Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར།
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར། next

ཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར།

༈ ཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར་བཞུགས་སོ།

དྷུ་མ་གྷ་ཡེ་ན་མ། མཁའ་འགྲོའི་གཙོ་གྱུར་སྒྲུབ་འདོད་པས༔ ཐོག་མར་སྔོན་འགྲོས་རྒྱུད་སྤྱངས་ཤིང༔ དེ་ནས་སྨིན་བྱེད་འདིར་ཞུགས་ཏེ༔ སྐུ་བཞིའི་ས་བོན་ཐེབས་པར་བྱ༔ དབང་གི་དཀྱིལ་འཁོར་ཁ་ནུབ་བསྟན༔ ཕུན་སུམ་ཚོགས་པའི་གནས་སུ་བཀོད༔ སྐུ་རྟེན་ཐོད་པ་མཚན་ལྡན་ནང༔ གསུང་རྟེན་དཀར་དམར་བདུད་རྩིས་གཏམ༔ ཐུགས་རྟེན་མེ་ལོང་དཀྱིལ་འཁོར་ལ༔ ཡེ་ཤེས་སྣང་བའི་སྒྲོན་མེ་བཞག༔ དང་པོར་སློབ་མར་ཁྲུས་སོགས་བྱ༔ དེ་ནས་ཅི་འབྱོར་མཎྜལ་ཕུལ༔ དད་དང་ཀུན་སློང་དག་པ་ཡིས༔ སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་བྱ༔ ཨཱ༔ རང་སེམས་གདོད་ནས་མཁའ་འགྲོ་འདུས་པའི་དལ༔ ཡེ་ཡིན་ཐག་ཆོད་ངང་ནས་སྐྱབས་སུ་མཆི༔ སྣང་སྲིད་བདེ་ཆེན་ཀློང་ནས་གྲོལ་བའི་ཕྱིར༔ མཁའ་སྤྱོད་བཙུན་མོའི་དབང་མཆོག་བསྩལ་དུ་གསོལ༔ དེ་ནས་བླ་མ་དམ་པ་ཡིས༔ ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ མ་རྒྱུད་ལམ་ལ་སྤྲོ་བ་ལེགས༔ གསང་བའི་སྒོ་ཆེན་ངེས་འབྱེད་ཀྱིས༔ དགའ་ཞིང་སྤྲོ་བས་འཇུག་པར་ཅེས༔ ཅེས་སོགས་གནང་བ་བསྩལ་བ་དང༔ སྙིང་ནས་སྡོམ་གསུམ་སྲུང་བའི་བློས༔ ཐལ་མོ་སྦྱར་ཞིང་གསོལ་འདེབས་ནི༔ ཧོ༔ བླ་མ་སངས་རྒྱས་འཁོར་དང་བཅས༔ ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བླ་མེད་དཀོན་མཆོག་གསུམ་པོ་ལ༔ བྱང་ཆུབ་སྙིང་པོ་མ་ཐོབ་བར༔ སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི༔ སྔོན་ནས་བསག་པའི་སྡིག་སྒྲིབ་བཤགས༔ འགྲོ་རྣམས་སངས་རྒྱས་ཐོབ་བྱའི་ཕྱིར༔ སྨོན་པའི་བྱང་ཆུབ་སེམས་བསྐྱེད་དོ༔ སེམས་ཅན་ཡོངས་སུ་སྨིན་པའི་ཕྱིར༔ གསང་སྔགས་སྤྱོད་པ་རླབས་ཆེན་སྤྱོད༔ དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས༔ རང་བྱུང་མཐའ་བྲལ་གསལ་སྟོང་བསྒོམ༔ ལན་གསུམ་བརྗོད་དེ་སྡོམ་པ་བཟུང༔ དེ་ནས་ཡེ་ཤེས་དབབ་པའི་ཕྱིར༔ སློབ་མ་རྣམས་ལ་གདོང་གཡོག་གསོལ༔ བླ་མར་དད་པ་རྩེ་གཅིག་གིས༔ རྐྱེན་བྱས་བླ་མའི་འོད་ཟེར་གྱིས༔ སློབ་མའི་ཕུང་ཁམས་སྟོང་བར་སྦྱང༔ ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས༔ ཆོས་དབྱིངས་རྣམ་པར་དག་པའི་དབྱིངས༔ རྡོ་རྗེ་གཙུན་མོའི་མཁའ༔ རྣམ་ཐར་གསུམ་ལྡན་ཨེ་ཡི་གཞལ་མེད་ཁང་ཁྱབ་བརྡལ་ཆེན་པོའི་ཀློང་ཡངས་པོར༔ ཁྱོད་རང་རྣམས་ཀྱི་རང་གསལ་རིག་པའི་ངོ་བོ་ཆོས་སྐུ་མཚན་མ་མེད་པའི་ངང་ནས་ཞལ་ཕྱག་མཚན་དཔེ་རྫོགས་པའི་སྐུར་གསལ་བ་ནི༔ པདྨ་ཉི་མ་བམ་རོའི་གདན་སྟེང་དུ༔ རང་རིག་ངོ་བོ་ཧྲཱིཿཡིག་དམར་གསལ་འཚེར༔ དེ་ལས་བདག་ཉིད་མཁའ་འགྲོ་གསང་ཡེ་མ༔ སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ༔ བཅུ་དྲུག་ལོན་པའི་ན་ཚོད་གཞོན་ཚུལ་མཛེས༔ སྤྱན་གསུམ་མཆེ་བཞི་ཅུང་གཙིག་ཁྲོ་མོའི་ཞལ༔ གཡས་གཉིས་ཕྱག་མཚན་གྲི་གུག་རལ་གྲི་དང༔ གཡོན་གཉིས་ཐོད་ཁྲག་ཁ་ཊཱཾ་རྩེ་གསུམ་བསྣམས༔ ཐོད་པ་སྐམ་རློན་རིན་ཆེན་དུ་མས་སྤྲས༔ ཞབས་གཉིས་རྐྱང་བསྐུམ་པདྨའི་གདན་ལ་བཞེངས༔ གཙོ་མོའི་ཉེ་འཁོར་པདྨ་འདབ་བཞི་ལ༔ རིགས་བཞིའི་དཔའ་བོ་དཔའ་མོ་ཡབ་ཡུམ་བརྒྱད༔ ཕྱི་རོལ་པད་ཕྲེང་འདབ་བརྒྱད་སུམ་རིམ་ལ༔ མཁའ་སྤྱོད་དཔའ་བོ་ཡབ་ཡུམ་བཅུ་དྲུག་ནི༔ ཐུགས་ཀྱི་རང་བཞིན་སྐུ་མདོག་མཐིང་འོད་ལྡན༔ པད་ཕྲེང་རིམ་པ་གསུམ་གྱི་བར་མ་ལ༔ ས་སྤྱོད་དཔའ་བོ་ཡབ་ཡུམ་བཅུ་དྲུག་ནི༔ གསུང་གི་རང་བཞིན་སྐུ་མདོག་དམར་ལ་གསལ༔ དེ་ཕྱི་པད་ཕྲེང་རིམ་གསུམ་ཐ་མ་ལ༔ ས་འོག་སྤྱོད་པ་ཡབ་ཡུམ་བཅུ་དྲུག་ནི༔ སྐུ་ཡི་རང་བཞིན་སྐུ་མདོག་དཀར་ལ་དྭངས༔ སྒོ་བཞིར་སྒོ་མ་བཞི་དང་ཕྱོགས་མཚམས་སུ༔ རབ་འབྱམས་མཁའ་འགྲོ་རྒྱ་མཚོ་སྤྲིན་ལྟར་གཏིབ༔ ཀུན་ཀྱང་རང་འདྲ་མཁའ་འགྲོས་སོ་སོར་བསྐོར༔ རང་རྟགས་གྲི་ཐོད་རུས་བརྒྱན་གཟི་འོད་འབར༔ ཐམས་ཅད་ཡབ་ཡུམ་སྦས་ཚུལ་ཁ་ཊཱྂ་ཀ༔ མཆན་ཁུང་གཡོན་བསླང་ཕྱེད་སྐྱིལ་གར་སྟབས་རོལ༔ ཡེ་ཤེས་གཅིག་ལ་རྣམ་པ་དུ་མའི་ཚུལ༔ ཀུན་ཀྱང་རང་བཞིན་མེད་པ་ཆུ་ཟླ་བཞིན༔ ཀུན་གྱི་སྤྱི་བོར་པད་འབྱུང་སྣང་མཐའ་ཡས༔ རིགས་ཀྱི་བདག་པོར་འབྲལ་མེད་ཚུལ་དུ་གསལ༔ དེ་དག་གནས་གསུམ་ཀྱི་ཡི་གེ་གསུམ་དང་མདུན་བསྐྱེད་བླ་མ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དུས་གསུམ་བདེ་བར་གཤེགས་པ་ཐམས་ཅད་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟར་ནམ་མཁའི་ཁྱོན་གང་བ༔ ཟེར་ཐག་སྦྲེངས་བའི་སྣ་ལ་སྤུངས་སྤུངས་བྱོན་ནས་ཁྱོད་རང་རྣམས་ལ་ཐིམ་པར་མོས་ཤིག༔ སྤོས་དང་རོལ་མོ་དབྱངས་བཅས་པས༔ མ༔ པདྨ་འོད་ཀྱི་གཞལ་ཡས་ནས༔ སྣང་བ་མཐའ་ཡས་བདེ་བ་ཆེ༔ རྒྱལ་ཀུན་ཡབ་གཅིག་ཀུན་ཏུ་བཟང༔ རིགས་ཀྱི་བདག་པོ་གཤེགས་སུ་གསོལ༔ བདེ་ཆེན་འབར་བའི་ཕོ་བྲང་ནས༔ བདེ་སྟོང་སྒྱུ་མའི་གར་བསྒྱུར་མཁན༔ བདེ་བའི་དེ་ཉིད་ཀུན་བཟང་མོ༔ བདེ་བ་བསྐྱེད་ཕྱིར་གཤེགས་སུ་གསོལ༔ ཆོས་ཉིད་དབྱིངས་ལས་མ་གཡོས་ཀྱང༔ ཆོས་ཅན་གདུལ་བྱའི་ཁམས་ཅི་བཞིན༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་རུ༔ ཆོས་སྟོན་མཁའ་འགྲོ་གཤེགས་སུ་གསོལ༔ སྤྲུལ་བའི་རང་བཞིན་ཉི་ཟེར་རྡུལ༔ ཕྱོགས་དང་ཚད་ལས་འདས་མོད་ཀྱང༔ བདེ་བ་ཅན་དུ་གོས་དཀར་མོ༔ མཁའ་སྤྱོད་ཞིང་ན་ཝ་ར་ཧི༔ གཡུ་ལོ་བཀོད་པར་སྒྲོལ་མ་ཡུམ༔ མ་ར་ཏི་ཀར་མནྡཱ་ར༔ གངས་ཅན་ལྗོངས་སུ་མཚོ་རྒྱལ་བཙུན༔ ཟངས་མདོག་དཔལ་རིར་མཐིང་འོད་འབར༔ ཉེར་བཞིའི་ཞིང་ན་གྲུབ་པའི་རྒྱལ༔ གངྒའི་འགྲམ་ན་ནེ་གུ་མ༔ མཁའ་འགྲོ་སྡེ་བཞི་ཡབ་དང་བཅས༔ ཐུགས་གསུང་སྐུ་ཡི་འཁོར་ལོ་ཡི༔ དཔའ་བོ་མཁའ་འགྲོ་འབུམ་སྡེ་དང༔ བསྟན་སྲུང་ནོར་ལྷ་གཏེར་གྱི་བདག༔ ཐམས་ཅད་ཡེ་ཤེས་གཅིག་གིས་འཕྲུལ༔ བཟང་ངན་མ་ལུས་སྐུར་སྤྲུལ་ཞིང༔ གནས་ཡུལ་མ་ལུས་ཁྱབ་མཛད་མ༔ གང་དུ་གནས་ཀྱང་ཁྱོད་ཀྱི་ཡུལ༔ གང་ནས་བོས་ཀྱང་ཁྱོད་ཀྱི་མཚན༔ ཀླགས་པས་འགྲུབ་པའི་རིགས་སྔགས་མཆོག༔ བརྗོད་པས་བྱིན་རླབས་འཇུག་པ་ཡི༔ བདེན་པ་བརྗོད་ཀྱིས་དམ་བཅའ་དགོངས༔ སྐུ་དང་འཇའ་འོད་ཀོ་རོ་རོ༔ སྔགས་དང་ཡིག་འབྲུ་ཐ་ར་ར༔ འོད་གསལ་སྣང་བ་ལམ་མེ་བས༔ སྒོ་གསུམ་བྱིན་གྱིས་རླབས་ཏུ་གསོལ༔ འདུག་ས་འདི་རུ་བྱིན་གྱིས་རློབས༔ གདན་ཐོག་འདི་རུ་བྱིན་གྱིས་རློབས༔ སྒྱུ་ལུས་འབྱོ་རང་བར་བྱིན་གྱིས་རློབས༔ འོད་གསལ་འཆར་བར་བྱིན་གྱིས་རློབས༔ མཁའ་སྤྱོད་བསྒྲོད་པར་བྱིན་གྱིས་རློབས༔ ཀ་དག་རྟོགས་པར་བྱིན་གྱིས་རློབས༔ ཟད་སར་འཁྱོལ་བར་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ༔ཧྲཱིཿམ༔ཧ༔རི༔ནི༔ས༔ར༔ཙ༔ཧྲཱིཿཡ༔ཙིཏྟ་ཧྲཱིཾ༔ཧྲཱིཾཛ་ཛ༔ ཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ མེ་ཏོག་འཐོར་ཞིང་བརྟན་པར་བྱ༔ ཞེས་བརྗོད་མ་རིག་བསལ་མོས་ཏེ༔ ཨོཾ་ཙཀྱུ་པྲ་ཝེ་ཤ་ཡ་ཕཊ༔ མིག་དར་ཕྱེས་ཤིང་ལྷ་ཞལ་བལྟ༔ ༈ དང་པོ་བུམ་པའི་དབང་སྐུར་ནི༔ སྔ་དྲོ་ཉི་མ་ཤར་བའི་ཚེ༔ གདན་གསུམ་དཀྱིལ་འཁོར་སྤྱན་དྲངས་ཏེ༔ གཤེགས་པ་རྣམས་ཀྱིས་དགོངས་པ་མཛད༔ གཤེགས་མ་རྣམས་ཀྱིས་དབང་རྫས་ཐོགས༔ སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད༔ སེམས་མ་རྣམས་ཀྱིས་གླུ་གར་བསྒྱུར༔ ཁྲོ་བོ་ཁྲོ་མོས་བགེགས་བསྐྲད་དམིགས༔ ཐོད་པ་ཐོགས་ལ་འདི་སྐད་བརྗོད༔ ཧོ༔ ཕྱི་ནང་སྣོད་ཕུང་ཁམས་སྐྱེ་མཆེད་བཅས༔ ཡེ་ནས་དག་པ་གསང་ཡེའི་དཀྱིལ་འཁོར་ཏེ༔ འཁོར་འདས་གཉིས་མེད་ཐོད་པའི་རྒྱབ་ལྟར་བཟླུམ༔ སྐུ་ཡི་དབང་ཐོབ་སྒྱུ་ལུས་དོན་རྟོགས་ཤོག༔ རྩ་སྔགས་ཟླས་ཤིང་ཐོད་པ་གཏད༔ གསང་བ་ཡེ་ཤེས་སྐུ་ཡི་ཆ༔ སྤྱན་དང་ཞལ་དང་ཕྱག་གཉིས་དང༔ ནུ་མ་ལྟེ་བ་གསང་བའི་གནས༔ འཕོང་དང་ཞབས་གཉིས་གདན་གྱི་བར༔ དམིགས་འཛིན་བྱས་ཤིང་བརྡ་དོན་སྤྲད༔ སྣང་སྟོང་ཆུ་ཟླ་ལྟ་བུར་སྦྱང༔ ༈ སྲོད་འཁོར་གཏི་མུག་ཕག་གི་དུས༔ མཚན་ལྡན་ཕྱག་རྒྱ་བླ་མར་ཕུལ༔ སློབ་མ་ཧེ་རུ་ཀ་དམར་པོ༔ བདེ་བའི་ཉམས་དང་ལྡན་པར་བསྒོམ༔ སློབ་དཔོན་ཡབ་ཡུམ་སྙོམས་འཇུག་སྒྲས༔ རྒྱལ་ཀུན་བདེ་ཆེན་བྱང་སེམས་བཀུག༔ སྒོ་གསུམ་དག་ཕྱིར་ལན་གསུམ་བལྡོག༔ སླར་ཕབས་སློབ་བུའི་ལྕེ་བཞག་དམིགས༔ བདུད་རྩི་བླུད་ལ་འདི་སྐད་བརྗོད༔ ཧོ༔ ཨེ་ཝཾ་ཟུང་དུ་འཇུག་པའི་དཀྱིལ་འཁོར་ནས༔ དྭངས་མའི་བཅུད་འདུས་མཚན་འཛིན་རྣམ་རྟོག་འཇོམས༔ རྩ་ཐིག་རླུང་ཁམས་དག་བྱེད་བདུད་རྩི་སྨན༔ གསུང་གི་དབང་ཐོབ་འོད་གསལ་འཆར་བར་ཤོག༔ རྩ་སྔགས་བཟླས་ཤིང་བདུད་རྩི་སྦྱིན༔ བདེ་བ་ཆེན་པོས་འདུག་སྟངས་བྱ༔ བདུད་རྩིས་ལུས་གང་གསང་གནས་སུ༔ འཕོ་མེད་བཅིང་བར་སེམས་གཏད་དེ༔ བུམ་ཅན་དང་བདེ་ཆེན་བསྲེ༔ རྗེས་འབྲེལ་སྔགས་ཀྱི་ཟླས་ལུང་ནི༔ ཧོ༔ སློབ་དཔོན་གསང་བ་ཡེ་ཤེས་ཀྱི༔ ཐུགས་ལས་བྱུང་བའི་གསང་སྔགས་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྔགས་རྒྱུད་བྱིན་རླབས་འཇུག་པར་ཤོག༔ སྔགས་བཟླས་ཆོ་གའི་ལུང་ཡང་སྦྱིན༔ སློབ་དཔོན་གསང་བ་ཡེ་ཤེས་ཀྱི༔ ཐུགས་ལས་བྱུང་བའི་ཧྲཱིཿཡིག་མཐར༔ སྔགས་ཕྲེང་བྱུང་བ་ཞལ་ནས་ཐོན༔ སློབ་མའི་ཞལ་དུ་ཞུགས་པ་དང༔ ཐུགས་ཀ་ནས་འཁོར་གསང་བ་ནས༔ བླ་མའི་གསང་བའི་གནས་སུ་འཁོར༔ སླར་ཡང་ཐུགས་ལས་བྱུང་བ་དང༔ རྒྱལ་བ་སྲས་བཅས་བྱིན་རླབས་ཀྱང༔ དབྱེར་མེད་བསྡུས་ནས་ཐིམ་པར་དམིགས༔ སྔགས་དབྱངས་བྱས་ཤིང་རང་ངོར་བཞག༔ ༈ ནམ་གུང་བདེ་བ་རྒྱས་པའི་དུས༔ ལས་ཀྱི་ཕྱག་རྒྱ་སློབ་མར་གཏད༔ འདུ་ཤེས་གསུམ་གྱི་སྙོམས་འཇུག་གིས༔ དགའ་བཞིའི་དཔེ་དོན་སྟོན་པའི་ཆེད༔ རིག་མ་གཏད་ཅིང་འདི་སྐད་བརྗོད༔ ཧོ༔ ཡབ་ཡུམ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ འཁྲུལ་སྦྱོར་དཀར་དམར་བདུད་རྩི་ཞུ་བའི་བཅུད༔ འཁོར་ལོ་བཞི་བརྒྱུད་དགའ་བ་བཅུ་དྲུག་མྱོང༔ གསང་བའི་དབང་ཐོབ་བདེ་ཆེན་འབར་བར་ཤོག༔ མེ་ལོང་བསྟན་ཞིང་ཐིག་ལེ་གདབ༔ བླ་མས་གནང་བའི་རིག་མའི་ཚོགས༔ སློབ་མ་ཧེ་རུ་ཀ་དཔལ་དང༔ གཉིས་མེད་སྦྱོར་བས་ཡེ་ཤེས་མྱང༔ འདས་པའི་གཉིས་སྦྱོར་བདེ་བའམ༔ རང་གི་ངེས་པའི་བདེ་བ་ཞིག༔ ཡིད་ལ་ཤར་མ་ཐག་པ་རུ༔ དེ་ཉིད་ངོ་བོ་ངོས་བཟུང་ལ༔ བླ་མའི་ཚིག་གིས་རིམ་པ་བཞིན༔ ཐིག་ལེ་གནས་ལྔར་དབབ་པ་དང༔ སླར་ཡང་གནས་ལྔར་ལྡོག་པ་ཡི༔ བུམ་པ་ཆེ་ཆུང་གོ་རིམ་བཞིན༔ གནས་རེ་ལ་ནི་བཅུ་དྲུག་བྱ༔ ༈ ཐོ་རང་ཁམས་དབང་གསལ་བའི་དུས༔ ཤེལ་རྡོ་ཡང་ན་སྒྲོན་མེ་སྦར༔ སྒྲིབ་བྲལ་འོད་གསལ་གཉུག་མའི་དོན༔ རང་གནས་རང་ངོ་སྤྲོད་པའི་ཆེད༔ སྒྲོན་མེ་གཏད་ཅིང་འདི་སྐད་བརྗོད༔ ཧོ༔ རང་རིག་ཟང་ཐལ་རྗེན་པའི་ཡེ་ཤེས་ནི༔ ཉམས་ཞེན་སྤུ་བྲལ་མར་མེའི་ཚ་ཟེར་དང༔ འོད་གསལ་ལྷུན་གྲུབ་སྣང་བའི་འོད་དང་འདྲ༔ ཐུགས་ཀྱི་དབང་ཐོབ་འཇའ་ལུས་འགྲུབ་པར་ཤོག༔ རྩ་སྔགས་བཟླས་ཤིང་སྒྲོན་མེ་བསྟན༔ མཉམ་བཞག་ངང་ནས་ཕཊ༔ཅེས་བརྗོད༔ བདེ་བའི་ཡུལ་དེ་ངོས་བཟུང་ལ༔ སྟོང་བས་རྒྱས་འདེབས་དབྱིངས་ལ་བཞག༔ དེ་བཞིན་བདེ་བ་མྱོང་བ་པོ༔ བདེ་བ་ཉིད་ཀྱང་ཀ་དག་ཏེ༔ ཡོད་མེད་མཐའ་ལས་འདས་པའི་ཚུལ༔ ངོ་སྤྲོད་དེ་ཡི་གནས་ལུགས་སྐྱོང༔ མཐའ་མར་དམ་ཚིག་ལེན་པ་ནི༔ ཧོ༔ བུ་ཁྱོད་དཀྱིལ་འཁོར་འདིར་ཞུགས་ནས༔ ཆགས་ལམ་ལ་མོས་ཕྱག་རྒྱ་བརྟེན༔ གཞོན་ནུ་མ་ལ་བསྙེན་བཀུར་དང༔ འཛགས་མེད་ཚངས་སྤྱོད་ལ་གནས་བྱ༔ ལན་གསུམ་བརྗོད་ལ་མཎྜལ་ཕུལ༔ མཐར་ནི་བསྔོ་བས་རྒྱས་འདེབས་བྱ༔ ཐུན་མོང་མ་ཡིན་སྨིན་བྱེད་འདི༔ ཤེས་རབ་ཆོས་འབྱུང་ཀློང་ནས་རྡོལ༔ ས་མ་ཡ༔ ཞེས་པའང་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཁམས་དྲུག་ལྡན་པའི་སྐལ་ལྡན་སྐྱེ་འགྲོ་མ་ལུས་པ་ཚེ་གཅིག་གྲོལ་བ་ཐོབ་པའི་རྟེན་འབྲེལ་གྱིས་རིག་ཁམས་ཕ་རོལ་ཕྱིན་མའི་ཀློང་ནས་རང་བྱུང་དུ་ཤར་བ་ཡི་གེའི་རིས་སུ་བྲིས་པ་ཤུ་བྷཾ།


previousཌཱཀྐཱིའི་གཙོ་བོ་གསང་བ་ཡེ་ཤེས་ཀྱི་ཁྱད་པར་བའི་དབང་ཆོག་བདེ་སྟོང་རང་ཤར། next