Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར།
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར། next

ཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར།

༄༅། །ཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར་ཞེས་བྱ་བ་རྗེ་ཚེ་དབང་ནོར་བུའི་མཛད་པ་བཞུགས་སོ། །

རང་ཉིད་སྐད་ཅིག་གིས་སྣང་སྟོང་འཛིན་པ་མེད་པ་ཤྲཱི་བཛྲ་ཀུ་མཱ་ར་བསྐྱེད་རྫོགས་ཆེ་འབྲིང་ཆུང་དུ་གང་མོས། རང་དམངས་རིག་པའི་ཀློང་དུ་གསལ་བའི་ཡེ་ཤེས་ཆེན་པོ་ཤེས་རབ་ཉི་མའི་གདན་ལ་ཡེ་ཤེས་སེམས་དཔའ་ཚོན་གང་བ་རྒྱན་མེད་གཅེར་བུ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ། དེའི་ཐུགས་ཀར་ཏིང་ངེ་འཛིན་གྱི་སེམས་དཔའ་སུཪྻའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་དགུ་བ་ནས་འབྲས་ཙམ་གྱི་ལྟེ་བར་ཕྲ་མོའི་ཏིང་ངེ་འཛིན་སྐུ་གསུམ་ཐབས་ཤེས་དབྱེར་མེད་ཀྱི་པད་ཉི་ཟླ་གདན་གྱི་དབུས་སུ་ཡེ་ཤེས་ལྔའི་མཚོན་བྱའི་ཧཱུྃ་ཡིག་རབ་ཏུ་མཚེར་བ་ཆ་ལྔ་པ་མཐིང་ནག་སྤུས་བྲིས་པ་ལྟ་བུ་ཁོ་རང་གི་མདུན་ཕྱོགས་སུ་བསྟན་པའི་མཐའ་སྐོར་མདུན་ཕྱོགས་སུ་དབུ་ཨོཾ་ནས་བརྩམ་པའི་དབུ་ཅན་བཙོ་མོའི་མདོག་ལྟ་བུ་ཡི་གེ་བཅྭོ་ལྔ་པ་གཡས་སུ་འཁོར་བ་ལས། འོད་ཟེར་གྱི་ཕྲེང་བ་གཡས་སུ་འཁྱིལ་ལི་ལི་འཁོར་བ་ལས། འོད་ཟེར་སྤོས་རིང་གི་དུད་པ་ལྟར་ཧཱུྃ་ཡིག་གི་ཐིག་ལེའི་ན་དཱའི་རྩེ་ནས་ཡར་བྱུང་ཡབ་ཀྱི་ཞལ་ནས་ཐོན༔ ཡུམ་གྱི་ཞལ་དུ་ཞུགས་སྐུའི་དབྱིབས་བརྒྱུད་དེ་གསང་བའི་པདྨོར་བཅུད་དང་ནུས་པ་འཁྱིལ་བ་ལ། རང་གི་རྡོ་རྗེའི་སྦུབ་ཀྱི་རྔུབས་ནས་ཡར་བྱུང་རང་གི་སྙིང་གའི་ཧཱུྃ་དེ་གཟི་བརྗིད་དང་ལྡན་པར་གྱུར།

