྱང་བཀྲམ༔ ཁྱད་པར་སྨན་རཀ་བླ་མེད་མཆོད་བཀོད་ནས༔ རྣལ་འབྱོར་རྣམས་ཀྱི་གསང་སྐྲ་སྤྱི་བོར་བཅིངས༔ ཧེ་རུའི་ཆས་བཅས་བག་གྲོ་ཕྱིན་ཆགས་ཤིང༔ དྷཱཀྐིའི་ལས་གཞུང་ཛཔ྄་བཅས་ཡོངས་གྲུ་ནས༔ རིགས་བཟང་ཁྱེའུ་ཕོ་མོ་ཁྲུས་བྱས་ཤིང༔ དྲི་བཟང་བྱུགས་ཤིང་རྒྱན་གོས་གསར་པས་བརྒྱན༔ དཔྲལ་བར་སིནྡྷུའིབཀོད་བྱས་ཏེ༔ ཚོགས་དཀྱིལ་གར་གྱིས་དལ་བུས་གཡས་སྐོར་དུ༔ བསྐོར་ཞིང་དབྱངས་ཚིག་རིང་སྙན་འགྱུར་བཅས་ཀྱིས༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿམ༔ཧ༔རི༔ནི༔ས༔ར༔ཙ༔ཧྲཱིཿཡ༔ཛ༔ཧཱུྃ༔ ས་མ་ཡ་ཤུདྡྷ་ཤུདྡྷ་ཨཱ་ཧོ༔ ཞེས་དང་དྷཱཀྐིའི་ཡི་གེ་བརྒྱ་བ་ནི༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿམ༔ཧ༔རི༔ནི༔ས༔དྷཱཀྐི་ནི་བཛྲ་ས་ཏྭ་ས་མ་ཡ༔ མ་ནུ་པ་ལ་ཡ༔ དྷཱཀྐི་ནི་བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྛ༔ དྲྀ་དྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡ་ཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ་ཧྲི་དཱ་ཡ༔ དྷཱ་ཀྐི་ནི་བཛྲ་ས་ཏྭ་མ་མེ་མུཉྩ༔ དྷཱ་ཀྐི་ནི་བཛྲ་ས་ཏྭ་བྷ་ཝ༔ མཧཱ་ས་མ་ཡ་ས་ཏྭ་ཨཿ ཧཱུྃ༔ཕཊ༔ ཞེས་པ་མི་ཚིག་མ་འདྲེས་བརྒྱ་རྩ་ལས༔ མི་ཉུང་ཁྱེའུ་ཕོ་མོ་དབྱངས་སྙན་བཅས༔ རྣལ་འབྱོར་ཚོགས་བཅས་ཀུན་གྱིས་གང་མང་བཟླ༔ ༈ དེ་རྗེས་རྣལ་འབྱོར་རྣམས་ཀྱིས་སྒོ་གསུམ་ཉིད༔ གུས་པས་ཉམས་ཆག་འགལ་འཁྲུལ་ཉེས་བྱས་རྣམས༔ འདི་ལ་གནོང་འགྱོད་རབ་ཏུ་དྲག་པོ་ཡིས༔ ལྷ་ཚོགས་སྤྱན་སྔར་བཤགས་བསམ་འདི་སྐད་བརྗོད༔ ཧོ་དུས་གསུམ་རྒྱལ་བ་ཀུན་གྱི་ངོ་བོ་མཆོག༔ གསང་བའི་བདག་པོ་དཀྱིལ་འཁོར་ཡོངས་ཀྱི་གཙོ༔ བླ་མེད་ཐུགས་རྗེའི་མཛོད་འཛིན་ཆེ་བའི་དཔལ༔ རྡོ་རྗེ་སློབ་དཔོན་རིག་པ་འཛིན་པ་ཆེ༔ ཡི་དམ་མཁའ་འགྲོ་དཀྱིལ་འཁོར་ལྷ་ཡི་ཚོགས༔ མ་ལུས་བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་ནི་གསང་སྔགས་ཟབ་མོའི་སྒོར་ཞུགས་ནས༔ འདའ་དཀའ་རྡོ་རྗེའི་དམ་ཚིག་བླང་བགྱིད་དེ༔ མ་རིག་འཁྲུལ་བས་ལས་དང་ཉོན་མོངས་ཀྱི༔ དབང་གྱུར་སྐུ་གསུང་ཐུགས་ཡོན་རྩ་བ་དང༔ ཡན་ལག་དམ་ཚིག་འགལ་ཞིང་ཉམས་སོ་འཚལ༔ རང་གནོང་འགྱོད་པའི་སེམས་ཀྱིས་འཐོལ་ལོ་བཤགས༔ བདག་ནི་ཐོག་མེད་ནས་འཁྲུལ་བག་ཆགས་དབང༔ ཚོར་དང་མ་ཚོར་ཉམས་ཆག་རྒྱུར་གྱུར་ཀུན༔ ཐུགས་རྗེ་ཆེན་པོའི་ཡེ་ཤེས་སྤྱན་སྔ་རུ༔ བཤགས་པར་བགྱིད་དོ་ཚངས་པའི་དངོས་གྲུབ་སྩོལ༔ འགྲོ་སྤྱི་ཕ་མ་རྡོ་རྗེ་སྤུན་སྲིང་དང༔ རང་གི་ལུས་ལ་བརྡེག་བཙོག་དཀའ་ཐུབ་བགྱིས༔ དམོད་དང་བག་མེད་ཐོ་ཅོ་འཆལ་སྤྱོད་ཀྱིས༔ བླ་མའི་སྤྱན་སྔར་མི་མཛེས་མ་གུས་བགྱིས༔ སྐུ་ཡི་གྲིབ་མ་འགོམ་དང་སྒེག་འཆོས་སྤྱོད༔ ཞབས་ཏོག་མ་བགྱིས་ཇི་བཞིན་ལམ་མ་སོང༔ རྩ་བ་སྐུ་ཡི་དམ་ཚིག་ཉམས་ཆག་རྒྱུ༔ འགལ་འཁྲུལ་གྱུར་ཀུན་གནོང་འགྱོད་མཐོལ་ལོ་བཤགས༔ འགྲོ་ལ་སེམས་དཀྲུགས་ཞེ་གཅོད་ཚིག་སྨྲས་དང༔ ཆོས་སྨྲ་དོན་སྒོམ་རྣལ་འབྱོར་ལ་གཤེ་སྐུར༔ རྡོ་རྗེ་སྤུན་སྲིང་བླ་མའི་ཉེ་འཁོར་གྱི༔ སྙན་དུ་ཚིག་རྩུབ་སྨྲས་དང་བཀའ་ཆེར་བཅག༔ ཁྱད་པར་བླ་མའི་གསུང་བརྙེས་བཀའ་ལས་འདས༔ བཀའ་བཅག་ལོག་རྟོག་ངན་པའི་དབང་གྱུར་པ༔ རྩ་བ་གསུང་གི་དམ་ཚིག་ཉམས་ཆགས་རྒྱུ༔ འགལ་འཁྲུལ་གྱུར་ཀུན་གནོང་འགྱོད་མཐོལ་ལོ་བཤགས༔ འགྲོ་ལ་བག་མེད་གནོད་སེམས་གདུག་བྱམས་དང༔ སྤྱོད་པ་བག་མེད་ཐོ་ཅོ་བསྒོམ་པ་ལ༔ བྱིང་རྒོད་གོལ་སྒྲིབ་ལྟ་བ་རྟག་ཆད་མཐར༔ ལྷུང་དང་ལྟ་སྒོམ་ཡི་དམ་རྗེས་མ་དྲན༔ ཁྱད་པར་བླ་མར་བརྩེ་གདུང་ཆུང་བ་དང༔ ཐུགས་དཀྲུགས་ཐུགས་སུ་རན་པར་མ་གྱུར་སོགས༔ རྩ་བ་ཐུགས་ཀྱི་དམ་ཚིག་ཉམས་ཆག་རྒྱུ༔ འགལ་འཁྲུལ་གྱུར་ཀུན་གནོང་འགྱོད་མཐོལ་ལོ་བཤགས༔ གཞན་ཡང་གསང་བར་འོས་པ་གསང་སྔགས་རྫས༔ ཤ་ལྔ་བདུད་རྩི་བྷན་ཕུར་རྡོ་རྗེ་དྲིལ༔ བླ་མེད་དཀྱིལ་འཁོར་གཟུགས་བརྙན་ཡོ་བྱད་རྣམས༔ ཐེག་དམན་བསྐལ་མེད་རྣམས་ལ་བསྟན་པ་དང༔ གསང་བར་གཉེར་གཏད་རྡོ་རྗེ་སློབ་དཔོན་གྱི༔ སྤང་དང་སྒྲུབ་པར་བཀའ་ལུང་གནང་བ་ཡི༔ རྩ་བ་ཡན་ལག་དམ་ཚིག་སྲུང་མཚམས་རྣམས༔ ཇི་ལྟ་ཁས་བླང་ཚོར་དང་མ་ཚོར་ཉམས༔ གསང་བར་ཁས་བླང་རྡོ་རྗེ་སློབ་དཔོན་མཆེད༔ ནོར་འཁྲུལ་གསང་སྤྱོད་རིགས་སུ་མི་རུང་དང༔ བསྒྲུབ་རྟེན་ལས་རྒྱ་གསང་སྔགས་གསང་བའི་ཚིག༔ བབ་བཅོལ་འཆོལ་བས་གཞན་ལ་བརྗོད་གྱུར་ཅིང༔ སྤྱི་དང་ཁྱད་པར་དམ་ཚིག་ཐ་དག་ཀུན༔ བདག་རྨོངས་མི་ཤེས་བག་མེད་ནོར་དང་འཁྲུལ༔ དབང་གྱུར་ཉམས་ཆག་རལ་བའི་རྒྱུར་གྱུར་རྣམས༔ འཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ མདོར་ན་རྩ་བ་ཡན་ལག་སློབ་དཔོན་གྱི༔ སྐྱུ་གསུང་ཐུགས་ཀྱི་དམ་དང་འགལ་འཁྲུལ་ཞིང༔ ཡི་དམ་ལྷ་ཡི་སྔགས་དང་ཏིང་འཛིན་གཡེལ༔ མཁའ་འགྲོ་ཆོས་སྐྱོང་དུས་མཆོད་གཏོར་མ་ཆག༔ དེ་སོགས་འཕྲལ་དང་ཡུན་གྱི་སྒྲིབ་གྱུར་ཅིང༔ ན་རཀ་ཆེན་པོའི་རྒྱུ་བསགས་མཐའ་དག་ཀུན༔ གནོང་འགྱོད་དྲག་པོས་རབ་ཏུ་བཤགས་པ་ན༔ མི་སྒྲིབ་ཚངས་པ་དོན་གྱི་དངོས་གྲུབ་སྩོལ༔

