Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་ཆེན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་བྱུང་བའི་ཕུར་པའི་ལས་བྱང་རྡོ་རྗེ་རབ་འབར།
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྫོགས་ཆེན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་བྱུང་བའི་ཕུར་པའི་ལས་བྱང་རྡོ་རྗེ་རབ་འབར། next

རྫོགས་ཆེན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་བྱུང་བའི་ཕུར་པའི་ལས་བྱང་རྡོ་རྗེ་རབ་འབར།

ཨོཾ་སྭསྟི། རྫོགས་ཆེན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་བྱུང་བའི་ཕུར་པའི་ལས་བྱང་རྡོ་རྗེ་རབ་འབར་ཞེས་བྱ་བ།

བླ་མ་དཔལ་ཀུན་བཟང་རྡོ་རྗེ་གཞོན་ནུ་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་རྡོ་རྗེ་གཞོན་ནུ་ཆེ། །ལྷག་པའི་ལྷ་དེར་རྟག་ཏུ་ཕྱག་བྱས་ནས། །གང་གི་ལས་བྱང་ངག་འདོན་སྙིང་པོ་ཉིད། །འདིར་བཀོད་ལྷ་དེས་དབུགས་དབྱུང་བྱིན་བརླབས་སྩོལ། །དེ་ཡང་སྔོན་དུ་འགྲོ་བའི་རིམ་པ་ལ། སྐྱབས་སུ་འགྲོ་བ་ནི། ཨོཾ་ཨཱཿཧཱུྃ༔ དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་པར༔ སྐྱབས་གནས་མཆོག་གྱུར་རྣམས་ལ་སྐྱབས་སུ་མཆིའོ༔ སེམས་བསྐྱེད་པ་ནི། ཡང་གསང་བླ་མེད་ལམ་ཟབ་འདི་བསྒྲུབ་པས༔ རང་བྱས་ལས་ཀྱི་མནར་བའི་ཕ་མ་རྣམས༔ སྡུག་བསྔལ་ཀུན་བྲལ་བདེ་བའི་ས་ལ་བཀོད༔ འགྲོ་ཀུན་འཁོར་བ་དོང་སྤྲུག་སེམས་བསྐྱེད་དོ༔ ལན་གསུམ། ཡན་ལག་བདུན་པ་ནི། ཨོཾ་ཨཱཿཧཱུྃ༔ ཆོས་རྣམས་ཐམས་ཅད་བྱ་རྩོལ་འཛིན་བྲལ་ལ༔ ཐམས་ཅད་རོལ་གཅིག་ངང་དུ་ཕྱག་འཚལ་ལོ༔ སྤང་བླང་འཛིན་བྲལ་ཀློང་ཡངས་ངང་དུ་མཆོད༔ རང་རིག་ཆོས་སྐུར་མ་རྟོགས་མཐོལ་ལོ་བཤགས༔ ཆོས་གསུང་བསྐུལ་ཞིང་མྱ་ངན་མི་འདའ་བཞུགས༔ རང་གཞན་དགེ་བསྔོ་ཚོགས་རྫོགས་སངས་རྒྱས་ཤོག༔ བགེགས་བསྐྲད་པ་ནི། ཧཱུྃ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ང་ཡི་བཀའ་ལ་འདའ་མ་བྱེད༔ གལ་ཏེ་འདས་པར་གྱུར་པ་ན༔ རྡོ་རྗེ་འཛིན་རྒྱལ་ཐུགས་ཁྲོས་ནས༔ བརླག་པར་འགྱུར་བར་གདོན་མི་ཟ༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ༔ གྲྀཧྞ་གྲྀཧྞ་ཧཱུྃཿ གྲྀཧྞ་པཱ་ཡ་གྲྀཧྞ་པཱ་ཡ་ཧཱུྃ༔ ཨཱ་ན་ཡ་ཧོ༔ བྷ་ག་ཝན་བིདྱརཱ་ཙ་ཧཱུྃ་ཕཊཿ བགེགས་ལ་གཏོར་མ་སྦྱིན། ཡུངས་ཐུན་གྱིས་བྲབ། སྲུང་འཁོར་བསྒོམ་པ་ནི། ཕཊ་ཕཊ་ཕཊ་ཧཱུྃ་སུཾ་ལཾ༔ ཧཱུྃ༔ མཐིང་ནག་ཕཊ་ལས་འབྱུང་བ་ནམ་མཁའི་ཀློང༔ ལྗང་ནག་ཕཊ་ལས་རྒྱ་གྲམ་རླུང་ཆེན་བསྐྱིལ༔ དམར་ནག་ཕཊ་ལས་བསྐལ་པའི་མེ་ཆེན་འབར༔ དམར་གསལ་ཧཱུྃ་ལས་རཀྟའི་རྦ་ཀློང་འཁྱིལ༔ སེར་ནག་སུཾ་ལས་ཞིང་ཆེན་ས་གཞི་བརྡལ༔ དཀར་པོ་ལཾ་ལས་ཀེང་རུས་རི་རབ་འབར༔ དེ་སྟེང་ཨོཾ་ལཾ་སྨུག་ནག་འོད་ལྡན་ཤར༔ སྣང་སྲིད་ཐམས་ཅད་ཕུར་པའི་གཞལ་ཡས་ཁང༔ གྲུ་གསུམ་དབལ་ལ་ངན་སོང་གནས་བཅུ་རྫོགས༔ རྒྱ་མདུད་འོག་མ་འདོད་ཁམས་ལྷ་མིའི་གནས༔ ལྕིམ་གཞོག་ཟུར་བརྒྱད་སྨད་ལ་གཟུགས་ཁམས་ཀྱི༔ སྲིད་པའི་གནས་རིགས་བཅུ་བདུན་གནས་པ་འོ༔ ཟུར་བརྒྱད་སྟོད་ལ་གཟུགས་མེད་མུ་བཞིའི་ལྷ༔ རྒྱ་མདུད་གོང་མ་བདེ་གཤེགས་གཞལ་ཡས་ཁང༔ ཕྱི་ཡི་འབྱུང་བའི་དཀྱིལ་འཁོར་ཆེན་པོར་གསལ༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་རཏྣ་བྷནྡྷ་ཛྙཱ་ན་ཨེ་མཎྜལ་བྷྲཱུྃ༔ སྟོང་གསུམ་ཕུར་བུར་གསལ་བའི་རྒྱ་མདུད་ལ༔ བྷྲཱུྃ་ལས་རབ་འཇིགས་དུར་ཁྲོད་གཞལ་ཡས་ཁང༔ གྲུ་གསུམ་མཐིང་ནག་ཟླ་གམ་རིན་ཆེན་འབར༔ གྲུ་ཆད་བར་ཁྱམས་སྒོ་བཞི་མུ་ཁྱུད་རྫོགས༔ ངོ་མཚར་ཕོ་བྲང་ཡེ་ཤེས་མེ་འོད་གསལ༔ ཕྱི་ནང་མེད་པར་གསལ་བའི་གཞལ་ཡས་ཁང༔ བདག་དང་སྲུང་བྱ་རྡོ་རྗེ་ཕུར་བའི་ལྷ༔ འཇིགས་བྲལ་ཁྲོ་བོ་འབར་བའི་སྐུ་རུ་གསལ༔ མཚམས་བཅད་པ་ལ་ལྟ་བས་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅ཧཾ༔ སྟོང་པ་ལ་ཡུན་ཅི་རིང་ཅི་གནས་སུ་བཞག༔ བསྒོམ་པ་ནི༔ ཧཱུྃ། ཆོས་དབྱིངས་སྟོང་ཉིད་དག་པའི་ཡེ་ཤེས་མཁའ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་གནས་མཆོག་འདིར༔ ཆོས་སྐུ་གཏིང་གསལ་བཀྲག་མདངས་ཉི་འོད་བཞིན༔ ཕྱི་ནང་མེད་པར་ཁྱབ་གདལ་གཞལ་ཡས་ཁང་༔ རིག་པ་རང་བྱུང་ཡེ་ཤེས་འོད་གསལ་གྱི༔ རང་མདངས་ལྷུན་གྲུབ་ཕོ་བྲང་འོད་གུར་འཁྱིལ༔ སྐུ་གསུམ་རིམ་གྱིས་བརྒྱན་པའི་དཀྱིལ་འཁོར་མཛེས༔ ཀུན་ཀྱང་རང་རིག་གཟི་བརྗིད་འོད་འབར་ཀློང་༔ སྣང་སྲིད་དག་སྣང་ཞི་ཁྲོའི་རོལ་པ་ལས༔ མ་རིག་གཉིས་འཛིན་འཁྲུལ་རྟོག་བགེགས་དང་བྲལ༔ མཚམས་ཀྱི་དཀྱིལ་འཁོར་ཡེ་ནས་ངང་གིས་གསལ༔ མ་རྟོགས་བགེགས་ཀྱང་སླར་ཡང་རང་གྲོལ་དེངས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛྙཱ་ན་བཛྲ་ཙཀྲ་རཀྵ་ཧཱུྃ་བྷྲུཾ༔ བཤགས་པ་ནི། ཧཱུྃ། བླ་མ་ཀུན་བཟང་རིགས་ལྔ་འཁོར་དང་བཅས༔ ཡི་དམ་ཞི་ཁྲོ་དྷཱ་ཀི་ཆོས་སྐྱོང་དགོངས༔ བདག་ཅག་མ་རིག་དབང་གི་བག་མེད་ཚུལ༔ སྐུ་གསུང་ཐུགས་དང་ཡན་ལག་དམ་ཚིག་རྣམས༔ ཉམས་འགྱུར་མི་འཆབ་མི་སྦེད་མཐོལ་ལོ་བཤགས༔ ཀློང་ཡངས་ཆེན་པོའི་ངང་དུ་བཟོད་པར་གསོལ༔ སཱ་མཱ་ཡཱ༔ ཨ་ཨ་ཨ༔ བྱིན་དབབ་པ་ནི། ཧཱུྃ། རང་སྣང་སྒྲིབ་མེད་ཆོས་དབྱིངས་ཞིང་ཁམས་ནས༔ ཆོས་སྐུར་རྣམ་དག་དམ་ཚིག་དཀྱིལ་འཁོར་འདིར༔ རིག་པ་ཡེ་ཤེས་ལྷ་མཆོག་གཤེགས་སུ་གསོལ༔ དུས་ཀུན་དབྱེར་མེད་ཟངས་ཐལ་བྱིན་དབང་བསྐུར༔ ཡུལ་དང་ལུས་སེམས་འཁྲུལ་བའི་བར་ཆད་སོལ༔ སྟོང་གསལ་འཛིན་མེད་གདེངས་ཐོབ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡཱ་ཨ་ཝེ་ཤ་ཡ་ཨ་ཨཱཿ མཆོད་པ་བྱིན་རླབས་ནི༔ ཧཱུྃ། འཇིག་རྟེན་དག་པའི་གཞལ་ཡས་ཕོ་བྲང་འདིར༔ འདོད་ཡོན་ལྔ་རྣམས་དངོས་འབྱོར་ཡིད་སྤྲུལ་སྟེ༔ ཕྱི་ནང་གསང་སོགས་མཆོད་པའི་བྱེ་བྲག་ཀུན༔ ལྷ་ཚོགས་དགྱེས་བསྐང་མཆོད་སྤྲིན་བྱིན་གྱིས་རློབས༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ སརྦ་པཱུ་ཛ་ཨཱཿཧཱུྃཿ དེ་ལྟར་སྐྱབས་སེམས་ཡན་ལག་བདུན། །བགེགས་བསྐྲད་མཚམས་བཅད་བཤགས་པ་དང་། །བྱིན་དབབ་མཆོད་པ་བྱིན་བརླབས་པ། །སྔོན་འགྲོ་རྣམ་པ་བརྒྱད་ཡིན་ནོ། །དོན་གཉིས་པ་དངོས་གཞིའི་རིམ་པ་ལ། །ལྷ་བསྐྱེད་པ་ནི། ཨོཾ་སྭཱ་བྷ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོ྅ཧཾ༔ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཆོས་དབྱིངས་རྣམ་པར་དག་པའི་རང་མདངས་ལས༔ རང་བྱུང་ལྷུན་གྲུབ་ཀྱི་གཞལ་ཡས་ཁང་ཐིག་ལེ་འོད་གོང་ཁྱབ་གདལ་ཆེན་པོའི་ཀློང་ཡངས་ལས་རང་གསལ་རིག་པའི་ངོ་བོ་བདག་ཉིད་ཀུན་བཟང་ཡབ་ཡུམ་ཆོས་སྐུ་མཚན་མ་མེད་པའི་ངང་ནས་ཞལ་ཕྱག་གི་རྣམ་པ་ཅན་གསལ་བའང་བུམ་སྐུའི་ཚུལ་མཁྱེན་པ་མ་འགགས་པ་ས་ལེ་སྣང་ལ་རང་བཞིན་མེད་པ་ལམ་མེ་གསལ་བར་གྱུར༔ ཧཱུྃ། འཁོར་འདས་གཉིས་མེད་ཆོས་དབྱིངས་མཁའ་ལྟར་གདལ༔ མཆོག་གི་འོད་གསལ་རྒྱ་ཆད་ཕྱོགས་ལྷུང་བྲལ༔ རང་བྱུང་ཡེ་ཤེས་ལྷུན་གྲུབ་གཞལ་མེད་ཁང་༔ མི་འགྱུར་ཆོས་སྐུའི་ཕོ་བྲང་ཉིད་དུ་གསལ༔ རྣམ་དག་དྲི་མེད་ཟང་ཐལ་རིན་པོ་ཆེ༔ མ་སྐྱེས་གསང་བའི་དཀྱིལ་འཁོར་རྫོགས་པའི་ཀློང་༔ སངས་རྒྱས་ཀུན་མེས་རང་རིག་ཆོས་ཀྱི་སྐུ༔ ཀུན་ཏུ་བཟང་པོ་ཞལ་ནི་ཕྱོགས་བཅུར་གཟིགས༔ ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ༔ སྐུ་མཆོག་ཡིད་བཞིན་ནོར་བུ་རིན་པོ་ཆེ༔ ཤེས་རབ་འགག་མེད་རང་བཞིན་འོད་གསལ་བ༔ དངོས་པོའི་མཚན་མ་བྲལ་བའི་ཕྱག་རྒྱ་ཅན༔ རང་བྱུང་འོད་སྐུ་ཁྱབ་གདལ་མཁའ་དབྱིངས་སུ༔ སྟོང་གསལ་བཀྲག་མདངས་ཐིག་ལེའི་གོང་བུར་སྨིན༔ ཧཱུྃ། བདག་ཉིད་ཀུན་བཟང་འོད་དུ་ཞུ་བ་ལས༔ སྣང་སྲིད་རྣམ་དག་རྡོ་རྗེ་ཕུར་བའི་དལ༔ བདག་མདུན་དབྱེར་མེད་དྭངས་མཚོར་ཟླ་གཟུགས་ལྟར༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ནི༔ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ༔ གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་བསྒྲད༔ ཕྱག་གཡས་དང་པོ་རྡོ་རྗེ་རྩེ་དགུ་དང་༔ བར་བས་རྩེ་ལྔ་གཡོན་གཉིས་མེ་དཔུང་དང་༔ ཁ་ཊྭཱཾ་ཀ་བསྣམས་མཐའ་གཉིས་ཕུར་པ་འདྲིལ༔ ཞབས་བཞི་རུ་ཏྲ་ཕོ་མོའི་སྟེང་དུ་རྫིས༔ སྐུ་སྨད་ཁྲོ་ཕུར་རང་བཞིན་དཔལ་ཆས་བརྒྱན༔ དབུ་སྐྲ་གྱེན་བརྫེས་ཁྲག་འཐུང་རིགས་ལྔས་བརྒྱན༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མཐིང་ནག་བརྔམས༔ ཞལ་གཅིག་ཁྲོ་ཆགས་བདེ་བའི་ཧྃ་སྒྲ་སྒྲོགས༔ ཕྱག་གཉིས་རྡོ་རྗེ་ཐོད་པ་ཡབ་ལ་འཁྱུད༔ རྒྱན་ཆ་ཡབ་མཐུན་ཡབ་ཡུམ་མེ་ཀློང་བཞུགས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཾ་བཾ་ཧཱུྃ་ཕཊ༔ དིཔྟ་ཙཀྲ་ཛྭ་ཛྭ་ལ་ཧཱུྃ་ཕཊ༔ དེ་ནས་ལུས་དཀྱིལ་བསྒོམ་པ་ནི། ཨོཾ་བཛྲ་ཀྲོ་ཏ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ སྔགས་དེ་བརྗོད་པ་ཙམ་གྱིས་ནི༔ དཔལ་ཆེན་གཙོ་བོའི་སྤྱི་གཙུག་ཏུ༔ ཁྲོ་བོའི་རྒྱལ་པོ་ཧཱུྃ་ཀཱ་ར༔ ཡུམ་ཆེན་རྡོ་རྗེ་སྒྲ་འབྱིན་མ༔ སྤྲུལ་པ་ཕག་དང་རྨིགས་བུའི་མགོ༔ འོད་དང་ཟེར་གྱི་ཚུལ་དུ་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཐུགས་ཀར་ཁྲོ་བོ་རྣམ་པར་རྒྱལ༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྟག་དང་བྱ་རྒོད་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨོཾ་བཛྲ་ཀྲོ་ཏ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཅེས་བརྗོད་ནུ་མ་གཡས་ཀྱི་སྟེང༔ ཁྲོ་བོ་དབྱུག་པ་སྔོན་པོ་དང༔ ཡུམ་ཆེན་རྡོ་རྗེ་སྡེར་མོ་གཉིས༔ སྤྲུལ་པ་གཡག་དང་བྱ་རོག་མགོ༔ བཀྲག་དང་གཟི་མདངས་ལྡན་པར་བསྐྱེད༔ ཨོཾ་བཛྲ་ཀྲོ་ཏ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཅེས་བརྗོད་དཔུང་པ་གཡས་ཀྱི་སྟེང༔ ཁྲོ་བོ་གཤིན་རྗེ་གཤེད་པོ་དང༔ ཡུམ་ཆེན་དུར་ཁྲོད་བདག་མོ་གཉིས༔ སྤྲུལ་པ་ཤ་བ་འུག་པའི་མགོ༔ ལས་ལ་ཆས་པ་ལྟ་བུར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་སོག་པ་གཡས་ཀྱི་སྟེང༔ ཁྲོ་བོ་མི་གཡོ་མགོན་པོ་དང༔ ཡུམ་ཆེན་རྡོ་རྗེ་གཏུན་ཁུང་མ༔ སྤྲུལ་པ་གཟིག་དང་ཁྭ་ཏའི་མགོ༔ བཀའ་ཉན་ཚུལ་དུ་བསྒོམ་པར་བྱ༔ ཨོཾ་བཛྲ་ཀྲོ་ཏ་ཧ་ཡ་གྲཱི་བ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྗོད་རྒྱབ་ཀྱི་སོག་ཕྲག་ཏུ༔ ཁྲོ་བོ་རྟ་མགྲིན་རྒྱལ་པོ་དང༔ ཡུམ་ཆེན་རྡོ་རྗེ་དབང་སྡུད་མ༔ སྤྲུལ་པ་བྱི་ལ་པུ་ཤུད་མགོ༔ སྲུང་བའི་གོ་ཆ་མཛད་པར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་པ་ར་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཅེས་བརྗོད་སོག་པ་གཡོན་པའི་སྟེང༔ ཁྲོ་བོ་འདོད་པའི་རྒྱལ་པོ་དང༔ ཡུམ་ཆེན་རྡོ་རྗེ་མདའ་སྙེམས་མ༔ སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོ༔ བཀའ་སྡོད་ཕོ་ཉའི་ཚུལ་དུ་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཨ་མྲྀཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་དཔུང་པ་གཡོན་པའི་སྟེང༔ ཁྲོ་བོ་བདུད་རྩི་འཁྱིལ་པ་དང༔ ཡུམ་ཆེན་རྡོ་རྗེ་རླུང་འབྱིན་མ༔ སྤྲུལ་པ་སེང་གེ་ཕ་ཝཾ་མགོ༔ དངོས་གྲུབ་ཆེན་པོའི་ཕོ་ཉར་བསམ༔ ཨོཾ་བཛྲ་ཀྲོ་ཏ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་ནུ་མ་གཡོན་པའི་སྟེང༔ ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང༔ ཡུམ་ཆེན་ཁྲོ་མོ་གསོད་བྱེད་མ༔ སྤྲུལ་པ་དྲེད་དང་སྲེ་མོང་མགོ༔ དགྲ་བགེགས་འདུལ་བའི་སྲུང་མར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུྃ་ཕཊ༔ ཅེས་བརྗོད་འོག་གི་བཅུ་དྲུག་མདོར༔ ཁྲོ་བོ་འཇིགས་བྱེད་སྟོབས་པོ་ཆེ༔ ཡུམ་ཆེན་རྡོ་རྗེ་སྐྱོད་བྱེད་མ༔ སྤྲུལ་པ་དོམ་དང་བྱི་བའི་མགོ༔ བཀའ་སྡོད་ཚུལ་དུ་གསལ་བར་བསྒོམ༔ ཨོཾ་བཛྲ་ཀྲོ་ཏ་སྥ་ར་ཎ་ཧཱུྃ་ཕཊ༔ སྐུ་ལུས་རྒྱ་ཁྱོན་ཐམས་ཅད་དུ༔ བ་སྤུ་རེ་ལ་ཁྲོ་ཆུང་རེ༔ འཇིགས་པའི་མཚོན་ཆ་ཐོགས་ནས་ཀྱང༔ སྲུང་བྱེད་ཁྲབ་ཏུ་གཏམས་པར་བསྒོམ༔ ཨོཾ་བཛྲ་གྷ་རུ་ཌ་ཧཱུྃ་ཕཊ༔ ལྟེ་བའི་གནས་སུ་སྤྲུལ་པའི་ཁྱུང༔ དུང་མདོག་ལྕགས་ཀྱི་གཤོག་པ་ཅན༔ གསེར་མིག་འཁྱིལ་བ་རྡོ་རྗེའི་ལུས༔ མཆུ་སྡེར་ལྕགས་ཀྱི་སྦྲུལ་བཟུང་ནས༔ གདུག་པ་ཅན་རྣམས་ཟས་སུ་ཟ༔ དེ་ལྟར་ཤིན་ཏུ་གསལ་བར་བསྒོམ༔ ལུས་ཀྱི་རྡུལ་ཕྲན་ལ་དེ་སྙེད་ཀྱི་ལྷ་དང་བ་སྤུའི་བུ་ག་ལ་ཁྲག་འཐུང་ཁྲོ་བའི་དཀྱིལ་འཁོར་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་གསལ་བཏབ་ནི། ། དེ་ཡི་ཕྱི་རིམ་ཁྲག་འཐུང་བཞི་བཅུ་བཞི༔ སྲུང་མ་བཅུ་གཉིས་ཕོ་བདུད་ཉི་ཤུ་གཅིག༔ གིང་ཆེན་བཅོ་བརྒྱད་གིང་ཕྲན་འབུམ་དང་བཅས༔ ཀུན་ཀྱང་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཧཱུྃ་ཕཊ་སྒྲ་སྒྲོགས་རྡོ་རྗེ་ཕུར་བ་འདྲིལ༔ སྐུ་སྨད་དབལ་ཕུར་དམ་སྲིའི་སྙིང་ལ་གཟིར༔ སྒྲུབ་པོའི་རེ་སྐོང་འཕྲིན་ལས་རྣམ་བཞི་སྒྲུབ༔ མདོར་ན་རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ འཇིགས་རྔམས་འོད་ཟེར་འབར་བའི་སྐུར་གསལ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཿསརྦ་བིགྷྣཾ་བཾ་ཧཱུྃ་ཕཊ༔ ཕྱོགས་མཚམས་པད་འདབ་བུམ་ཐོད་ཡེ་ཤེས་ཀྱི༔ བཅུད་ཀྱི་ཡོངས་བཀང་བདེ་སྟོང་མཆོད་པས་བསྐོར༔ བར་འཁྱམས་ཕྱི་ནང་མུ་ཁྱུད་སྒོ་རྣམས་དང་༔ ཁོར་ཡུག་ཀུན་ཏུ་དཔའ་བོ་མཁའ་འགྲོའི་ཚོགས༔ བསྟན་བསྲུང་དམ་ཅན་གནས་སྲུང་གཞི་བདག་སོགས༔ བཀའ་ཉན་དཀར་ཕྱོགས་མཆོད་འོས་སྒྲུབ་འོས་ཀུན༔ མ་ལུས་ཏིལ་གྱི་གང་བུ་རྒྱས་ལྟར་ཁོང་༔ མཆོག་མཐུན་དངོས་གྲུབ་བྱིན་འབེབས་ཚུལ་དུ་བཞུགས༔ གཞན་ཡང་ཕྱོགས་དུས་བདེ་གཤེགས་མ་ལུས་ཀུན༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་སྤྲིན་བཞིན་འཐིབས༔ མདོར་ན་ཕྱི་ནང་གསང་བའི་དཀྱིལ་འཁོར་ནི༔ རབ་འབྱམས་དཔག་མེད་ནམ་མཁའི་མཐའ་ཀླས་པའི༔ ཟངས་ཐལ་ཆེན་པོ་མཁའ་ལ་འཇའ་འོད་བཞིན༔ སྣང་ལ་རང་བཞིན་མེད་པར་བཀྲག་མདངས་གསལ༔ བཀྲ་དཔུང་འཇའ་འོད་ཐིབས་སེ་གསལ་བར་བསྒོམ༔ སྤྱན་འདྲེན་པ་ནི༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་ཐུགས་ཀར་རང་རང་གི་སྲོག་ཡིག་དང་༔ གནས་ལྔའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དུས་གསུམ་བདེ་གཤེགས་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་ནས་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟ་བུར་ཟེར་ཐག་བསྒྲེངས་བའི་སྣང་ལ་དཔུང་དཔུང་བྱོན་པར་གྱུར༔ ཧཱུྃ། རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ རང་གདང་རོལ་པའི་ཆོ་འཕྲུལ་ཕུར་པའི་ཚོགས༔ འགྲོ་བའི་དོན་དུ་སོ་སོར་སྐུ་ཕྲུལ་སྟེ༔ ཡབ་ཡུམ་སྲས་དང་བཅས་ཏེ་གཤེགས་སུ་གསོལ༔ བཛྲ་སཱ་མཱ་ཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ། རང་བྱུང་ལྷུན་གྲུབ་ཡེ་ཤེས་གཞལ་ཡས་ཁང་༔ ཡེ་ནས་མ་བཅོས་རང་བབས་དཀྱིལ་འཁོར་འདིར༔ རུ་ཏྲ་བདུད་བཞི་བམ་དང་ཉི་ཟླའི་སྟེང་༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་བཞུགས་སུ་གསོལ༔ ས་མ་ཡ་ཨ་བེ་ཤ་ཡ་ཏིཥྛ་ལྡན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ སྐུ་གསུང་ཐུག་དང་ཡོན་ཏན་འཕྲིན་ལས་ནི༔ སྣང་སྟོང་གྲགས་སྟོང་གསལ་སྟོང་རིག་སྟོང་ངང་༔ བདེ་སྟོང་དབྱེར་མེད་ཨ་འཐས་སྡུག་བསྔལ་བྲལ༔ རྡོ་རྗེ་ཕུར་པའི་ཚོགས་ལ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཡ་མི་ན་མོ༔ མཆོད་པ་ནི༔ ཧཱུྃ་ཧྲཱི༔ མཆོད་ཡོན་བརྒྱད་དང་རྒྱལ་སྲིད་རིན་ཆེན་བདུན༔ འདོད་ཡོན་ལྔ་ལྡན་ཕྱི་མཆོད་སྣ་ཚོགས་འབུལ༔ ལྷ་མོ་བཅུ་དྲུག་སྨན་རག་བདུད་རྩི་དང་༔ དུག་ལྔ་ཡེ་ཤེས་སྦྱོར་སྒྲོལ་ནང་མཆོད་འབུལ༔ ཨོཾ་ཨཱཿཧཱུྃཿསརྦ་པཱུ་ཙ་ཧོ༔ ཧཱུྃ། རྣམ་ཤེས་ཚོགས་བརྒྱད་དགའ་བཞི་བདེ་སྟོང་གསལ༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ཕྱི་གཏོར་དང་༔ དུག་ལྔ་ཕུང་པོ་ཤ་ལྔ་ནང་གཏོར་དང་༔ ཡེ་ཤེས་ལྔ་ལྡན་ཏིང་འཛིན་གསང་གཏོར་འབུལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ བཛྲ་ཨརྒྷཾ་ པདྱཱཾ་ པུཥྤེ་ དྷུ་པེ་ ཨཱ་ལོ་ཀེ་ གྷནྡེ་ ནཻ་ཝི་དྱ་ ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃཿ རུ་པ་ ཤབྡ་ གྷནྡྷེ་ ར་སྱ་ སྤཪྴེ་པུ་ཙ་ཨཱཿཧཱུྃཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཿསརྦ་བིག་ནན་བཾ་ཧཱུྃ་ཕཊཿ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧིཿ མ་ཧཱ་རཀྟ་ལ་ཁ་རཾ་ཁཱ་ཧི༔ མ་ཧཱ་བྷ་ལིང་ཏ་ཁ་རཾ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ། མ་གཡོས་ཆོས་མཆོག་སྐུ་གསུམ་ཐུགས་ཀྱི་བདག །གང་ལ་ཅི་འདུལ་རྒྱལ་བས་ཚུལ་སྟོན་པའི། །ཡོན་ཏན་རྫོགས་པ་རྡོ་རྗེ་གཞོན་ནུའི་སྐུ། །གདུག་པ་མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་ཁྲོ་བོའི་ཚོགས་ལ་ཕྱག་འཚལ་བསྟོད། །སྒྲོལ་བྱེད་ཕུར་པའི་ཚོགས་ལ་ཕྱག་འཚལ་བསྟོད། །ཧཱུྃ། ཀུན་བཟང་ཐུགས་ཀྱི་འོད་ཟེར་ཆོ་འཕྲུལ་ལས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཤར༔ མཐའ་ཡས་དཔག་མེད་ཡེ་ཤེས་མེ་འོད་འབར༔ བར་ཆད་སྡིག་སྒྲིབ་བསྲེག་ལ་ཕྱག་འཚལ་བསྟོད༔ ཧཱུྃ། ཡང་དག་བླ་མེད་དཀྱིལ་འཁོར་རོལ་པ་ལས༔ ཐམས་ཅད་མཉམ་ཉིད་བྱང་ཆུབ་སེམས་ཀྱི་ངང་༔ སྤྲོས་པས་མཐའ་འདས་བསྡུས་པས་རང་བཞིན་ཀློང་༔ ལྷུན་གྲུབ་ཕུར་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ རྡོ་རྗེའི་གདུང་འཚོབ་རྣལ་འབྱོར་ཚོགས་རྣམས་ཀྱི༔ འགལ་འཁྲུལ་ཉམས་ཆགས་དེང་འདིར་བསྐོང་གྱུར་ཅིག༔ གསོལ་བ་གདབ་པ་ནི། ཧཱུྃ། ཐུགས་དགོངས་ཆོས་དབྱིངས་ཡངས་པའི་ཀློང་ནས་སྟོན༔ རབ་འབར་བསྐལ་པའི་མེ་འོད་འཁྲིགས་པའི་ཀློང་༔ ཧཱུྃ་ཕཊ་དྲག་སྔགས་འབྲུག་སྟོང་ལྡིར་བ་ཡི༔ རྡོ་རྗེ་ཕུར་པ་བླ་བརྒྱུད་བཅས་རྣམས་ལ༔ གསོལ་བ་འདེབས་སོ་རྣལ་འབྱོར་བདག་ཅག་གི༔ འདི་བཟུང་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ རང་རིག་རྟོགས་པའི་གདེང་དང་མི་འབྲལ་ཞིང་༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ དེ་ནས་འཛབ་ཀྱི་རིམ་པ་ལ། ཐོག་མར་ཛབ་བསྐུལ་བ་ནི༔ ཧཱུྃ། སྐྱེ་མེད་ངང་ལས་འགག་མེད་སྐུར་བཞེངས་ཏེ༔ ཐུགས་སྲོག་ཧཱུྃ་ལས་གྲགས་སྟོང་གསུང་གི་སྒྲ༔ རང་བྱུང་ཐུགས་ལས་ལྷུན་གྲུབ་དབྱིངས་ཀྱི་ངང་༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་འཛབ་ཀྱིས་བསྐུལ༔ དེ་ནས་འཛབ་དམིགས་བསལ་ཞིང་བཟླས་པ་དངོས་ནི༔ གཙོ་བོའི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས༔ དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་༔ ཐུགས་སྲོག་ཧཱུྃ་མཐར་སྔགས་འཕྲེང་བསྐོར་བ་ལས༔ འོད་འཕྲོས་མ་རུང་གདུག་པ་ཚར་གཅོད་བསྒོམ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡཿསརྦ་བིགྷྣན་བཾ་ཧཱུྃ་ཕཊ༔ བཟླས་པ་ཇི་ནུས་སུ་བྱ་ཞིང་མཐར་ཨཱ་ལི་ཀཱ་ལི་རྟེན་འབྲེལ་སྙིང་པོ་ཡང་བཟླས་ལ། མཆོད་བསྟོད་དང་ཚོགས་བསྐང་ཡང་སྤྲོ་ཞིང་ནུས་ན་བྱའོ། །རྫོགས་རིམ་ནི༔ ཧཱུྃ། ཕྱི་ནང་སྣོད་བཅུད་ཡེ་ནས་གཞལ་ཡས་ལྷ༔ བདག་གི་ལུས་ངག་ཡིད་ཀྱང་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་སུ་ཡེ་ནས་གནས་པ་ལ༔ བསྒྲུབ་དང་བསྒྲུབ་བྱ་ལས་འདས་དོན་གྱི་དབྱིངས༔ དབྱེར་མེད་ཡེ་ཤེས་དཀྱིལ་འཁོར་རང་གསལ་ངང་༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་ལྷ་སྔགས་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་ཅིང་༔ རྗེས་སུ་ལམ་དུ་ཁྱེར་བར་བྱའོ༔ དེ་ལྟར་བསྙེན་བསྒྲུབ་ལ་འབད་པར་འབྱུང་ངོ་༔ ཟབ་རྒྱ༔ བསྙེན་ལ་ཐེམ་པས་ལས་ཀྱི་ཁ་ཚར་བསྲུང་བཟློག་གི་རིམ་པ་ནི། རང་ཉིད་སེམས་དཔའ་གསུམ་བརྩེགས་སུ་གསལ་བའི་ཐུགས་ཀའི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་གི་ཀླད་ཀོར་དུ་བླ་མ་སློབ་དཔོན། ཁོག་པར་རང་སེམས་ཀྱི་ངོ་བོ་ནྲྀའམ་ཐིག་ལེའི་རྣམ་པ། གཡས་སུ་བསྲུང་བྱ་ཕོ་རིགས། གཡོན་དུ་མོ་རིགས། བདུན་དུ་གང་གཅེས་པ། འོག་ཏུ་ཕྱུགས་ཡུལ་མཁར་ས་ཞིང་འཁོད་པ། སྙིང་ཁའི་ཧཱུྃ་གི་འོད་ཀྱི་ཕྱོགས་བཅུའི་ཞིང་ནས་རང་དང་བསྲུང་བྱའི་བླ་ཚེ་འཐོར་ཉམས་ཡར་བ། སྡེ་བརྒྱད་གདུག་པས་བརྐུས་འཕྲོག་གཞོམ་པ་ཐམས་ཅད་ཨ་ནྲྀ་བྷྲུཾ་སོགས་ཀྱི་རྣམ་པར་བཀུག སྙིང་གའི་བསྲུང་བྱ་རྣམས་ལ་བསྟིམ་པས་བཀྲག་མདངས་གཟི་བརྗིད་འབར་ཞིང་། ཐུགས་ཀ་ནས་སྤྲོས་པའི་ཁྲོ་བཅུ། མཚོན་ཆ། རྡོ་རྗེ་ས་གཞི། ར་གུར། མེ་དཔུང་འབར་བའི་བསྲུང་འཁོར་གྱིས་འཁོར་ཡུག་ཏུ་བཅིང་བར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ནྲྀ་བྷྲུཾ་ཧཱུྃ་ཛཿབདག་ཅག་མི་ནོར་འཁོར་དང་བཅས་པ་ལ་རཀྵ་རཀྵ་སྭཱ་ཧཱཿ ཞེས་བཟླ་བ་ནི་བསྲུང་བའོ། །ཡང་སྙིང་ཧཱུྃ་ལས་མེ་ལྕེ་དང་སྤྲུལ་པའི་ཁྲོ་ཚོགས་ཉི་ཟེར་གྱི་རྡུལ་བཞིན་སྤྲོས། གནོད་བྱེད་བྱད་མ་ལྷ་བསྲུང་དང་བཅས་པ་རང་གཤེད་དུ་ཕབས་ཏེ་ཤ་ཟོས་ཁྲག་འཐུང་ལྷག་མ་རྣམས་ཀྱང་མེས་བསྲེག་རྡུལ་དུ་བརླག་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མ་རཱ་ཙ་བཟློག༔ ཨོཾ་ཨེ་ཀ་དུ་ན་བཟློག༔ ཨོཾ་མ་ཧཱ་དུ་ན་བཟློག༔ ཨོཾ་ས་ག་དུ་ན་བཟློག༔ ཨོཾ་རཱ་ཙ་དུ་ན་བཟློག༔ ཨོཾ་སུཾ་ཏྲི་རཀྵ་དུ་ན་བཟློག༔ ཨོཾ་རཀྵ་ཏི་ཕོར་དུ་ན་བཟློག༔ ཨོཾ་ཧཱུྃ་ཏྲིག་ཁྲོ་བྷྱོཿ མ་ནི་མཱ་ར་ནི་བྷྱོཿ མ་ར་དུ་ན་བྷྱོ༔ རཀྨོ་རཀྴན་ཏིང་ཡ་རཀྴ་བྷྱོ༔ མཱ་ར་ཡ་ཡ་མ་རཱ་ཛ་ཀཱི་ལ་མ་བྷྱོ་བཟློག༔ བདག་ཅག་མོ་ནོར་འཁོར་བཅས་ལ་གནོད་པར་བྱེད་པའི་བྱད་ཕུར་རྦོད་གཏོར་རྦད་འདྲེ་སོགས་འགལ་རྐྱེན་བར་གཅོད་ཐམས་ཅད་མཱ་ར་ཡ་བྷྱོ་བཟློག༔ ཅེས་བཟླ་ཞིང་མཐར་བདེན་སྟོབས་སྤྱི་ལྟར་བརྗོད་དེ་བཟློག་པ་ཟབ་པའི་མཐར་ཐུག་པའོ། །སྡོམ་ནི། བསྐྱེད་དང་སྤྱན་དྲངས་བཞུགས་གསོལ་བ། །ཕྱག་དང་མཆོད་བསྟོད་གསོལ་གདབ་དང་། །ཛཔྲ་ཀྱི་བསྐོར་སྟེ་ལས་རིམ་བརྒྱད། །དངོས་གཞིའི་བྱ་བ་ཉིད་ཡིན་ནོ། །ཞེས་སོ། །སྐབས་འདིར་ཚོགས་ཀྱི་འཁོར་ལོའི་མཆོད་པ་དང་། རྗེས་ཀྱི་ལས་རིམ་ནི། ཞི་ཁྲོ་རང་གཞུང་ལྟར་བྱས་པ་ཁོ་ནས་གྲུབ་མོད། དེ་ཡང་རྗེས་ཀྱི་ལས་རིམ་རྣམས་དཀྱུས་འདིར་བཀོད་ན། བསྐུལ་བ་ནི། ཧཱུྃ། མ་བཅོས་ལྷུན་གྲུབ་དབྱིངས་རིག་དབྱེར་མེད་ལས༔ རིག་རྩལ་ཆོ་འཕྲུལ་རྡོ་རྗེ་ཕུར་པའི་ཚོགས༔ སྤྲུལ་པ་དམ་ཅན་བསྲུང་མར་བཅས་པ་རྣམས༔ མི་མངོན་དབྱིངས་ནས་ཐུགས་རྗེའི་སྐུར་བཞེངས་ཤིག༔ ཧཱུྃ། རིག་འཛིན་རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ མ་རུངས་གདུག་པའི་དགྲ་བགེགས་ཚར་གཅོད་ལ༔ དུས་ངན་སེམས་ཅན་འདུལ་བའི་དུས་ལ་བབས༔ ཕྲིན་ལས་རྣམ་བཞི་ཐོགས་མེད་གྲུབ་པར་མཛོད༔ ཤནྟིང་། པུཥྚིཾ། ཝ་ཤཾ། མཱ་ར་ཡ་ཕཊ༔ ཆད་ཐོ་བསྟན་སྐྱོང་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་བར་དང་ཐ་མའི་བསྐལ་པ་དང་༔ ལྷ་མིའི་གནས་དང་སྙིགས་མ་རྩོད་ལྡན་དུས༔ སྐུ་གསུམ་བཀའ་བརྒྱུད་རྣམས་ཀྱི་རིམ་བཞིན་དུ༔ རྒྱུད་གསུང་གཏེར་དུ་སྦས་བཏོན་ཞལ་ཕྱེས་ཚེ༔ སྤྱི་དང་བྱེ་བྲག་བསྲུང་མ་ཐམས་ཅད་ཀྱི༔ སོ་སོའི་སྐུ་གསུང་ཐུགས་མཆོག་བསྟན་ནས་ཀྱང་༔ ཇི་ལྟར་ཁས་བླང་དམ་བཅས་དེ་བཞིན་དུ༔ མཆོད་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ འདས་དང་མ་བྱོན་ད་ལྟའི་མཚམས་ཤེད་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་དབང་མོ་མཛད༔ གདོས་བཅས་གཟུས་སྤང་འོད་ལུས་འཕྲུལ་མོ་ཆེ༔ འཁོར་བའི་ཚོགས་སྤང་རང་རང་བརྡའ་སྐད་འདོན༔ དྲག་རྟོག་སེམས་སྤང་དཀྱིལ་འཁོར་མུ་རན་སྐྱོང་༔ ཀཽ་རི་སིང་ཧ་ཕྲ་མན་དབང་ཕྱུག་སོགས༔ བསྟན་མ་བཅུ་གཉིས་གིང་དང་ལང་ཀ་དང་༔ མ་བདུན་སྲིང་བཞི་ཤུལ་ལེ་བཞི་བདག་རྣམས༔ སྔོན་ཚེ་ཨོ་རྒྱན་ཆེན་པོའི་སྤྱན་སྔ་རུ༔ ཁས་བླང་དམ་བཅས་ཁྱེད་རྣམས་འཁོར་བཅས་ཀྱི༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད༔ མ་མ་ཧྲིཾ་ཧྲིཾ་བྷལིཾ་ཏ་ཁཱ་ཧིཿ གཏོར་གཞོང་སྦུབས་པའི་འོག་ཏུ་བགེགས་བཀུག་ནས་འདི་སྐད་དོ༔

ཧཱུྃ། རང་བྱུང་རང་ཤར་རང་གྲོལ་དཀྱིལ་འཁོར་འདིར༔ སྐུ་ལྔ་ལྷུན་གྲུབ་ཡེ་ཤེས་རོལ་པའི་བྲ༔ མ་རིག་ཉོན་མོངས་དུག་ལྔའི་མགོ་ལ་བརྡུང་༔ རྒྱུ་དྲུག་འཁོར་བའི་སྡུག་བསྔལ་དབྱིངས་སུ་དག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིག་ནན་བཾ་ཧཱུྃ་ཕཊ༔ བར་ཆད་དམ་སྲི་སྟཾ་བྷ་ཡ་ནན༔ བསྲུང་འཁོར་བསྒོམ༔ ལྷག་ཆད་ཁ་བསྐང་བ་ནི༔ ཧོ༔ བདག་རྨོངས་ལེགས་སྤྱད་འདི་ལ་ཉེས་གྱུར་གང་༔ བསྐྱེད་རིམ་སྔགས་དང་ཕྱག་རྒྱ་ཏིང་འཛིན་གཡེལ༔ ལྷག་ཆད་ནོར་འཁྲུལ་རྒྱུ་ཆུང་ཕུད་ཉམས་རྣམས༔ ལྷ་ཚོགས་དྲུང་བཤགས་བཟོད་གསོལ་ཚངས་པར་སྩོལ༔ ཅེས་ཡིག་བརྒྱ་སོགས་ཀྱིས་ཁ་བསྐང་ངོ་༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ། ཡེ་ཤེས་རྣམ་དག་རང་བྱུང་རང་ཤར་དབང་༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་དངོས་གྲུབ་ནི༔ སྒྲིབ་གཉིས་དག་ཅིང་སྐུ་གཉིས་ལྷུན་གྱིས་གྲུབ༔ རྡོ་རྗེ་གཞོན་ནུ་རབ་འབྱམས་དབང་ཐོབ་ཤོག༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀྐ་སིདྡྷ་ཨཱཿ ཙིཏྟ་སིདྡྷི་ཧཱུྃ་ཧོཿ བཀྲ་ཤིས་བརྗོད་པ་ནི༔ ཧཱུྃ། ཡེ་ཤེས་ལྔ་ལྡན་འོད་ལྔའི་ཕོ་བྲང་ན༔ དུས་གསུམ་མི་འགྱུར་ལྷུན་གྲུབ་བཀོད་པའི་རྒྱན༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་ཀུན་ནས་བཀྲ༔ སྒྱུ་འཕྲུལ་རྡོ་རྗེ་ཕུར་པའི་བཀྲ་ཤིས་ཤོག༔ བསྡུ་རིམ་ནི༔ ཧཱུྃ། སྣང་སྲིད་འོད་ཞུ་སྒྱུ་ལུས་དཀྱིལ་འཁོར་ཐིམ༔ དཀྱིལ་འཁོར་རིམ་བཞིན་དབུས་ཀྱི་གཙོ་བོར་ཐིམ༔ གཙོ་བོ་ཡེ་སེམས་ཐུགས་ཀའི་ཧཱུྃ་ལ་ཐིམ༔ ས་བོན་དམིགས་མེད་ཆོས་དབྱིངས་ཀློང་དུ་ཨ༔ ཞེས་རང་བཞིན་རྫོགས་པ་ཆེན་པོའི་ངང་ལ་བཅས་བཅོས་མེད་པར་ཅི་ནུས་སུ་བཞག་གོ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ན་མོ༔ རྒྱལ་བ་རྒྱ་མཚོ་གསན་ཅིང་དགོངས་སུ་གསོལ༔ འདི་ལྟར་ལྷ་མཆོད་བསྙེན་བསྒྲུབ་བགྱིས་པ་ཡི༔ དགེ་བའི་རྩ་བར་གྱུར་པ་ཅི་མཆིས་པ༔ བདག་གཞན་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ཧོཿ བདག་གཞན་དགེ་བ་འདི་དང་དུས་གསུམ་དུ༔ བསགས་པའི་མཐུ་ཡི་འཁོར་བ་དོང་སྤྲུགས་ཏེ༔ འགྲོ་ཀུན་ཕྱག་གཅིག་རྫོགས་པའི་དཀྱིལ་འཁོར་དུ༔ ཡེ་གྲོལ་ཁྱབ་གདལ་ཀློང་དུ་ལྷུན་གྲུབ་ཤོག༔ གཞན་ཡང་སྨོན་ལམ་ཅི་རིགས་བཏབ་བོ༔ རྗེས་ལ་བསྐུལ་དང་ཆད་བསྟན་སྐྱོང་། །གཏོར་བྲོ་ལྷག་ཆད་ཁ་བསྐང་བ། །དངོས་གྲུབ་བླངས་དང་ཤིས་པ་བརྗོད། །བསྡུ་རིམ་བསྔོ་སྨོན་བརྒྱད་ཡིན་ནོ། །དེས་ནི་སྔོན་འགྲོ་དང་དངོས་གཞི་རྗེས་ཀྱི་ལས་རིམ་བསྟན་གྲུབ་པའོ། །གང་ཞིག་བར་ཆད་བདུད་དཔུང་ཀུན་འཇོམས་མཛད། །ལྷ་ཡི་ལྷ་མཆོག་རྡོ་རྗེ་ཕུར་པ་ཡི། །ཕྲིན་ལས་ཞི་ཁྲོ་རྒྱུད་ཀུན་ཉིང་ཁུ་ལས། །གུ་རུའི་བཀའ་ལྟར་འདི་རུ་འཁྲིགས་སུ་སྡེབས། །དེ་ཚེ་དགེ་མཚན་བཟང་པོས་དབུགས་དབྱུང་བས། །ཉེས་པའི་སྐྱོན་གྱིས་གོས་པ་མེད་པར་སེམས། །གལ་ཏེ་ཉེས་ན་མཐོལ་བཤགས་ཚངས་དབང་སྩོལ། །དགེ་མཆིས་འགྲོ་ཀུན་དཔལ་ཆེན་ཉིད་འགྲུབ་ཤོག །དེ་ལྟར་རྫོགས་ཆེན་ཞི་ཁོའི་ལས་བྱང་རྒྱུད་ཐམས་ཅད་ཀྱི་སྙིང་ཁུ་ངེས་དོན་སྙིང་པོའི་གཞུང་ནས་ཕུར་པའི་དཀྱིལ་འཁོར་ཁོལ་དུ་ཕྱུངས་པའི་ངག་འདོན་རྡོ་རྗེ་རབ་འབར་ཞེས་བྱ་བ་འདི་ཡང་ལྷག་པའི་ལྷ་འདིར་མོས་པའི་ལས་བསྐལ་བཟང་པོ་ལྡན་པ་རྡོ་རྗེ་སློབ་མ་སྤྱི་དང་བྱེ་བྲག་དུ་མས་ནན་གྱིས་བསྐུལ་བའི་ངོར་རྒྱལ་མཆོག་གུ་རུ་པདྨའི་བྱིན་རླབས་ཀྱི་མཐུས་རང་གཞན་གྲུབ་མཐར་མ་རྨོངས་པའི་བློ་མིག་ཆ་ཙམ་ཐོབ་པ་བོད་ཀྱི་ཛོ་ཀི་རིག་པ་འཛིན་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་ཀྱིས་བལ་ཡུལ་ས་ཡི་ཐིག་ལེ་ཡམ་བུ་རྒྱལ་པོའི་ཁབ་ཡིད་འོང་སྐྱེད་མོས་ཚལ་ལྷ་ཆེན་སྲེད་མེད་བུ་ཡི་རྟེན་འབྲེལ་ཁང་ཁྲུས་ཀྱི་རྫིང་བུ་དང་ལྗོན་ཤིང་གི་ར་བ་བྱ་རིགས་དུ་མས་གང་བའི་ཁང་བཟང་ཨམྦལ་དུ་སྤྲེལ་ནག་ཟླའི་དཀར་ཕྱོགས་རྒྱལ་བ་གསུམ་པ་ལ་བཀོད་གྲུབ་པའོ། །དགེའོ། །དགེའོ། །


previousརྫོགས་ཆེན་ཞི་ཁྲོ་ངེས་དོན་སྙིང་པོ་ལས་བྱུང་བའི་ཕུར་པའི་ལས་བྱང་རྡོ་རྗེ་རབ་འབར། next