ཡང་སྐབས་སུ། སྔགས་ཕྲེང་ལས་འོད་ཟེར་འགར་གྱི་སལ་མེ་ལྟར་འཕྲོས་ནས་ཕྱོགས་བཅུ་རྒྱལ་བའི་ཞིང་དང་། རང་བཞིན་ལྷུན་གྲུབ་དཔག་ཏུ་མེད་པར་བཞུགས་པའི་རྒྱལ་བ་རྣམས་ལ་ཕོག །སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འབུལ། ཐུགས་རྒྱུད་བསྐུལ། ཐུགས་རྗེ་དང་བྱིན་རླབས་གཟི་བརྗིད་ནུས་མཐུ་ཐམས་ཅད་བསྡུས་རབ་ཏུ་མཆོད་པའི་འོད་དང་འབྲུ་གསུམ་གྱི་རྣམ་པར་སྤྱན་དྲངས་ནས་རང་གི་སྤྱི་བོར་ཐིམ་པས་སྐུ་བཞི་ཡེ་ཤེས་ལྔའི་དབང་ཐོབ་ཕྲིན་ལས་ནུས་པ་དང་ལྡན་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་གི་ལུས་ཀྱི་གནས་སུ་གསལ་བའི་ཁྲོ་རྒྱལ་རིགས་བཞི་ཀཱི་ལ་ཡ་བཞི་ཁྲོ་བཅུ་ཁྲ་ཐབས་རྣམས་ལ་ཕོག་ཐུགས་རྒྱུད་བསྐུལ་དེ་རྣམས་ཀྱི་དྲག་སྔགས་སྒྲོག་པས་འཇིག་རྟེན་ཁམས་ཀུན་ཁྲོ་ཚོག་མང་པོས་ཁེངས་ནས་ཧཱུྃ་ཕཊཿའབྲུག་སྟོང་ལྡིང་བ་ལྟར་གྱུར་ནས་མཚོན་ཆའི་ཆར་ཕབ་གནོད་བྱེད་གདུག་པ་ཅན་ཀུན་དབང་དུ་བསྡུས་དམ་ལ་བཞག་ཅི་བགྱིས་བཀའ་ཉན་སྲོག་གི་སྙིང་པོ་ཕུལ་འདའ་བའི་སྐབས་མེད་པར་བྱས་ཏེ། སླར་ཁྲོ་ཚོགས་འདུས་ནས་རང་གི་ཐུགས་ཀའི་ས་བོན་ལ་ཐིམ་ནས་དམིགས་མེད་དུ་བཞག་གོ །བདག་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རང་མདངས་འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས་པས་སྣོད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་འོད་ཀྱི་རང་བཞིན། བཅུད་ཐམས་ཅད་རྡོ་རྗེ་གཞོན་ནུའི་སྐུར་སྣང་སྟེ་ཀུན་གྱི་ཀཱི་ལ་ཡ་ཞེས་བསྒྲག་པས་དུས་གཅིག་འབྲུག་ཁྲི་འབུམ་ལྡིར་བ་ལྟར་གྱུར་ནས་ཕྱོགས་དུས་ཀྱི་རྒྱལ་བ་ཐམས་ཅད་བཛྲ་ཀུ་མཱ་རའི་སྐུ་ཡངས་ཀར་འབྲུ་ཙམ་བགྲང་འདས་སུ་བྱོན་ཏེ། མཚོ་ལ་ཁ་བ་བབས་པ་ལྟར་བ་སྤུའི་བུ་གར་སིབ་སིབ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་སྟེ། དཔལ་ཆེན་པོའི་སྐུ་གསུང་ཐུགས་མཉམ་དང་བར་བསམ། ཨོཾ་བཛྲ་ལི་ཀཱི་ལ་ཡ་སརྦ་བྷིག་ནན་བམ་ཧཱུྃ་ཕཊཿ ཛ་ཧཱུྃ་ཨཱཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀ་ཏཾ་ཀ་ཡེ། ཛ་ཡེ་བྷི་ཛ་ཡེཿ ཨ་ཛི་ཏེཿ ཨ་པ་ར་ཛི་ཏེཿ མ་ར་ས་ནི་པྲ་མར་ཏ་ནིཿ སརྦ་བིགྷན་བཾ་ཧཱུྃ་ཕཊཿ ཅེས་པའོ། །ཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར་འདི་ཉིད་རང་བཟོའི་དྲི་མས་སྤུ་ཙམ་མ་བསླད་པར་གཞུང་དོན་སོར་བཞག་གསལ་བར་གནས་ཏེ་བདག་ཚེ་དབང་ནོར་བུའི་དཔལ་གྱིས་སོ། །


previousཕུར་པའི་འཛབ་དགོངས་དམིགས་པའི་འཁྲུལ་འཁོར། next