༈ ཧོ༔ ཆོས་རྣམས་ཐམས་ཅད་རང་རིག་ཉིད་ལས་བྱུང༔ རང་རིག་སྟོང་ཉིད་སྤྲོས་མཚན་ཀུན་ལས་འདས༔ མ་སྐྱེས་མ་འགག་བསམ་བཞིན་བརྗོད་དུ་མེད༔ དེ་ཉིད་དབྱིངས་སུ་ཉེས་པའི་སྐྱོན་བྲལ་ཡང༔ གློ་བུར་སེམས་ཀྱི་དྲི་མའི་རང་བཞིན་ལས༔ ཀུན་རྫོབ་སྒྱུ་མ་ཙམ་དུ་གྱུར་པ་ཡི༔ འགལ་འཁྲུལ་ནོངས་པའི་རྒྱུ་བསགས་ཐམས་ཅད་པ༔ རང་བཞིན་མཉམ་པའི་ངང་དུ་བཤགས་པར་བགྱི༔ བཤགས་དང་བཤགས་བྱ་གཉིས་སྣང་འཛིན་པ་ནི༔ ངེས་དོན་སྙིང་པོའི་དོན་ལས་ཉམས་པའི་རྒྱུ༔ བཤགས་དང་བཤགས་བྱ་གཉིས་མེད་རོ་གཅིག་ངང༔ དྲི་བྲལ་གདོད་ནས་དག་པ་ཀ་དག་ཆེ༔ གཟུངས་འཛིན་གཉིས་སྣང་རྟོགས་ཚོགས་ཡོངས་དག་པ༔ ལྷུན་རྫོགས་ཆོས་ཉིད་ཀློང་དུ་རབ་ཏུ་བཤགས༔ ཆོས་ཀུན་ལྷན་སྐྱེས་སེམས་ཀྱི་ཆོ་འཕྲུལ་ཏེ༔ མཉམ་ཉིད་རིག་པའི་ཀློང་དུ་དག་གྱུར་ཅིག༔ ཅེས་བརྗོད་ཅིང་རྣལ་འབྱོར་བ་རྣམས་ཀྱིས་དོན་དམ་ལྟ་པའི་ཀློང་དུ་བཤགས་དང་བཤགས་བྱ་མེད་ཀྱང་ཀུན་རྫོབ་སྒྱུ་མ་ཙམ་དུ་འགལ་འཁྲུལ་དུ་གྱུར་པ་ཀུན་སྙིང་ནས་གནོང་ཞིང་འགྱོད་པས་བཤགས་སོ༔ དེ་ནས་ཚོགས་འཁོར་གྱི་སྐབས་ལ་བབས་པའི་ཚེ་ཡེ་ཤེས་མཁའ་འགྲོ་བླ་མེད་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱི་ནང་གསང་བ་སྤྱི་དང་ཁྱད་པར་གྱི་ཐུགས་དམ་བསྐང་བ་དང༔ དེ་ཁོ་ཉིད་དོན་དམ་རང་བྱུང་ལྟ་བས་བསྐང་བ་དང་གཉིས་ཏེ༔ ཐོག་མར་དཀྱིལ་འཁོར་ལྷ་ཚོགས་སྤྱི་དང་ཁྱད་པར་གྱི་བསྐང་བ་ནི༔ རྣལ་འབྱོར་བ་རྣམས་ཆས་གོས་བག་དྲོ་བརྗིད་ལྡན་ལྟག་སྤྲོད་རྐང་གླིང་རོལ་མོ་བཅས་ཏེ་སྤོས་ཆེན་བསྲེག་ལ་འདི་སྐད་དོ༔ ཧྲཱིཿམ༔ ཆོས་དབྱིངས་སྤྲོས་བྲལ་མཁའ་ཀློང་ཡངས་པ་རུ༔ དུས་མཉམ་རྒྱུན་ཆད་མེད་པར་རྟག་གསལ་སྐུ༔ བདེ་བར་གཤེགས་གྱུར་སངས་རྒྱས་བཅོམ་ལྡན་འདས༔ རྒྱལ་བ་ཀུན་གྱི་བསྐྱེད་ཡུམ་མཁའ་འགྲོ་མ༔ དུར་ཁྲོད་བདག་མོ་སྲིད་པའི་མ་མོ་མཆོག༔ གསང་བའི་བདག་ཉིད་རྡོ་རྗེ་རྣལ་འབྱོར་མ༔ དབྱིངས་ཀྱི་རྒྱ་མོ་ཛྙཱ་ན་དྷཱ་ཀི་ཆེ༔ ཡབ་ཡུམ་སྲས་འཁོར་རིགས་ཀྱི་དབང་མོའི་ཚོགས༔ གནས་ཡུལ་ཧེ་རུ་འཇིག་འདས་དཔའ་བོ་དང༔ མཁའ་འགྲོ་སྲུང་མ་ཞིང་གི་རྡུལ་རྙེད་དཔུང༔ བླ་མེད་གསང་དཀྱིལ་མུ་རན་སྐྱོང་བཅས་དང༔ རྡོ་རྗེ་སློབ་དཔོན་རིག་འཛིན་རྒྱུད་སྡེ་འབུམ༔ མ་ལུས་ཆོས་དབྱིངས་དག་པའི་ཕོ་བྲ་ནས༔ སྐུར་བཞེངས་ཐུགས་རྗེའི་བརྩེར་དགོངས་འདིར་བྱོན་ལ༔ རང་སྣང་དག་པའི་མོས་བློས་ལེགས་བཀོད་པའི༔ པདྨ་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ སྒོ་གསུམ་རབ་དྭངས་རྡུལ་སྙེད་ཕྱག་འཚལ་ཞིང༔ དག་པའི་མཆོད་སྤྲིན་དཔག་གིས་མི་ལང་བར༔ ཕྱི་ནང་གསང་བ་དེ་བཞིན་ཁོ་ན་ཉིད༔ རབ་ཏུ་སྤྲུལ་ནས་མཆོད་འབུལ་བཞེས་སུ་གསོལ༔ མི་སྒྲིབ་ཚངས་དབང་མཆོག་གི་དངོས་གྲུབ་དང༔ ཐུན་མོང་འཕྲིན་ལས་རྣམ་པ་སྣ་ཚོགས་སོགས༔ ཡེ་ཤེས་མཁའ་འགྲོ་དགྱེས་པའི་སིདྡྷི་རྣམས༔ ཐོགས་པ་མེད་པར་དུས་འདིར་བསྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ༔བཛྲ་གུ་རུ་དྷེ་ཝ་ཛྙཱ་ན་དྷཱཀྐི་ནི་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛ༔ཧཱུྃ༔བྃ༔ཧོ༔ པདྨ་ཀ་མ་ལ་ཡེ་སྟྭཾ༔ བཛྲ་ཨརྒྷཾ༔ པདྱཾ༔ པུཥྤེ༔ དྷུཔྤེ༔ ཨཱ་ལོ་ཀེ༔ གྷནྡྷེ༔ ནཻ་ཝི་དྱ༔ ཤབྡ་པཱུ་ཛ་ཧོ༔ རཱུ་པ༔ ཤབྡ༔ གྷནྡྷེ༔ ར་ས༔ པཪྵེ༔ པཱུ་ཛ་ཧཱུྃ༔ སརྦ་པཉྩ་ཨམྲྀ་ཏ༔ རཀྟ༔ བྷ་ལིཏཾ་ཁཱ་ཧི༔ བྷོ་དྷི་ཙིཏྟ་ག་ན་གུ་ཧྱ་པཱུ་ཛ་ཨཿ ཧྲཱིཿམ༔ བཀའ་གསང་གསང་བ་ལས་ཀྱང་ཆེས་གསང་བའི༔ འགྲན་བྲལ་རྨད་བྱུང་བླ་མེད་མའི་དཀྱིལ་འཁོར༔ ཟླ་གམ་མཁའ་ལ་བྱིན་རླབས་སྤྲིན་འཁྲིགས་པའི༔ རྡོ་རྗེ་རིག་འཛིན་རྒྱུད་ཚོགས་བསྐང་བ་ནི༔ རིགས་བདག་དང་པོའི་སངས་རྒྱས་སོ་སོར་རྟོགས༔ རྒྱལ་བ་ཀུན་གྱི་གསུང་གི་རྡོ་རྗེ་འཆང༔ ཚེ་འོད་དཔག་མེད་མགོན་པོ་སྣང་མཐའ་ཡས༔ དམ་པ་རིགས་བརྒྱས་བསྐོར་བའི་ཐུགས་དམ་བསྐང༔ འགྲོ་བ་འདུལ་མཛད་ངལ་མེད་ཐུགས་རྗེའི་གཏེར༔ གང་འདུལ་སྤྲུལ་བའི་མངའ་བདག་བཅོམ་ལྡན་འདས༔ འོད་ཟེར་དཔལ་བརྩེགས་འཕགས་མཆོག་སྤྱན་རས་གཟིགས༔ སངས་རྒྱས་སྟོང་གིས་བསྐོར་བའི་ཐུགས་དམ་བསྐང༔ ཆགས་མེད་འགྲོ་དོན་འཕྲིན་ལས་ཡོངས་ཀྱི་མཛོད༔ ཞི་ཁྲོའི་ཉམས་ཅན་དབང་མཛད་དབང་གི་ལྷ༔ འཇིག་རྟེན་དབང་ཕྱུག་གསུང་མཆོག་པདྨ་རྒྱལ༔ དཔའ་བོ་དྷཱ་ཀིས་བསྐོར་བའི་ཐུགས་དམ་བསྐང༔ དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་འཕྲིན་དཔལ༔ ཞི་ཁྲོའི་གར་བསྒྱུར་རོལ་མཛད་རྡོ་རྗེ་འཆང༔ རང་བྱུང་འཆི་མེད་པདྨ་ཐོད་ཕྲེང་རྩལ༔ མཚན་བརྒྱད་རིག་འཛིན་གྱིས་བསྐོར་ཐུགས་དམ་བསྐང༔ མ་རུང་ལོག་འདྲེན་ཚར་གཅོད་གཏུམ་དྲག་སྐུ༔ རབ་འཇིགས་ཆེ་མཆོག་མེ་ཡི་འཕྲེང་བ་ཅན༔ དཔལ་ཆེན་བདུད་འདུལ་རྡོ་རྗེ་ཁྲོ་བོ་ལོད༔ སྒྲུབ་ཁྲོ་བརྒྱད་ཀྱིས་བསྐོར་བའི་ཐུགས་དམ་བསྐང༔ ཀུན་ཏུ་བཟང་མོའི་ཐུགས་རྗེའི་རོལ་བ་ལས༔ འགྲོ་དོན་སྐུར་སྣང་དུས་བཞི་རྒྱལ་བའི་ཡུམ༔ བདེ་ཆེན་ཡེ་ཤེས་དྷཱཀྐི་མཚོ་རྒྱལ་མ༔ བོད་གྲུབ་ཉེར་ལྔས་བསྐོར་བའི་ཐུགས་དམ་བསྐང༔ རྣམ་པར་སྣང་མཛད་ཡེ་ཤེས་བརྩེ་བའི་ཞལ༔ མཁྱེན་པའི་དབང་ཕྱུག་དྲི་མེད་མཆོག་གི་སྐུ༔ གྲུབ་དབང་བཻ་རོ་ཙ་ན་རཀྵི་ཏ༔ གྲུབ་ཐོབ་རྒྱ་མཚོས་བསྐོར་བའི་ཐུགས་དམ་བསྐང༔ གུ་རུའི་ཐུགས་ཀྱི་གན་མཛོད་ཟབ་གསང་མཆོག༔ སྒོ་ཕྱེས་མཐར་ཐུག་ཀ་དག་དོན་གྱི་གཏེར༔ སྟོན་མཛད་ཀུན་བཟང་སྒྱུ་འཕྲུལ་བདེ་ཆེན་གླིང༔ གཏེར་སྟོན་བརྒྱ་རྩས་བསྐོར་བའི་ཐུགས་དམ་བསྐང༔ །མཆོག་གི་སྨིན་གྲོལ་ཆོས་ཀྱི་ཅོད་པཎ་ཉིད། །སྤྱི་བླུགས་བཅིང་བྱས་དོན་གཉིས་གྲུབ་པའི་དཔལ། །རྒྱལ་བའི་སྲས་གྱུར་པདྨ་དབང་གི་རྒྱལ། །ཆོས་བདག་རྒྱ་མཚོས་བསྐོར་བའི་ཐུགས་དམ་བསྐང་། །རྡོ་རྗེ་སློབ་དཔོན་བྱིན་རླབས་ཐུགས་ལ་ཤར། །ཟབ་བཅུད་ཡང་དག་སྙིང་པོའི་དོན་བྱན་འབྱོར། །མན་ངག་ལུང་སྟོན་ཚེ་དབང་རིག་འཛིན་རྗེ། །བརྒྱུད་པའི་བླ་མས་བསྐོར་བའི་ཐུགས་དམ་བསྐང་། །གདམས་པ་མ་ལུས་འབོ་ཟག་མེད་པ་རུ། །ཐུགས་ཀྱི་བུམ་པ་བཟང་པོར་ཡོངས་གཏམ་ནས། །སྐལ་ལྡན་དོན་མཛད་རྩ་བའི་བླ་རྗེ། །བརྒྱུད་འཛིན་རྒྱ་མཚོས་བསྐོར་བའི་ཐུགས་དམ་བསྐང་། །སྔོན་ནས་སྨོན་ལམ་ཐ་ཚིག་བཟང་པོས་མཐུས༔ བླ་མ་དཀྱིལ་འཁོར་གཉན་པོ་གཅིག་དྲུང་ཚོགས༔ གདམས་པ་མཉམ་མནོས་དམ་ཚིག་ལུ་གུ་རྒྱུད༔ རྗོ་རྗེའི་མཆེད་ལྕམ་ཚོགས་ཀྱིས་ཐུགས་དམ་བསྐང༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཞེས་བསྡུས་པའམ་སྤྲོ་ན་འོག་ནས་བྱུང་བའི་ཐུགས་དམ་གཉན་བསྐང་རྒྱས་པ་འདིར་གྱེར། ཧྲཱིཿམ༔ སྟོང་ཉིད་ཡེ་ཤེས་ཉག་གཅིག་དབྱིངས་ཉིད་ལས༔ ཆོས་སྐུ་མཚོན་བྲལ་དམིགས་སུ་མེད་གྱུར་ཀྱང༔ སྙིང་རྗེའི་རོལ་བ་འོད་གསལ་བདེ་བ་ཆེ༔ གཟུགས་སྐུ་ལྷན་ཞིང་སྔགས་ཀྱི་དཀྱིལ་འཁོར་མཆོག༔ མེ་དཔུང་རྡོ་རྗེའི་ར་བས་ཡོངས་སུ་གཏམ༔ འོད་ཟེར་དམར་པོ་རབ་ཏུ་དཀྲིགས་པའི་དབུས༔ ཆོས་འབྱུང་དམར་ནག་ཟླ་གམ་དབང་དཀྱིལ་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བསྐང་བ་ནི༔ རིག་པའི་རྒྱལ་མོ་དུས་བཞི་ཡོངས་ཀྱི་བདག༔ མ་སྐྱེས་བཙུན་མོ་འགགས་པ་མེད་པའི་དཔལ༔ ཡོངས་ཁྱབ་བཅོམ་ལྡན་འདས་མ་ཆེན་པོ་སྟེ༔ ཀུན་ཏུ་བཟང་མོ་གསང་བ་ཡེ་ཤེས་མ༔ ཀློང་ཡངས་བརྡལ་བ་འོད་གསལ་རབ་འབྱམས་ཆེ༔ གར་བརྒྱའི་འཕྲུལ་ཅན་ཆགས་མེད་དམར་བའི་སྐུ༔ གང་འདུལ་ཞི་མ་ཁྲོ་ཚུལ་མཛེས་པའི་ཉམས༔ མ་རིག་ལོག་རྟོག་དཔུང་འཇོམས་ཁྲོས་པའི་མ༔ ཆོས་དབྱིངས་བདེ་ཆེན་མཆོག་གི་ཕག་གདོང་མོ༔ ལྷན་སྐྱེས་བརྗོད་འདས་བྷ་ག་ཡངས་པ་ཆེ༔ འགྲོ་འདུལ་ཐུགས་རྗེ་ཆེན་པོ་དབང་གི་ཡུམ༔ འཕྲིན་ལས་མཐར་ཕྱིན་ངན་འགྲོ་ཀུན་སྒྲོལ་མ༔ འཇིག་རྟེན་བདུན་པོ་ཞབས་ཀྱི་འཁོར་ལོས་བརྫིས༔ བདེ་བའི་སྒྲ་སྐད་སྲིད་པ་ཀུན་ཏུ་སྒྲོག༔ མི་བདེ་སྡུག་བསྔལ་གཏན་ནས་བརླག་བྱེད་མ༔ ཐོག་མའི་སངས་རྒྱས་ཉིད་ལས་སྔོན་འབྱུང་ཞིང༔ རལ་བ་ཉག་གཅིག་གཞི་འབྲས་ཉིད་དབྱིངས་བསྐྱོད༔ འཁོར་འདས་གྱུར་ཀུན་མཁའ་རུ་སྒྲོལ་བར་མཛད༔ ངོ་མཚར་རྨད་བྱུང་ཨ་ལ་ལ་ཆེན་པོའི༔ གད་རྒྱང་སྒྲོགས་པས་ལོག་རྟོགས་དམན་ཟིལ་གནོན༔ སངས་རྒྱས་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ༔ ཆེ་བཙན་འགྲན་ཟླ་ཡོངས་བྲལ་ཟླ་མེད་མོ༔ དགོངས་སྤྱོད་རྒྱ་མཚོ་དཔག་མེད་བྷ་ག་ལས༔ གང་འདུལ་གཟུགས་སྐུའི་རོལ་པས་རྟག་རོལ་ཞིང༔ འོད་གསལ་རབ་འབྱམས་ཀློང་ཆེན་བྷ་གའི་མཁར༔ རིག་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་འཆར༔ ཆོས་ཉིད་སྤྲོས་བྲལ་ལྷུན་རྫོགས་བྷ་གའི་མཁར༔ སྤྲུལ་བའི་ཆོ་རོལ་མི་མཐའ་ལས་ཀླས་འགྱེད༔ སྣང་ཞིང་སྲིད་ཀུན་ཡུམ་གྱི་བྷ་གའི་ཀློང༔ སྒྱུ་འཕྲུལ་རྒྱ་མཚོ་མཐའ་ཀླས་བཀོད་པའི་བདག༔ རྣམ་འགྱུར་སྐུ་ཡི་དྷཱ་ཀི་ཨོཾ་སྐྱེས་དཀར༔ གསུང་གི་དྷཱ་ཀི་བྃ་སྐྱེས་དམར་མོའི་སྐུ༔ ཐུགས་ཀྱི་དྷཱ་ཀི་ཧྲཱིཿལས་སྐྱེས་ནག་མོ༔ དེ་ལ་སོགས་ཏེ་མཁའ་འགྲོ་ཡོངས་ཀྱི་གཙོ༔ བདེ་ཆེན་དཀར་མོ་དོན་ཀུན་གྲུབ་པ་སེར༔ སྒྲ་སྒྲོག་དམར་མོ་མཐའ་རུ་ཕྱིན་བྱེད་ལྗང༔ ཁྲོས་མ་ནག་མོ་ཡེ་ཤེས་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་གྱུར་སྣ་ཚོགས་སྤྲུལ༔ བདུད་འདུལ་དྲག་མོ་དམ་ཚིག་ཡོངས་ཀྱི་བདག༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་བསམ་མི་ཁྱབ༔ སྟོན་པའི་བདག་ཉིད་བདེ་གཤེགས་མཁའ་འགྲོ་མ༔ གཙོ་མཆོག་གསང་བ་ཡེ་ཤེས་ཐུགས་དམ་བསྐང༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿམ༔ བློ་འདས་ཡོངས་ཁྱབ་འོག་མིན་ཆོས་ཀྱི་དབྱིངས༔ གཉིས་སྣང་ལས་འདས་ཕུང་ཁམས་དག་པ་ཆེ༔ རབ་འབྱམས་བཀོད་པ་རྡུལ་སྙེད་ཞིང་གི་ཁམས༔ བདག་སོགས་མོས་བློའི་སྣང་ངོར་གདུལ་བྱའི་དོན༔ རྡོ་རྗེ་བཙུན་མོའི་བྷ་ག་ཡངས་པའི་དབུས༔ ཨོ་རྒྱན་དབང་གི་གནས་མཆོག་ཨེ་ཡི་ཀློང༔ བདེ་བར་གཤེགས་པ་རྟག་ཏུ་རོལ་བའི་ཡུམ༔ བླ་མེད་དོན་གྱི་ཕོ་བྲང་ཆེན་པོ་དེར༔ སྟོང་ཉིད་ཟག་པ་མེད་པའི་དབྱིངས་རུམ་ནས༔ བདེ་ཆེན་ཡང་དག་མཆོག་ཏུ་དགྱེས་པའི་སྐུ༔ ལྷན་སྐྱེས་བརྗོད་བསམ་སྨྲ་བའི་ཡུལ་འདས་པ༔ ཀུན་ཏུ་བཟང་མོ་ཀློང་གསལ་རབ་འབར་མ༔ གསང་བའི་བདག་མོ་ཡེ་ཤེས་དབང་མོ་ཆེ༔ སོར་རྟོག་དབྱིངས་ཤར་གསུང་གི་དྷཱ་ཀྐི་མ༔ འགྲོ་ཆགས་འདུལ་པའི་ཚུལ་དུ་བཞུགས་པ་ལ༔ རིགས་བཞིའི་གཙོ་མོའི་འཁོར་གྱིས་བསྐོར་བ་ནི༔ ཧ༔ ཤར་ཕྱོགས་བསིལ་ཚལ་རྩེ་མོ་བདེ་ཆེན་ནས༔ འགྱུར་མེད་སྙེམ་མ་བཛྲ་དྷཱ་ཀི་མ༔ སྐྱེ་མེད་ཆོས་སྐུ་ལྟ་བའི་མཁའ་འགྲོ་སྟེ༔ རྡོ་རྗེ་རིགས་ཡུམ་གསང་མཚན་བསྐྱོད་བྱེད་མ༔ ཞེ་སྡང་རང་གྲོལ་ཞི་བའི་འཕྲིན་ལས་མཛད༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་གྲངས་མེད་བསྐོར༔ དབང་མོ་མེ་ལོང་མ་ཡི་ཐུགས་དམ་བསྐང༔ རི༔ ལྷོ་ཕྱོགས་གད་རྒྱང་རོ་འདས་ལོངས་སྤྱོད་ནས༔ འཕེལ་བྱེད་མ་ཀི་རཏྣ་དྷཱ་ཀི་ནི༔ འགགས་མེད་ལོངས་སྐུ་བསྒོམ་པའི་མཁའ་འགྲོ་སྟེ༔ རིན་ཆེན་རིག་ཡུམ་གསང་མཚན་བསྲེག་བྱེད་མ༔ ཚོར་ཕུང་ཚར་གཅོད་ས་ཁམས་རྣམ་པར་དག༔ ང་རྒྱལ་རང་གྲོལ་རྒྱས་པའི་འཕྲིན་ལས་མཛད༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་གྲངས་མེད་བསྐོར༔ དམར་མོ་མཉམ་ཉིད་མ་ཡི་ཐུགས་དམ་བསྐང༔ ནི༔ ནུབ་ཕྱོགས་པད་འཁྱིལ་སྐྱེད་བྱེད་སྤྲུལ་དཀྱིལ་ནས༔ འགུག་བྱེད་གོས་དཀར་པདྨ་དྷཱ་ཀི་ནི༔ ཟུང་འཇུག་སྤྲུལ་སྐུ་སྤྱོད་པའི་མཁའ་འགྲོ་སྟེ༔ པདྨ་རིགས་ཡུམ་གསང་མཚན་རྨོངས་བྱེད་མ༔ འདུ་ཤེས་རྩད་གཅོད་མེ་ཁམས་རྣམ་པར་དག༔ འདོད་ཆགས་རང་གྲོལ་དབང་གི་འཕྲིན་ལས་མཛད༔ པདྨ་རིགས་ཀྱི་མཁའ་འགྲོ་གྲངས་མེད་བསྐོར༔ དབང་མོ་སོར་རྟོག་མ་ཡི་ཐུགས་དམ་བསྐང༔ ས༔ བྱང་ཕྱོགས་ཀུ་ལ་གསང་བ་བདེ་སྐྱོང་ནས༔ སྒྲོལ་བྱེད་དམ་ཚིག་ཀརྨ་དྷཱ་ཀི་ནི༔ མཐར་ཐུག་ངོ་བོ་འབྲས་བུའི་མཁའ་འགྲོ་སྟེ༔ ལས་ཀྱི་རིགས་ཀྱི་གསང་མཚན་ཙནྟྲི་ཀ༔ འདུ་བྱེད་རྩད་གཅོད་རླུང་ཁམས་རྣམ་པར་དག༔ ཕྲག་དོག་རང་གྲོལ་དྲག་པོའི་འཕྲིན་ལས་མཛད༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་གྲངས་མེད་བསྐོར༔ དབང་མོ་བྱ་གྲུབ་མ་ཡི་ཐུགས་དམ་བསྐང༔ ཧྲཱིཿ དབང་མོ་ཡེ་ཤེས་དབྱིངས་ལ་མངའ་བརྙེས་ཤིང༔ འགྲོ་འདུལ་རིགས་ཀྱི་གཙོ་མོའི་སྐུར་བསྟན་ནས༔ དཀར་སེར་དམར་ལྗང་འོད་ཟེར་རབ་འཁྲིགས་དབུས༔ འབྱུང་ཁམས་གནས་དག་དགའ་བཞི་ཡེ་ཤེས་དག༔ མཛེས་པའི་ཉམས་ལ་ཅུང་ཟད་ཁྲོས་པའི་ཚུལ༔ རུས་པའི་རྒྱན་ལྡན་གར་སྟབས་སྣ་ཚོགས་བསྒྱུར༔ སྤྲུལ་དང་ཡང་སྤྲུལ་ས་ཡ་བྱེ་བ་འབུམ༔ གྲངས་མེད་འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿམ༔ ཟླ་གམ་དམར་ནག་སུམ་བརྩེགས་དཀྱིལ་འཁོར་ལྟེར༔ པདྨ་ཉི་ཟླ་འབར་དཀྱིལ་བམ་གྱི་སྟེང༔ བདེ་ཆེན་ཆོས་ཀྱི་དབྱིངས་ཀྱི་མཁའ་ཀློང་དབུས༔ ཐུགས་རྗེ་ཆེན་པོ་ཡེ་ཤེས་སེམས་དཔའི་སྐུ༔ འགྲོ་དོན་འཕྲིན་ལས་མངའ་མཛད་ཁྲོས་པའི་དཔལ༔ པདྨ་གསུང་མཆོག་རྡོ་རྗེ་ཆོས་རྟ་སྐད༔ ཉོན་མོངས་རྩད་གཅོད་ཁམས་གསུམ་དབང་མཛད་ལྷ༔ ཡབ་གཅིག་དཔའ་བོ་རྟ་མགྲིན་ཐུགས་དམ་བསྐང༔ ཧྲཱིཿ ཕོ་བྲང་ཐོད་མཁར་དགུ་བརྩེགས་འབར་པའི་དབུས༔ འཕྲིན་ལས་བཞི་བདག་རིགས་བཞིའི་མཁའ་འགྲོའི་ཡབ༔ ཉོན་མོངས་རྩད་གཅོད་རབ་འཇིགས་ཁྲོ་བོའི་སྐུ༔ དཔའ་བོ་སྡེ་བཞིའི་ཐུགས་དམ་བསྐང་བ་ནི༔ ར༔ ཤར་ཕྱོགས་དུར་ཁྲོད་ཞེ་སྡང་མེ་འབར་དཀྱིལ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་མེ་ལོང་སྐུ༔རྡོ་རྗེ་རིགས་ཀྱི་དཔའ་བོའི་ཐུགས་དམ་བསྐང༔ ཙ༔ ལྷོ་ཕྱོགས་དུར་ཁྲོད་ང་རྒྱལ་བྲག་འཁྲིགས་དཀྱིལ༔ ང་རྒྱལ་ཚུལ་གྱི་ང་རྒྱལ་འཇོམས་མཛད་ཁྲོ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་མཉམ་ཉིད་སྐུ༔ རིན་ཆེན་རིགས་ཀྱི་དཔའ་བོའི་ཐུགས་དམ་བསྐང༔ ཧྲཱིཿ ནུབ་ཕྱོགས་དུར་ཁྲོད་འདོད་ཆགས་ཆུ་ཁོལ་དཀྱིལ༔ འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་འཛད་ཁྲོ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་སོར་རྟོག་སྐུ༔ པདྨ་རིགས་ཀྱི་དཔའ་བོའི་ཐུགས་དམ་བསྐང༔ ཡ༔ བྱང་ཕྱོགས་དུར་ཁྲོད་ཕྲག་དོག་རླུང་འཚུབ་དཀྱིལ༔ ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་ཁྲོ༔ འཇིགས་ཚུལ་སྙིང་རྗེའི་བདག་ཉིད་བྱ་གྲུབ་སྐུ༔ ཀརྨ་རིགས་ཀྱི་དཔའ་བོའི་ཐུགས་དམ་བསྐང༔ ཀུན་ཀྱི་རང་རྟགས་ཁྲོ་བོ་དཔལ་ཆས་རྫོགས༔ རིགས་ཀྱི་ཁྲོ་བོ་གྲངས་མེད་དབུས་ན་བཞུགས༔ འཕྲིན་ལས་མཐར་ཕྱིན་ཐུགས་རྗེས་གདུག་པ་འདུལ༔ ཁྲག་འཐུང་ཁྲོ་ཆེན་འབར་ཚོགས་ཐུགས་དམ་བསྐང༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿམ༔ བླ་མེད་གསང་དཀྱིལ་ཆོས་འབྱུང་ཟླ་གམ་དབུས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས་པ་ཡི༔ ཕྱི་རིམ་པདྨའི་ཕྲེང་བ་རིམ་གསུམ་དུ༔ བསྐོར་བའི་ནང་གི་པདྨ་འདབ་བརྒྱད་པ༔ བདེ་ཆེན་བཀོད་པའི་ཞལ་ཡས་ཆེན་པོ་ནས༔ ཧེ་རུ་ཀ་ཡི་གནས་དང་ཉེ་བའི་གནས༔ མཁའ་སྤྱོད་ཐུགས་ཀྱི་དཀྱིལ་འཁོར་ལ་བཞུགས་པའི༔ དཔའ་བོ་ཡབ་ཡུམ་བཅུ་དྲུག་བསྐང་བ་ནི༔ ༈ པུལླི་ར་མ་ལ་ཡི་གནས་མཆོག་ནས༔ དཔའ་བོ་ཐོད་དབྱུག་དཔའ་མོ་རབ་གཏུམ་མ༔ ཛ་ལནྡྷ་རའི་གནས་མཆོག་དམ་པ་ནས༔ དཔའ་བོ་ཀེང་རུས་དཔའ་མོ་གཏུམ་མིག་མ༔ ཨཽ་རྒྱན་རང་བྱུང་གནས་མཆོག་དམ་པ་ནས༔ དཔའ་བོ་རུས་གཏུམ་དཔའ་མོ་འོད་ལྡན་མ༔ ཨརྦུ་ཏ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་མཆེ་གཙིག་དཔའ་མོ་སྣ་ཆེན་མ༔ གོ་དྷ་ཝ་རིའི་གནས་མཆོག་དམ་པ་ནས༔ དཔའ་བོ་སུ་ར་ཝཱི་ར་བློ་ཅན་མ༔ རཱ་མེ་ཤྭ་རཱའི་གནས་མཆོག་དམ་པ་ནས༔ དཔའ་བོ་འོད་དཔག་དཔའ་མོ་མིའུ་ཐུང་མ༔ དེ་ཝཱི་ཀོ་ཊའི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་འོད་དཔའ་མོ་ལང་དབང་ཕྱུག༔ མཱ་ལ་ཝ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་སྐུ་དཔའ་མོ་ཤིང་གྲིབ་མ༔ ཐུགས་གསང་བླ་ན་མེད་པའི་དཀྱིལ་འཁོར་བདག༔ སྣང་བའི་རང་ངོ་ཐབས་མཆོག་དཔའ་བོ་བརྒྱད༔ སྟོང་ཉིད་མངའ་བདག་ཤེས་རབ་དཔའ་མོ་བརྒྱད༔ ཡབ་ཡུམ་འཁོར་ཚོགས་བཅས་པས་ཐུགས་དམ་བསྐང༔ ༈ པད་ཕྲེང་རིམ་གསུམ་བར་གྱི་འདབ་བརྒྱད་ལ༔ རོ་འདས་ལོངས་སྤྱོད་གཞལ་ཡས་ཞིང་ཉེ་ཞིང༔ ཚནྡྷོ་ཉེ་ཚན་ས་བསྐྱོད་གསུང་དཀྱིལ་ནས༔ དཔའ་བོ་ཡབ་ཡུམ་བཅུ་དྲུག་བསྐང་བ་ནི༔ ཀཱ་མ་རཱུ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་ཤུགས་དཔའ་མོ་ས་སྲུང་མ༔ ཨོ་ཊེ་ར་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་རལ་དཔའ་མོ་སྣ་ཆེན་མ༔ ཏྲི་ཤ་ཀུན་ནའི་གནས་མཆོག་དམ་པ་ནས༔ དཔའ་བོ་རབ་དགའ་དཔའ་མོ་རླུང་ཤུགས་མ༔ ཀོ་ས་ལ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་ཧཱུྃ༔མཛད་དཔའ་མོ་ཆང་འཐུང་མ༔ ཀ་ལིངྐ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རབ་བཟང་དཔའ་མོ་གཙུག་ཕུད་མ༔ ལམ་པཱ་ཀ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་བཟང་དཔའ་མོ་རབ་བཟང་མ༔ ཀཉྩི་ག་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་འཇིགས་བྱེད་དཔའ་མོ་རྟ་རྣ་མ༔ ཧི་མཱ་ལ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་སྤྱན་མི་བཟང་དང་ཁྭ་གདོང་མ༔ གསུང་མཆོག་བླ་ན་མེད་པའི་དཀྱིལ་འཁོར་ནས༔ སྣང་བའི་རང་ངོ་ཐབས་མཆོག་དཔའ་བོ་བརྒྱད༔ སྟོང་ཉིད་མངའ་བདག་ཤེས་རབ་དཔའ་མོ་བརྒྱད༔ ཡབ་ཡུམ་འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང༔ ༈ པད་ཕྲེང་རིམ་གསུམ་ཕྱི་ཡི་འདབ་བརྒྱད་ལ༔ བརྟེན་བྱེད་སྤྲུལ་བའི་འཁོར་ལོ་འདུ་ཉེ་འདུ༔ དུར་ཁྲོད་ཉེ་དུར་ས་འོག་སྤྱོད་སྐུ་དཀྱིལ༔ དཔའ་བོ་ཡབ་ཡུམ་བཅུ་དྲུག་བསྐང་བ་ནི༔ པྲེ་ཏ་པུ་རའི་གནས་མཆོག་དམ་པ་ནས༔ དཔའ་བོ་སྟོབས་ཆེན་དཔའ་མོ་ཤུགས་འཆང་མ༔ གྲི་ཧ་དེ་ཝཱའི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་རིན་དཔའ་མོ་དུམ་སྐྱེས་མ༔ སུ་ཝརྞ་དྭི་པ་ཡི་གནས་མཆོག་ནས༔ དཔའ་བོ་ནམ་སྙིང་དཔའ་མོ་འཁོར་གོ་ཆ༔ སཽ་རཥྚ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྟ་མགྲིན་དཔའ་མོ་གླང་སྣ་མ༔ ནཱ་ག་ར་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་ཧེ་རུ་དཔའ་མོ་རབ་གསལ་མ༔ སིནྡྷུའི་ཡུལ་གྱི་གནས་མཆོག་དམ་པ་ནས༔ དཔའ་བོ་པདྨ་གར་དབང་སྟོབས་ཆེན་མ༔ མ་རཱུ་ར་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྣམ་སྣང་དཔའ་མོ་འཁོར་བསྒྱུར་མ༔ ཀུ་ལནྟཱ་ཡི་གནས་མཆོག་དམ་པ་ནས༔ དཔའ་བོ་རྡོར་སེམས་དཔའ་མོ་བརྩོན་འགྲུས་མ༔ སྐུ་མཆོག་བླ་ན་མེད་པའི་དཀྱིལ་འཁོར་བདག༔ སྣང་བའི་རང་ངོ་ཐབས་མཆོག་དཔའ་བོ་བརྒྱད༔ སྟོང་ཉིད་མངའ་བདག་ཤེས་རབ་དཔའ་མོ་བརྒྱད༔ ཡབ་ཡུམ་འཁོར་ཚོགས་བཅས་པའི་ཐུགས་དམ་བསྐང༔ དེ་ལྟར་བླ་མེད་ཡེ་ཤེས་མཁའ་འགྲོ་ཡི༔ དཀྱིལ་འཁོར་ལ་གནས་དཔའ་བོ་ཡབ་དང་ཡུམ༔ གང་འདུལ་སྐུར་སྣང་གཙོ་མཆོག་དཔལ་གྱི་འཕྲུལ༔ འཁོར་འདས་ཡོངས་ཁྱབ་ཐུགས་རྗེ་སྣང་བའི་གཟུགས༔ ཉི་ཤུ་རྩ་བཞིའི་གནས་ལ་དབང་བསྒྱུར་བའི༔ ཆ་ལུགས་མ་ངེས་དུ་མ་སྟོན་བྱས་ཤིང༔ དམ་ལྡན་སྐྱོང་ཞིང་དམ་ཉམས་སྒྲོལ་མཛད་པ༔ འཁོར་ཚོགས་གྲངས་མེད་བཅས་པའི་ཐུགས་དམ་བསྐང༔ ཧྲཱིཿ གསང་ཆེན་ཆོས་འབྱུང་ཟླ་གམ་ཨེ་ཡི་ཀློང༔ དཀྱིལ་འཁོར་དུར་ཁྲོད་མི་བཟད་གཞལ་ཡས་ཁང༔ ཕྱོགས་བཞིར་གདུག་པ་འདུལ་བྱེད་འཕྲིན་ལས་བདག༔ ཡེ་ཤེས་སྲུང་མ་བཞི་བོ་བསྐང་བ་ནི༔ ཛ༔ ཤར་ཕྱོགས་འགུགས་བྱེད་རྡོ་རྗེ་ལྕགས་ཀྱུ་མ༔ ལྷ་མོ་དཀར་གསལ་དབུ་ནི་ཁྭ་ཏའི་གདོང༔ ལྷ་བུའི་བདུད་འཇོམས་ཚད་མེད་འཕྲིན་ལས་བདག༔ བཛྲ་ཀངྐ་མ་ཡི་ཐུགས་ཐམ་བསྐང༔ ཧཱུྃ༔ ལྷོ་སྒོར་འཆིང་བྱེད་རྡོ་རྗེ་ཞགས་པ་མ༔ ལྷ་མོ་སེར་མོ་དབུ་ནི་ཕག་གི་གདོང༔ འཆི་བདག་བདུད་འཇོམས་ཚད་མེད་བྱམས་པའི་བདག༔ བཛྲ་ཤྭ་ན་མ་ཡི་ཐུགས་དམ་བསྐང༔ ཧོ༔ བྱང་སྒོར་དགྱེས་བྱེད་རྡོ་རྗེ་དྲིལ་བུ་མ༔ ལྷ་མོ་ལྗང་ཁུ་དབུ་ནི་འུག་པའི་གདོང༔ ཕུང་པོའི་བདུད་འཇོམས་ཚད་མེད་བཏང་སྙོམ་བདག༔ བཛྲ་ཧུ་ལུ་མ་ཡི་ཐུགས་དམ་བསྐང༔ ཕོ་བྲང་མཚམས་བཞིར་གར་མཁན་ལས་བྱེད་མ༔ ཁྲོ་འཛུམ་ལྷ་མོ་བྱེད་གཟུགས་འཛིན་པ་མོ༔ ཐུགས་རྗེ་ཕྱེད་པའི་སྐུར་སྤུལ་འགྲོ་བ་འདུལ༔ མཚམས་བཞིའི་ལྷ་མོའི་ཐུགས་དམ་བསྐང་བ་ནི༔ ཤར་ལྷོར་བརྟན་བྱེད་དཀར་སེར་ཕྱེད་གཟུགས་འཛིན༔ ལྷོ་ནུབ་ཕོ་ཉ་སེར་དམར་ཕྱེད་གཟུགས་འཛིན༔ ནུབ་བྱང་མཆེ་བ་དམར་ལྗང་ཕྱེད་གཟུགས་འཛིན༔ བྱང་ཤར་འཇོམས་བྱེད་ལྗང་དཀར་ཕྱེད་གཟུགས་འཛིན༔ ཡེ་ཤེས་མཁའ་འགྲོ་སྒོ་མཚམས་སྲུང་མའི་ཚོགས༔ ཀུན་ཀྱང་རང་འདྲའི་སྤྲུལ་བ་བྱེ་བས་བསྐོར༔ ལེགས་ཉེས་བཏང་འཛིན་མངོན་སྤྱོད་ཚུལ་བསྟན་སྲུང༔ ཡེ་ཤེས་སྒོ་མཚམས་འཁོར་བཅས་ཐུགས་དམ་བསྐང༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ཧྲཱིཿ བླ་མེད་དཀྱིལ་འཁོར་ཕོ་བྲང་ཕྱི་རོལ་ན༔ མེ་དཔུང་རྡོ་རྗེའི་ར་བས་བསྐོར་བའི་ནང༔ ཚོགས་བརྒྱད་རྣམ་རྟོག་ཤུགས་ལས་གྲུབ་པ་ཡི༔ རང་བྱུང་དུར་ཁྲོད་བརྒྱད་ཚོགས་བསྐང་བ་ནི༔ ཤར་ཕྱོགས་རབ་འཇིགས་གཏུམ་དྲག་དུར་ཁྲོད་ནས༔ མི་ཕྱེད་རྡོ་རྗེ་མཁའ་འགྲོ་དཀར་མོ་འབུམ༔ ལྷོ་ཕྱོགས་གད་རྒྱང་སྒྲོག་པའི་དུར་ཁྲོད་ནས༔ གཟི་ལྡན་ཡེ་ཤེས་མཁའ་འགྲོ་སེར་མོ་འབུམ༔ ནུབ་ཕྱོགས་པདྨ་འཁྱིལ་བའི་དུར་ཁྲོད་ནས༔ དྲི་མེད་པདྨ་མཁའ་འགྲོ་དམར་མོ་འབུམ༔ བྱང་ཕྱོགས་ཀི་ལ་སྒྲོག་པའི་དུར་ཁྲོད་ནས༔ བདེ་ཆེན་ལས་ཀྱི་མཁའ་འགྲོ་ལྗང་མོ་འབུམ༔ ཤར་ལྷོ་རབ་འཇིགས་འབར་བའི་དུརཁྲོད་ནས༔ མི་འདས་དམ་ཚིག་བཏང་འཛིན་མཁའ་འགྲོ་འབུམ༔ ལྷོ་ནུབ་རབ་ཏུ་གཏུམ་པའི་དུར་ཁྲོད་ནས༔ མི་ཐུབ་སྣ་ཚོགས་མཁའ་འགྲོ་དྷཱ་ཀི་འབུམ༔ ནུབ་བྱང་རབ་ཏུ་རྒྱུ་བའི་དུར་ཁྲོད་ནས༔ ཀུན་རྒྱུ་ཐམས་ཅད་མཁའ་འགྲོ་ལོག་འདྲེན་འབུམ༔ བྱང་ཤར་དྲག་ཤུལ་ཅན་གྱི་དུར་ཁྲོད་ནས༔ རྒྱུད་འཛིན་འཇིག་རྟེན་མཁའ་འགྲོ་ལས་བྱེད་འབུམ༔ གཞན་ཡང་རབ་འཇིགས་དུར་ཁྲོད་ཆེན་པོ་དེར༔ རང་བྱུང་མཆོད་རྟེན་བརྒྱད་ན་ཕྱོགས་སྐྱོང་བརྒྱད༔ ཤིང་བརྒྱད་ཞིང་སྐྱོང་ཆུ་བརྒྱད་ཀླུ་ཆེན་བརྒྱད༔ རི་བརྒྱད་དྲང་སྲོང་སྤྲིན་བརྒྱད་ལྷ་མོ་བརྒྱད༔ རོ་བརྒྱད་ཕྲ་མེན་མེ་བརྒྱད་ཤུགས་འགྲོ་བརྒྱད༔ ནགས་ཚལ་བརྒྱད་ལ་རྣལ་འབྱོར་གྲུབ་ཆེན་བརྒྱད༔ བྱ་བརྒྱད་སྟགས་གཟིགས་ལྕེ་སྤྱང་བརྒྱ་ལ་སོགས༔ སྤྲུལ་འཁོར་བསམ་གྱིས་མི་ལང་གྲངས་མེད་བཅས༔ ཉིན་མཚན་དུས་དྲུག་ཁམས་གསུམ་ཁྱབ་ཉུལ་ཞིང༔ དམ་ལྡན་ཡོངས་སྐྱོང་དམ་ཚིག་ཉམས་པ་ཡི༔ ཚེ་སྲོག་རོལ་མཛད་མ་ལུས་འཁོར་དང་བཅས༔ ཐུགས་དམ་བསྐང་ངོ་འཕྲིན་ལས་འགྲུབ་པར་མཛོད༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔ཧྲཱིཿ གཞན་ཡང་རྩ་གསུམ་རབ་འབྱམས་ལྷ་ཡི་ཚོགས༔ རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་བརྒྱུད་དང༔ གང་ཟག་སྙན་བརྒྱུད་མཁའ་འགྲོ་གཏད་རྒྱའི་བརྒྱུད༔སྨོན་ལམ་གཏེར་བརྒྱུད་ཤོག་སེར་ཚིག་གིས་བརྒྱུད༔ བཀའ་བབས་ལུང་བསྟན་བྱིན་རླབས་དབང་བསྐུར་བརྒྱུད༔ དུས་གསུམ་བྱོན་པའི་བཀའ་བརྒྱུད་སྒྲུབ་རྒྱུད་དང༔ ཞལ་མཇལ་གསུང་ཐོས་གདམས་ངག་ཆོས་འབྲེལ་ཞིང༔ མན་ངག་ལུང་སྟོན་རྩ་བརྒྱུད་བླ་མ་སོགས༔ རིག་གྲུབ་རྒྱ་མཚོའི་ཚོགས་ཀྱིས་ཐུགས་དམ་བསྐང༔ ཧཱུྃ༔ཧྲཱིཿ ཆོས་སྐུ་སྐྱེ་མེད་དབྱིངས་ལས་འགགས་མེད་སྐུ༔ འབར་བ་ཞི་དང་ཁྲོ་སོགས་དཔག་མེད་པ༔ ཀུན་བཟང་རིགས་ལྔ་ཡབ་ཡུམ་སེམས་དཔའི་ཚོགས༔ ལྕམ་དྲལ་ཐུབ་དྲུག་སྒོ་བ་ལ་སོགས་པ༔ རྡོ་རྗེ་དབྱིངས་གྱུར་དམ་པ་རིགས་བརྒྱ་དང༔ དེ་ཉིད་རིགས་ལྔ་གསང་ཆེན་རིགས་གཅིག་རྒྱལ༔ རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་འབྱམས་ཀླས་བདག༔ ཡི་དམ་ཞི་བའི་ལྷ་ཚོགས་ཐུགས་དམ་བསྐང༔ ཐུགས་རྗེའི་ཀློང་ནས་ཁྲོ་གར་དགུ་རོལ་བ༔ ཆེ་མཆོག་ཡང་དག་འཇམ་དཔལ་རྟ་མགྲིན་ཕུར༔ བླ་མེད་དྲེགས་འདུལ་སྟོབས་ལྡན་བཀའ་འཁོར་བཅས༔ ཡི་དམ་ཁྲོ་བོའི་ལྷ་ཚོགས་ཐུགས་དམ་བསྐང༔ གསང་གཤིན་དགྲ་འཇིགས་བླ་ན་མེད་པ་ཕ༔ བདེ་དགྱེས་ཐོད་གུར་སྒྱུ་མ་བླ་མེད་མ༔ དུས་ཀྱི་འཁོར་ལོ་བླ་མེད་གཉིས་མེད་རྒྱལ༔ རྒྱུད་སྡེ་རབ་འབྱམས་ཡི་དམ་ཐུགས་དམ་བསྐང༔ དོན་གྱི་དབྱིངས་སུ་མཉམ་ཉིད་རོ་གཅིག་ངང༔ གང་འདུལ་སྣང་ངོར་གྲངས་མེད་སྟོན་མཛད་ཅིང༔ སྤྲུལ་བའི་གློག་བསྒྱུར་རིགས་ཀྱི་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་འཁོར་བཅས་པའི་ཐུགས་དམ་བསྐང༔ ཧཱུྃ༔ཧྲཱིཿ འཕྲིན་ལས་ཀུན་སྒྲུབ་རྟེན་འབྲེལ་ཡོངས་ཀྱི་དཔལ༔ རྣལ་འབྱོར་དམ་ལྡན་སྐྱོང་བའི་མཐུ་མོ་ཆེ༔ བསྒྲུབ་པའི་དྲོད་ཉུལ་བར་ཆད་སེལ་མཛད་མ༔ མ་མོ་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༔ གདོད་མ་ཉིད་ནས་བདེ་སྟོང་ལྷན་སྐྱེས་མ༔ རྟེན་འབྲེལ་གདུལ་བྱའི་སྣང་ངོར་ཞིང་སྐྱེས་ཚོགས༔ ཕུང་ཁམས་སྦྱང་དག་ལྷན་སྐྱེས་དྷཱ་ཀི་མ༔ གནས་གསུམ་དཔའ་བོ་མཁའ་འགྲོའི་ཐུགས་དམ་བསྐང༔ དབྱིངས་དང་ཡེ་ཤེས་བདེ་ཆེན་མཁའ་འགྲོ་མ༔ གནས་གསུམ་ཧེ་རུ་འཇིག་རྟེན་འཇིག་རྟེན་ལས༔ འདས་དང་ཕྱི་ནང་རྟེན་འབྲེལ་ལས་བྱུང་བའི༔ གྲངས་མེད་མཁའ་འགྲོའི་ཚོགས་ཀྱི་ཐུགས་དམ་བསྐང༔ སྐལ་ལྡན་བུ་ལ་དངོས་གྲུབ་མྱུར་སྩོལ་ཞིང༔ ཉམས་པའི་ཚེ་སྲོག་དབུགས་ལ་མངའ་མཛད་མ༔ ཀུན་ཏུ་རྒྱུར་གྱུར་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ ཐུགས་དམ་བསྐང་ངོ་འཕྲིན་ལས་འགྲུབ་པར་མཛོད༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿ བསྐལ་བ་རབ་འཇིགས་མེ་ཀློང་འབར་བ་ནས༔ ཁམས་གསུམ་སྲིད་པའི་གནས་ནས་མ་རུང་པ༔ ལོག་འདྲེན་གདུགས་པའི་དགྲ་གདོན་བགེགས་ཀྱི་ཚོགས༔ འཇོམས་མཛད་འཕགས་མཆོག་ཤིན་ཏུ་ཁྲོས་པའི་སྐུ༔ འཇིགས་ཚོགས་འཇིགས་བྱེད་ནག་པོ་ཁྲོ་བོའི་རྒྱལ༔ ཞལ་ནི་བཅུ་གཅིག་ཧ་ལའི་མདངས་འབར་ཞིང༔ ཕྱག་སྟོང་གདུག་པའི་མཚོན་ཆ་སྣ་ཚོགས་འཕྲོ༔ སྤྱན་སྟོང་ཁྲོ་གར་འཇིག་རྟེན་ཀུན་གང་འགྱེད༔ མེ་དཔུང་འཇིགས་སྒྲ་ཧཱུྃ་ཕཊ་སོད་རྒྱོབ་ཀྱིས༔ ཁམས་གསུམ་གཡོ་ཞིང་སྲིད་གསུམ་འདར་བར་བྱེད༔ ས་གསུམ་གདུགས་པའི་ཚོགས་ཀུན་བརླག་བྱེད་པ༔ དཔལ་ཆེན་འཇིགས་བྱེད་ནག་པོའི་ཐུགས་དམ་བསྐང༔ ཞིང་བཅུ་མཐའ་དམག་འགོང་པོ་རྒྱ་འདྲེ་དང༔ རྒྱལ་བསེན་ཀླུ་གཉན་འགོང་པོ་གཞོབ་རྡུལ་དུ༔ བརླག་བྱེད་སྤྲུལ་བ་ལས་བྱེད་ཁྲོ་འཁོར་ནི༔ ཡེ་ཤེས་མེ་ཡི་ཚྭ་ཚྭ་འཁྲུགས་པའི་ཀློང༔ བདེ་གཤེགས་སྐུ་ཡི་བདག་ཉིད་གཤིན་རྗེའི་གཤེད༔ གསུང་དབང་རྟ་མཆོག་དམར་ནག་ཁྲོས་པའི་སྐུ༔ ཐུགས་མཆོག་གསང་བདག་ལག་ན་རྡོ་རྗེ་འཆང༔ བླ་མེད་ཤིན་ཏུ་ཁྲོས་མ་ནག་པོ་ཆེ༔ གདུག་པའི་སྲོག་འབྱིན་ཡཀྴ་མེ་དབལ་སོགས༔ རབ་ཏུ་མི་བཟོད་མེ་ལྟར་འབར་བ་ཆེ༔ ཁྲོ་བོ་ཁྲོ་མོ་གྲངས་མེད་འཁོར་གྱི་བསྐོར༔ ཡབ་ཡུམ་སྤྲུལ་བ་མ་ལུས་ཐུགས་དམ་བསྐང༔ དམིགས་མེད་ཀློང་ནས་བརྩེ་བའི་སྙིང་རྗེ་ཅན༔ རབ་ཏུ་ཞི་བས་འདུལ་མིན་གདུག་པ་ལས༔ ཆེར་བརྩེས་ཤིན་ཏུ་ཁྲོས་པ་གཤིན་རྗེ་ནག༔ ཁྲོ་རྒྱལ་རབ་འབྱམས་རྒྱ་མཚོའི་ཐུགས་དམ་བསྐང༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ༔བྷྱོ༔ ཆོས་དབྱིངས་མེ་འབར་དུར་ཁྲོད་ཆེན་པོ་ནས༔ ཧེ་རུ་ཀ་དཔལ་ཁྲོས་པའི་རང་གདངས་ལས༔ རྒྱལ་བའི་བསྟན་པ་གཉན་སྲུང་མཐུ་རྩལ་ཅན༔ མ་མགོན་ལྕམ་དྲལ་ཚོགས་རྣམས་བསྐང་བ་ནི༔ ནག་པོ་ཆེན་པོ་འཇིགས་བྱེད་ཁྲོ་གཏུམ་ཅན༔ བཟློག་པས་མི་བཟློག་དགྲ་བགེགས་ཡོངས་ཀྱི་གཤེད༔ དྲག་སྔགས་ཡོངས་བདག་ཕ་ལམ་མ་ནིང་ནག༔ ཡེ་ཤེས་མགོན་པོ་ཡབ་ཡུམ་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཡེ་ཤེས་མགོན༔ ལས་དང་དམ་ཚིག་ཤ་ཟ་མགོན་པོ་ཆེ༔ སྲོག་བདུད་ཏྲགྴད་གཟའ་ཀླུ་མ་ནིང་ནག༔ ཡབ་ཡུམ་སྲས་འཁོར་ཡོངས་རྫོགས་ཐུགས་དམ་བསྐང༔ ཕྱག་བཞི་ཕྱག་དྲུག་ལེགས་ལྡན་གུར་གྱི་མགོན༔ ཚོགས་བདག་བེར་ནག་མིའུ་ཐུང་ཨ་གོ་ར༔ སྲིན་མགོན་གདོང་བཞི་བྱ་སེང་གདོང་དང་བཅས༔ ཐུགས་དམ་བསྐང་ངོ་འཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔བྷྱོ༔ བསྐལ་བ་རླུང་ནག་འཁྲུགས་པའི་དཀྱིལ་འཁོར་ནས༔ ཀུན་ཏུ་བཟང་མོ་ཡེ་ཤེས་ཚོགས་ཀྱི་རྗེ༔ རྡོ་རྗེ་རལ་གཅིག་ཨེ་ཀ་ཙཀྱུ་མ༔ དབྱིངས་ཀྱི་མ་མོ་ཆེན་མོའི་ཐུགས་དམ་བསྐང༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་སྤྲུལ་བ་ཡི༔ མ་མོ་བྱེ་བ་དྲུག་འབུམ་སྙིང་འཕྲོག་དྲུག༔ གདོང་བཞི་མ་མོ་ཉེར་བརྒྱད་ལ་སོགས་པའི༔ ཐུགས་དམ་བསྐང་ངོ་འཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔བྷྱོ༔ རབ་འཇིགས་འབར་བའི་མེ་དཔུང་ཀློང་ཤེད་ནས༔ གསང་ཡེ་ཁྲོས་མ་ལྷ་མོ་འབར་གདོང་དམར༔ ཙིཏྟ་དུག་འཐུང་གདུག་པ་ཀུན་གྱི་གཤེད༔ ལས་ཀྱི་མ་མོ་འབུམ་བཅས་ཐུགས་དམ་བསྐང༔ ཤན་པ་སྲོག་སྒྲུབ་ནམ་གྲུ་མཆེད་དེ་བདུན༔ རང་བྱུང་རྒྱལ་མོ་དུང་སྐྱོང་རེ་མ་ཏི༔ སྤྱང་ཞོན་ངན་ནེ་མ་སོགས་མ་མོའི་ཚོགས༔ ཐུགས་དམ་བསྐང་ངོ་འཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔བྷྱོ༔ རྒྱལ་བའི་བཀའ་སྐྱོང་དམ་ཚིག་གཉན་སྲུང་ཞིང༔ བསྟན་པའི་བྱ་ར་སྒྲུབ་པའི་དྲོད་འཛིན་པ༔ དམ་ཉམས་བསྟན་དགྲའི་སྲོག་གི་སྤུ་གྲི་ནག༔ དཔའ་གཏུམ་བདུད་མགོན་ལེགས་གྲུབ་རྡོ་རྗེ་ཡབ༔ ཡུམ་ཆེན་སྲིན་ར་བཾ་རོ་ཕོ་མོ་འཁོར༔ དྲེགས་པ་སྡེ་བརྒྱད་བདུད་ཚོགས་ཕོ་ཉར་བཅས༔ ཐུགས་དམ་གཉན་བསྐང་བན་དགྲ་ནང་རྒྱས་སྒྲོལ༔ ཧཱུྃ༔བྷྱོ༔ གཟའ་མཆོག་རྣམ་སྲས་རྡོར་ལེགས་བདུད་བཙན་ཀླུ༔ སྔགས་བདག་བཅོ་བརྒྱད་སྡེ་དཔོན་ཆེ་སུམ་ཅུ༔ རྫོང་བཙན་མི་སྲུན་འབར་བ་མཆེད་བདུན་དང༔ དགེ་བསྙེན་ཉེར་གཅིག་བརྟན་མ་མོ་བཅུ་གཉིས༔ ནོར་ལྷ་གཏེར་བདག་གནས་སྲུང་གཞི་བདག་གཉན༔ ཡེ་ཤེས་ལས་འཇིག་ཕོ་མོ་མ་ནིང་སྡེ༔ ཞིང་སྐྱོང་དུར་བདག་དམ་ཅན་རྒྱ་མཚོའི་ཚོགས༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་བསྟན་དགྲ་དམ་ཉམས་སྒྲོལ༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ གསང་མཆོད་གྷ་ན་ཙཀྲའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཧྲཱིཿ གསང་ཆེན་བླ་མེད་དཀྱིལ་འཁོར་མུ་རན་ལ༔ རྣལ་འབྱོར་གྲུབ་ཐོབ་ཕོ་མོ་མང་པོ་དང༔ དཔའ་བོའི་ཚོགས་དང་དཔའ་མོ་མང་པོའི་ཚོགས༔ དབང་མོ་མཁའ་འགྲོ་ཤུགས་འགྲོ་གིང་ལངྐ༔ འབར་མ་མ་སྲིང་འབུམ་ཕྲག་ཡང་མཁའ་འགྲོ༔ ཤ་ཟ་སྲིན་པོ་རོ་ལང་ཡི་དྭགས་དང༔ འབྱུང་པོ་བརྗེད་བྱེད་ལོག་འདྲེན་བགེགས་ཀྱི་རིགས༔ གདོན་ཆེན་ལ་སོགས་སྣང་ཞིང་སྲིད་རིགས་དྲུག༔ བསྟན་སྐྱོང་ལ་སོགས་རང་རང་བུ་སྨད་དང༔ མཛའ་བཤེས་འཁོར་གཡོག་བྲན་དང་བཅས་པ་རྣམས༔ ཐུགས་དམ་བསྐང་ངོ་རང་རང་འཕྲིན་ལས་མཛོད༔ ཧྲཱིཿ བསྐང་ངོ་ཐུགས་དམ་གཉན་བསྐང་དམ་རྫས་ནི༔ ལྷ་རྫས་ཕྱི་མཆོད་འཇིག་རྟེན་མཎྜལ་ལ༔ སྐྱེ་འགྲོའི་ཚོམ་བུ་འདོད་དགུ་ལོངས་སྤྱོད་བཀྲམ༔ འདོད་ཡོན་སྤྱན་གཟིགས་མཆོད་པས་ཐུགས་དམ་བསྐང༔ རང་བྱུང་ནང་མཆོད་སྣ་ཚོགས་གཟུགས་སྒྲ་དྲི༔ རོ་རེག་ཆོས་མཆོག་སྨན་གཏོར་རཀྟའི་ཚོགས༔ ཡ་མཚན་བརྡ་དང་ཕྱག་རྒྱ་གར་བསྒྱུར་སོགས༔ མ་སྤང་ངོ་མཚར་མཆོད་པས་ཐུགས་དམ་བསྐང༔ ཏ་ན་ཐབས་སྦྱོར་ག་ན་སྒྲོལ་དམ་རྫས༔ ཆགས་མེད་མཉམ་སྦྱོར་ཟག་བྲལ་བདེ་བ་ཆེ༔ དམིགས་མེད་སྟོང་པར་འཁྲུལ་སྣང་ཡོངས་སྒྲོལ་བའི༔ ཁྱད་པར་བླ་མེད་མཆོག་གི་ཐུགས་དམ་བསྐང༔ དབང་བོའི་མེ་ཏོག་ཤ་ཆེན་དུད་པའི་སྤྲིན༔ ཚུལ་ཆེན་སྣང་གསལ་ཁྲག་མཁྲིས་དྲི་ཡོན་ཆབ༔ ཤ་རུས་ཞལ་ཟས་རྐང་གླིང་དོད་རྔའི་སྒྲ༔ གསང་བ་རྨད་བྱུང་རྫས་ཀྱི་ཐུགས་དམ་བསྐང༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་མཁའ་ལྡིང་བྱ༔ ཤེལ་གོང་ལུགས་དང་ཙ་ར་ཟ་ལེ་འབྲི༔ ཞུན་མེ་ཤ་ཆེན་ལིང་ལིང་འབྲུ་བཅུད་བཤོས༔ ཤ་སྙིང་ཁྲག་སྣ་བསྐང་བའི་རྫས་ཀྱི་བསྐང༔ མཉམ་བཞག་མེ་ཏོག་རྩལ་སྣང་ཤུགས་གྲོལ་དྲི༔ རང་རིག་འོད་གསལ་མར་མེ་མཉམ་ཉིད་ཆབ༔ བདེ་བའི་ཞལ་ཟས་བརྗོད་བྲལ་སྟོང་ཉིད་སྒྲ༔ བསམ་གཏན་མཆོག་གི་མཆོད་པས་ཐུགས་དམ་བསྐང༔ གསལ་ཞིང་གཟུང་འཛིན་མི་གཟུང་མི་རྟོག་སྒྲ༔ ཉོན་མོངས་དྲི་བྲལ་དྭངས་དྲི་ཕྲ་སློང་རོ༔ མཐའ་གྲོལ་ལྷུན་མཉམ་རེག་བྱ་བློ་འདས་ཆོས༔ ཏིང་འཛིན་མཉམ་བཞག་མཆོད་པས་ཐུགས་དམ་བསྐང༔ རང་ལ་གནས་པའི་བདུད་རྩི་རྣམ་པ་ལྔ༔ ཁམས་ལྔ་རྨ་བྱུང་དུག་ལྔ་ཡེ་ཤེས་ལྔ༔ འབྱུང་ལྔ་ཡུམ་ཆེན་འཁོར་འདས་དབྱེར་མེད་པར༔ མཉམ་ཉིད་རོ་གཅིག་མཆོད་པས་ཐུགས་དམ་བསྐང༔ འདི་ལྟར་ལྷ་ཚོགས་བསྐང་བསྐང་གསོའི་གསོའི་ནས༔ ཐུགས་དམ་གཉན་པོའི་དགྱེས་པ་དེས་བསྐོང་ལ༔ དམ་གསང་གཉན་གྱུར་ལོ་ཟླ་ཞགས་དུས་ཀྱི༔ འགལ་ཉམས་རལ་བ་ཐམས་ཅད་སོར་ཆུད་ཅིང༔ ཆོ་གའི་ལྷག་ཆད་མཐའ་དག་རྫོགས་གྱུར་ཅིག༔ བདག་གི་གཡར་དམ་གཉན་པོ་སོར་སྩོལ་ཅིག༔ ཐུན་མོངས་ཞི་རྒྱ་དབང་དྲག་འཕྲིན་ལས་བཞི༔ ཁྱད་པར་ཕྱག་རྒྱ་ཆེ་མཆོག་དངོས་གྲུབ་སྩོལ༔ དེ་ལྟ་ཡེ་ཤེས་མཁའ་འགྲོ་བླ་མེད་དཀྱིལ་འཁོར་གྱི་ལྷ་ཚོགས་དགྱེས་པ་སྤྱི་དང་ཁྱད་པར་གྱིས་བསྐང་ནས༔ ༈ གཉིས་པ་དེ་ཁོ་ན་ཉིད་དོན་དམ་རང་བྱུང་ལྟ་བས་བསྐང་བ་ནི༔ རྣལ་འབྱོར་མཆོག་གི་ལྟ་བའི་ངང་དུ༔ རྒྱན་དང་བཅས་དེ་ཕྱག་རྒྱ་གར་བསྒྱུར་དབྱངས་ཚིགས་སྙན་པོས༔ ཧཱུྃ༔ གདོད་ནས་གནས་པ་རང་རིག་ཡེ་ཤེས་ཆེ༔ མ་སྐྱེས་བློ་ལས་འདས་པའི་དབྱིངས་སུ་བསྐང༔ གདང་རྩལ་རང་བྱུང་སྣང་ཞིང་སྲིད་པའི་ཆོས༔ འགགས་མེད་མཉམ་པ་ཉིད་ཀྱི་དབྱིངས་སུ་བསྐང༔ དོན་དམ་བརྗོད་འདས་བསམ་དུ་མེད་གྱུར་པ༔ སྟོང་ཉིད་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་བསྐང༔ ཀུན་རྫོབ་འཆར་སྣང་རྒྱན་གྱི་རོལ་པ་ཆེ༔ སྣ་ཚོགས་རྟེན་ཅིང་འབྲེལ་བའི་དབྱིངས་སུ་བསྐང༔ འཁོར་བ་ཀུན་ཀྱང་བདེ་བར་གཤེགས་པའི་ཀློང༔ རང་གྲོལ་ཡེ་བཞེངས་ཆེན་པོའི་ངང་དུ་བསྐང༔ མྱ་ངན་འདས་པ་རིག་པ་སོ་མ་ཉིད༔ རེ་དོགས་རྫུན་འཁྲིས་ཡལ་བའི་མཁའ་རུ་བསྐང༔ ཧཱུྃ༔ མཐའ་བྲལ་སྤྲོས་མེད་ཀ་ནས་དག་པ་ཡི༔ དམིགས་མེད་ལྟ་བ་ཀློང་དུ་གྱུར་པས་བསྐང༔ ཡོངས་འཁྲུལ་གཟུང་འཛིན་རྐྱེན་དང་བྲལ་བ་ཡི༔ བསྒོམ་མེད་བསྒོམ་པ་ཆེན་པོས་རབ་ཏུ་བསྐང༔ བཟང་ངན་བླང་དོར་བྲལ་བ་ཀུན་ཏུ་བཟང༔ སྤྱོད་པ་སྒྲིབ་བྲལ་ཚུལ་འཆོས་ལས་འདས་བསྐང༔ སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ༔ སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར༔ ཡེ་སྦྱོར་ཡེ་གྲོལ་ཆེན་པོའི་ཐུགས་དམ་བསྐང༔ ཉམས་ཆགས་ཐམས་ཅད་བསྐང་གྱུར་ཅིག༔ རྟོགས་སྒྲིབ་ཐམས་ཅད་བྱང་གྱུར་ཅིག༔ ལས་ངན་སྡིག་སྒྲིབ་དག་གྱུར་ཅིག༔ ཁམས་གསུམ་འཁོར་བ་སྟོང་གྱུར་ཅིག༔ འབྲས་བུ་སྐུ་གསུམ་ཐོབ་གྱུར་ཅིག༔ བསྐོང་གྱུར་དབང་དང་དངོས་གྲུབ་སྩོལ༔ ཨ་ལ་ལ་ཧོ༔ ཨོཾ་ཨཱཿཧཱུྃ༔ ཧོ་དགོངས་སུ་གསོལ་ལོ༔ རང་བཞིན་ལྷུན་གྲུབ་གྱི་དབྱིངས་ན་བཞུགས་ཤིང་དུས་གསུམ་འདུ་འབྲལ་མེད་པའི་ངང་ནས་བྱོན་པའི་བླ་མ་ཡི་དམ་མཁའ་འགྲོ་རང་རྩལ་རིག་པའི་ཀློང་ནས་རང་བྱོན་པ༔ བཅོམ་ལྡན་འདས་མ་གསང་བ་ཡེ་ཤེས་འཁོར་ལོའི་ལྷ་ཚོགས་ཐེག་པ་རྒྱུད་སྡེ་བཞི་དྲུག་ལ་སོགས་རྒྱལ་བའི་དཀྱིལ་འཁོར་བཀའ་སྲུང་ཕོ་ཉ་ལས་མཁན་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ༔ འདི་ལྟར་བདག་ཅག་རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་འདུས་པ་རྒྱ་མཚོ་རྣམས་ཀྱིས་བླ་མེད་ཡང་དག་མཆོག་གི་མཆོད་པ༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བ་ལ་བརྟེན་ནས༔ བདག་སོགས་སེམས་ཅན་ཐམས་ཅད་ཁམས་གསུམ་དུ་འཁོར་ཞིང་རིགས་དྲུག་གི་དུ༔ཁ་ལ་སྤྱོད་རྣམས་ཀྱི་དམ་ཚིག་ཉམས་ཆགས་འགལ་འཁྲུལ་ཉེས་ལྟུང་ཐམས་ཅད་ཀུན་བཟང་ཡངས་པ་ཆེན་པོའི་ཀློང་དུ་ཁ་བསྐང་ཞིང་བདེ་ཆེན་ཆོས་ཉིད་ཀྱི་དབྱིངས་སུ་སོར་ཆུད་པར་གྱུར་ཅིག༔ མཧཱ་སིདྡྷི་ས་མ་ཡ་ཨཿ ཞེས་པས་བསྐང་ཞིང༔ འདི་ལྟ་བུ་ཚོགས་ཀྱི་འཁོར་ལོ་བསྐང་བཤགས་འདིའི་སྐབས་སུ་རྣལ་འབྱོར་བ་རྣམས་ཀྱིས་ཐ་མལ་བའི་ཚུལ་བག་མེད་པ་དང་ཅུང་ཟད་ཀྱང་མ་འདྲེས་པར་རང་རིག་ཧུར་ཕྱུང་ཞིང་རང་མདངས་ཀྱི་དཀྱིལ་འཁོར་གསལ་བ་གསུམ་དང་མི་འབྲལ་བར་མཉམ་རྗེས་ཐུགས་འཕྲད་དུ་སྐྱོང་ཞིང་གང་ཤར་ཞེན་འཁྲིས་མེད་པར་རང་ངོར་རྩིས་ཟིན་བཞིན་བབ་ཆགས་པར་དེ་དྭོགས་མེད་ཅིང་དགག་སྒྲུབ་བླང་དོར་དང་བྲལ་བར་ཆོས་ཉིད་རིག་པ་ཟངས་ཐལ་ཆེན་པོར་ལ་བཟླ་སྟེ༔ དེ་ལྟ་བུའི་རྣལ་འབྱོར་པ་ནི་ཅིར་སྣང་ལྟ་བ༔ གང་ཤར་བསྒོམ་པ༔ གང་བྱས་སྤྱོད་པ༔ གང་ཡང་འབྲས་བུ་ཆེན་པོར་གྲོལ་ནས༔ དཔལ་གསང་བ་ཡེ་ཤེས་ཀྱི་ལམ་ལ་བྱང་མཐུས་ཐུགས་ཀློང་གསལ་བར་ཆུབ་སྟེ་གནས་སྐབས་སུ་ཐུན་མོངས་དང༔ མཐར་ཐུག་མཆོག་གི་དངོས་གྲུབ་སྩོལ་མེད་དུ་འགྲུབ་པར་འགྱུར་རོ༔ ༈ ཨེ་མ་བླ་མེད་གསང་བའི་དཀྱིལ་འཁོར་ཆེ༔ རྨད་བྱུང་ཡེ་ཤེས་མཁའ་འགྲོའི་ཚོགས་དགྱེས་བྱེད༔ དོན་དམ་གཉིས་མེད་མཉམ་པ་ཉིད་གྱུར་པ༔ རོ་གཅིག་ལྷུན་རྫོགས་དབྱིངས་སུ་བཤགས་དང་བསྐང༔ ཡོངས་སུ་བྲལ་ཀྱང་ཀུན་རྫོབ་སྒྱུ་མའི་འཕྲུལ༔ ཇི་བཞིན་ཀློང་ནས་འགག་མེད་རྟེན་འབྲེལ་ཆ༔ རོལ་བ་རྒྱ་མཚོ་དཀྱིལ་འཁོར་ལྷ་ཡི་ཚོགས༔ བསྐང་དང་ཉེས་ནོང་བཤགས་པའི་རིམ་པ་ནི༔ རབ་འབྱམས་ཀུན་ཁྱབ་དགྱེས་བྱེད་འཕྲིན་ལས་ཆེ༔ བདག་ཉིད་དྲི་མ་ཡོངས་སུ་དག་བྱེད་ཅིང༔ ཛྙཱ་ན་དྷཱ་ཀྐིའི་མཁའ་ཀློང་ཡངས་དཀྱིལ་ནས༔ མཆོག་གི་དངོས་གྲུབ་ཆར་འབེབས་འདི་བཀོད་པའི༔ ཉེས་པའི་རྒྱུར་གྱུར་གཞུང་དོན་འགལ་འཁྲུལ་ནོར༔ མཆིས་ཀུན་རབ་གནོང་མཁའ་འགྲོས་བཟོད་བཞེས་ཤིང༔ ལེགས་གྱུར་དགེ་བ་འགྲོ་ཀུན་ལ་བསྔོས་པས༔ ཕྱམ་གཅིག་ཟབ་མོའི་ཐུགས་དབྱིངས་གྲོལ་བར་ཤོག༔ དེ་ལྟར་མཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐང་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས་ཞེས་བྱ་བ་འདི་ནི་རང་གི་འདྲེན་མཆོག་༧རྡོ་རྗེ་འཆང་གཏེར་ཆེན་ཆོས་རྗེ་༧པདྨ་བདེ་ཆེན་གླིང་པ་དེ་ཉིད་ཀྱི་རིགས་ཆོས་ཀྱི་ཅོད་པཎ་སྤྱི་བོར་བཅིང་བའི་བདག་ཉིད་ཆེན་པོ་རིག་པ་འཛིན་པ་དཔལ་པདྨ་དབང་རྒྱལ་ལམ། ཀུན་བཟང་ཆོས་ཉིད་ཀློང་གྲོལ་ཡེ་ཤེས་མཆོག་གི་རྡོ་རྗེ་ལགས་ནས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། བླ་མེད་མའི་དཀྱིལ་འཁོར་དུ་རྣལ་འབྱོར་འཛིན་ཞིང་རྫོགས་པ་ཆེན་པོའི་ལམ་དུ་ཞུགས་བློ་ཙམ་བགྱིད་པ། ཕྱོགས་ཀུན་ཏུ་རྒྱུ་བའི་སྔགས་སྨྱོན་ཚེ་དབང་ནོར་བུ་དཔལ་གྱི་རྒྱ་མཚོའམ་ཀརྨ་བསྟན་པ་མཐའ་རྒྱས། གསང་མཚན་རྡོ་རྗེ་སེམས་དཔའ་རྩལ་གྱིས་གང་ཤར་ལྷུག་པ་བྱུང་རྒྱལ་དུ་རང་ལོ་ཉེར་ལྔའི་སྣེར་འཁོད་པའི་དུས། ཨོ་རྒྱན་ཆེན་པོའི་དགོངས་བཞེད་ལྟར་དབྱར་རར་འདོད་པ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྟོན་པའི་དུས་ཆེན་ཟླ་བའི་དྷཱ་ཀྐི་རྒྱུ་བའི་ཚེས་བཟང་བརྒྱད་ལ། མདོ་ཁམས་འབྲི་རྒྱུད་ལྕི་རོང་བསྭ་བ་གསལ་གྱི་བླ་བྲང་ཡང་རྩེར་སྦྱར་བའི་ཡི་གེའི་གཟུགས་བརྙན་འཆར་བར་བྱེད་པ་པདྨ་སྐྱབས་ཀྱིས་བགྱིས་པའོ། །དགེའོ།། ཨེ་མ་ཀུན་ཏུ་བཟང་མོའི་མཁར༔ དགེའོ་བདག་ཉིད་རིག་པ་རྟག་ཏུ་སྦྱོར༔ དགེའོ་ཟག་མེད་བདེ་བ་ཆེན་པོ་གཡོ༔ དགེའོ་ཐུགས་རྗེའི་ཆར་གྱིས་འགྲོ་སྨིན་ཤོག༔ ཧེ་ཧེ༔ འདི་ནི་ཐུགས་ཀྱི་ཀློང་ལས་རང་རྡོལ་དུ་ཤར་བ། དགོངས་གཏེར་རྡོ་རྗེའི་ཚིག་བྱིན་རླབས་རྨད་དུ་བྱུང་བ་ཅན་ནོ།།


previousམཁའ་འགྲོ་ཀུན་གྱི་ཡང་སྙིང་གསང་བ་ཡེ་ཤེས་འཁོར་ལོའི་བཤགས་བསྐངས་དཀྱིལ་འཁོར་ཀུན་ཁྱབ་དགྱེས་བྱེད་དྲི་མེད་ཀློང་ཡངས་དངོས་གྲུབ་མཆོག་གི་ཆར་འབེབས། next