Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་བའི་ཚོགས་སྐོང་།
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་བའི་ཚོགས་སྐོང་། next

ཕུར་བའི་ཚོགས་སྐོང་།

༄༅། །ཕུར་བའི་ཚོགས་སྐོང་བཞུགས་སོ། །

ཚོགས་ཞིང་གི་དཀྱིལ་འཁོར་ལ་ཚོགས་སྐོང་འབུལ་བ་ནི་གསུམ་སྟེ༔ ཚོགས་མཆོད་ཕུལ་ཞིང་བཤགས་སྐོང་གི་རིམ་པ་དང་༔ རྣལ་འབྱོར་པས་ཚོགས་ལ་རོལ་ཞིང་གླུ་ལེན་པ་དང་༔ ལྷག་མའི་ཆོ་ག་དང་གསུམ་མོ༔ དེ་ནས་དང་པོ་ཚོགས་རྫས་ཤ་མར་ཐུད་དང་ཆང་ལ་སོགས་ཏེ༔ རྣལ་འབྱོར་པས་བཟའ་བཏུང་ལོངས་སྤྱོད་དཔག་ཏུ་མེད་པ་གཙང་མ་དངོས་པོ་དང་དག་པ་རྣམས་བཤམ་མོ༔ དེ་ནས་ལྷའི་ང་རྒྱལ་གྱིས་བགེགས་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ ང་ནི་ཀུན་བཟང་ཆེ་མཆོག་རིགས་ལྔའི་གཙོ༔ དུས་གསུམ་རྒྱལ་བ་མ་ལུས་ཀུན་མཆོད་ཀྱིས༔ མཆོད་པའི་མདངས་འཕྲོག་ཉོན་མོངས་རིགས་ལྔའི་གཙོ༔ དུས་གསུམ་རྒྱལ་བ་མ་ལུས་ཀུན་མཆོད་ཀྱིས༔ མཆོད་པའི་མདངས་འཕྲོག་ཉོན་མོངས་བར་ཆད་བགེགས༔ གནས་འདིར་སྐད་ཅིག་མ་འདུག་གཞན་དུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ༔ ཅེས་བསྐྲད་དོ༔ མཚམས་བཅད་པ་ནི༔ ཧཱུྃ༔ ང་ནི་ཁྲོ་རྒྱལ་ཐམས་ཅད་འདུས་པའི་སྐུ༔ དཔལ་ཆེན་རབ་འཇིགས་བདུད་འདུལ་རྡོ་རྗེ་འཆང་༔ སངས་རྒྱས་ཀུན་གྱིས་བྱིན་བརླབས་དབང་བསྐུར་ཅིང་༔ གདུག་པ་ཐམས་ཅད་འདུལ་བར་རབ་བསྔགས་པ༔ མེ་རི་མཚོན་ཆ་རྡོ་རྗེའི་ར་བ་དང་༔ ཁྲོ་ཚོགས་རབ་ཏུ་འབར་བས་མཚམས་ཆོད་ཅིག༔ བཛྲ་རཀྵ་རཀྵ་ཧཱུྃ༔ དེ་ནས་ཚོགས་བསག་སྦྱང་ནི༔ ཨ་མྲྀ་ཏས་ཆུ་འཐོར་ལ༔ སྭ་བྷཱ་བས་སྟོང་པར་སྦྱང་༔ ཧཱུྃ༔ བདག་ཉིད་ཀུན་བཟང་ཆེ་མཆོག་ཐུགས་ཀ་ནས༔ ཧཱུྃ་ལས་ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ མེ་རླུང་ཆུ་ཡིས་ཚོགས་ཀྱི་དངོང་འཛིན་དྲི༔ བསྲེག་གཏེར་བཀྲུས་ནས་གཙང་ལ་རྙོག་མེད་གྱུར༔ རཾ་ཡཾ་ཁཾ༔ ཞེས་ལན་གསུམ་བརྗོད་པས་ཚོགས་ཀྱི་ཉེས་སྐྱོན་ཐམས་ཅད་དག་པར་བསམ༔ དེ་ནས་བྱིན་རླབས་ནི༔ ཧཱུྃ༔ སླར་ཡང་དཔའ་བོ་འབྲུ་ལྔ་ཚོགས་ལ་འཕྲོས༔ སྒྲ་དང་བཅས་པར་ཚོགས་རྣམས་འོད་དུ་ཞུ༔ ཡེ་ཤེས་བདུད་རྩི་འོད་ཕུང་ལྡེམས་སེ་ལྡེམ༔ འདོད་ཡོན་མཆོད་སྤྲིན་ནམ་མཁའི་ཁམས་གང་གྱུར༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱི༔ཨ༔ ཅེས་བརྗོད་པས་ཚོགས་རྫས་བདུད་རྩིའི་རང་བཞིན་དུ་བསམ༔ ཚོགས་ཀྱི་ཡུལ་སྤྱན་དྲངས་པ་ནི༔ ཧཱུྃ༔ སྐྱེ་མེད་ཆོས་སྐུ་ཀུན་བཟང་ཀློང་ཡངས་ནས༔ མ་འགགས་གཟུགས་ཀྱི་སྐུར་བཞེངས་ཕུར་བུའི་ཚོགས༔ ཁྲོ་ཆེན་བཅུ་བཅས་གཞན་ཡང་བསྐང་འོས་མགྲོན༔ མ་ལུས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འདོད་པའི་ཡོན་ཏན་ལྷུན་གྲུབ་ཁང་འདིར༔ ཚོགས་མཆོད་བདུད་རྩི་བཞེས་སླད་བཞུགས་སུ་གསོལ༔ འདོད་པའི་ཡོན་ཏན་ལྷུན་གྲུབ་ཚོགས་ཁང་འདིར༔ ཚོགས་མཆོད་བདུད་རྩི་བཞེས་སླད་བཞུགས་སུ་གསོལ༔ ས་མ་ཡ་ཛ༔ཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་ཚོགས་ཕུང་རིམ་གསུམ་དུ་བཅད་ལ་དང་པོ་ཕུལ་ལ༔ ཧཱུྃ༔ ཀུན་བཟང་ཞི་ཁྲོ་རིག་འཛིན་མཁའ་འགྲོ་ཕུར༔ གཞན་ཡང་བཀའ་བརྒྱད་དཔལ་མགོན་བཅས་རྣམས་ལ༔ ཕྱི་ནང་གསང་མཆོད་བདུད་རྩི་སྨན་རག་གཏོར༔ རྣལ་འབྱོར་ལོངས་སྤྱོད་འདོད་ཡོན་ཚོགས་མཆོད་འབུལ༔ ཐུགས་དམ་གཉེན་པོ་བསྐང་ཕྱིར་བཞེས་ནས་ཀྱང་༔ དབང་དང་བྱིན་རླབས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ བར་པ་ཚོགས་བཤགས་ནི༔ ཧཱུྃ༔ བདག་ཅག་མ་རིག་ལུས་དང་ངག་སེམས་ཀྱིས༔ བག་མེད་ཚུལ་གྱིས་དམ་ལས་འགལ་གྱུར་ཏེ༔རྒྱལ་བ་ཞི་ཁྲོའི་ཐུགས་དང་ཅི་འགལ་བ༔ ལོངས་སྤྱོད་འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་ག་ན་ཙཀྲ་ས་མ་ཡ༔ མ་ནུ་པཱ་ལ་ཡ༔ ག་ན་ཙཀྲ་ཏེ་ནོ་པ་ཏིཥྛ༔ དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཡཾ་ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ན་ཝཱན༔ སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་ཡ༔ ག་ན་ཙཀྲ་མཱ་མེ་མུཉྩ་ག་ན་ཙཀྲ་བྷ་ཝ༔ མ་ཧཱ་ས་མ་ཡ་ག་ན་ཙཀྲ་སཏྭ་ཨཱ༔ ཅེས་བརྗོད༔ ཐ་མ་བསྒྲལ་བ་ནི༔ བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་ཚོགས་སྣོད་དེ་ཉིད་ལས་ཀྱི་རྣམ་སྨིན་ལས་གྲུབ་པའི་གྲུ་གསུམ་ལྕགས་ཁང་འབར་བའི་ནང་དུ༔ ཚོགས་རྫས་དགྲ་བགེགས་དངོས་སུ་གསལ་བ་ལ༔ བདག་ཅག་གི་སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་སྟེ༔ ལུས་ངག་ཡིད་ལ་གནོད་འཚེ་བར་ཆད་དགྲ་བགེགས་ཐམས་ཅད་གཅིག་ཏུ་དྲིལ་ནས་གཟུགས་ལིང་ལ་ཐིམ་པར་གྱུར༔ བདེན་སྟོབས་ཀྱིས་བཀུག་ལ༔ ཧཱུྃ༔ བདག་ཅག་རྣལ་འབྱོར་བྱང་ཆུབ་སྒྲུབ་པ་ལ༔ བར་དུ་གཅོད་པའི་དགྲ་བགེགས་འབྱུང་པོ་ཀུན༔ བླ་མ་དཀོན་མཆོག་རྩ་གསུམ་བདེན་པའི་མཐུས༔ སྐད་ཅིག་ཙམ་གྱིས་གཟུགས་ཕུང་འདི་ལ་ཁུག༔ ཛ༔་ཧཱུྃ་བཾ་ཧོ༔ བསྒྲལ་བ་ནི༔ ཧཱུྃ༔ དུག་ལྔའི་ལས་ཀྱིས་བསགས་པའི་བག་ཆགས་རྣམས༔ སྐུ་གསུམ་སྐུ་ལྔའི་ཀློང་དུ་ད་ལྟ་སྒྲོལ༔ མ་རིག་བདག་འཛིན་ཨ་འཐས་རུ་དྲ་འདི༔ རང་ཤེས་རིག་པའི་དབྱིངས་སུ་མཱ་ར་ཡ་ཕཊ༔ ཞལ་དུ་བསྟབ་པ་ནི༔ ཧཱུཾ༔ ཉོན་མོངས་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཕུང་ཁམས་སྐྱེ་མཆེད་བླ་ཚེ་རྣམ་ཤེས་བཅས༔ ཞལ་དུ་སྟོབས་ཤིག་ཞི་ཁྲོའི་ལྷ་ཚོགས་ཀྱི༔ ཆོས་དབྱིངས་བདེ་ཆེན་མཉམ་པའི་ཐབས་སུ་སྟིམས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི༔ ཨམུ་ཀ་ནྲི་ཏྲི་ཤཏྲཱུྃ་མཱ་ར་ཡ་མ་ཧཱ་མཱཾ་ས་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་ཙིཏྟ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ཁཱ་ཧི༔ མ་ཧཱ་ཀིཾ་ནི་རི་ཏི་ཁཱ་ཧི༔ སྐབས་འདིར་རུ་ཟུང་བཞིའི་བཤམས་པ་རྣམས་ཀྱི༔ གཉིས་པ་རྣལ་འབྱོར་བས་ལྟ་བའི་ངང་ནས་ལོངས་སྤྱོད་ཚོགས་ལ་རོལ་བ་ནི༔ ཧཱུྃ༔ རང་གི་གཟུགས་ནི་འཁོར་འདས་གཉིས་ཀྱི་ཡུལ༔ དང་པོ་རྒྱུ་དྲུག་འཁོར་བ་སྦྱང་བར་བྱ༔ ལུས་ལ་ཉོན་མོངས་རིགས་དྲུག་ས་བོན་ཡོད༔ ཚོགས་ཀྱི་འོད་ཟེར་གདངས་འོད་ཟེར་གསུམ་གྱིས༔ འབྲུ་དྲུག་བག་ཆགས་བཅས་པ་དག་པར་གྱུར༔ ཧཱུྃ༔ རྒྱུ་དྲུག་གནས་སྦྱངས་འདས་པའི་སངས་རྒྱས་ཡིན༔ ཕུང་ལྔ་ཡབ་ལྔ་འབྱུང་ལྔ་ཡུལ་ལྔའི་ངང་༔ འཁོར་ལོ་ལྔ་ལ་རིགས་ཀྱི་མཁའ་འགྲོ་ལྔ༔ རྩ་ཕྲན་དཔའ་བོ་མཁའ་འགྲོ་ཏིལ་གོང་རྒྱས༔ ཧཱུྃ༔ སྙིང་གར་ཞི་བ་མགྲིན་པར་རིག་འཛིན་དང་༔ སྤྱི་བོར་ཁྲག་འཐུང་ལྟེ་བར་མཁའ་འགྲོ་མ༔ གསང་གནས་རྡོ་རྗེ་ཕུར་བའི་ལྷ་ཚོགས་བཞུགས༔ བདེར་གཤེགས་རྒྱལ་བའི་ཕོ་བྲང་དམ་པ་འདིར༔ ཟག་མེད་ཡེ་ཤེས་ཆེན་པོའི་མཆོད་པ་འབུལ༔ ཨ་ལ་ལ་ཧོ༔བཞེས་ཤིང་དགྱེས་པར་རོལ༔ དེ་ལྟར་དགོངས་པ་གསལ་བའི་ངང་ནས༔ སརྦ་སིདྡྷི་ཧཱུྃ༔ ཞེས་ལག་གཉིས་པད་སྐོར་དང་བཅས་པས་ཞལ་ཟས་བླངས་ཏེ༔ ཧཱུྃ༔ ང་ཉིད་ཡེ་ནས་སངས་རྒྱས་རིགས་ལྔ་ཡིན༔ ལག་གཡས་དཔའ་བོ་ལག་གཡོན་མཁའ་འགྲོ་ལྔ༔ ཡར་རྐན་སྣང་མཐའ་མར་རྐན་གོས་དཀར་མོ༔ ལྗགས་ནི་མེ་ལྷའི་གུནྡ་མིད་པ་ནི༔ བྱང་ཆུབ་སེམས་ལམ་ཞལ་ཟས་འབྱུང་ལྔའི་བཅུད༔ ཁ་དོག་དཀར་ལ་དྭངས་པ་རོ་ཉིད་བདའ༔ རྒྱུ་ཉིད་བདུད་རྩི་འོད་མདངས་སི་ལི་ལི༔ ལྟ་བ་ཆོས་ཉིད་ཀློང་དུ་རབ་ཏུ་ཐིམ༔ རྩ་གསུམ་ནང་ནས་གྱེན་དུ་ཡེ་ཤེས་སྤར༔ ཡེ་ཤེས་ལྷ་རྣམས་ཡེ་ཤེས་ཆེན་པོར་རོལ༔ ཞེས་སྤྱོད་དོ༔ དེ་ནས་རྡོ་རྗེའི་གླུ་འདི་སུ་ཐུག་གིས་གར་ཐོད་དུ་བླང་མི་རུང་སྟེ༔ གནས་དུར་ཁྲོད་ཆེན་པོ༔ རྒྱལ་བས་བྱིན་གྱིས་བརླབས་པའི་གནས་ཆེན༔ གཏེར་གནས་སྒྲུབ་གནས་ལ་སོགས་གནས་ཁྱད་པར་ཅན༔ མདོར་ན་འཇིག་རྟེན་པའི་གནས་ལས་འདས་པའི་རི་ཁྲོད་དབེན་པའི་གནས་སུ༔ རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་འཁྲུལ་བ་དག་ནས་རང་རིག་ལྟ་བའི་གདེངས་དང་ལྡན་པས༔ དགོས་པ་དྲུག་ཏུ་བབ་པའི་དུས་སུ་རྡོ་རྗེའི་གླུ་དྲུག་མགུར་དུ་བླང་བ་ནི༔ དུར་ཁྲོད་བརྟུལ་ཞུགས་སྤྱོད་པ་ལ་འགྲོ་ན་འགྲོ་བའི་དུས་སུ་ཡན་ལག་མཐིལ་བཞི་ས་ལ་བཙུག་ལ་གཅན་སྤྱང་རི་ཟུར་ལ་འགྲིམ་པ་ལྟ་བུར་བྱས་ཏེ་བླངས་སོ༔ ཚོགས་ཀྱི་དུས་སུ་ལུས་ལ་རུས་པའི་རྒྱན་བཏགས་རྒྱུག་པ་དང་མཆོང་པ་དང་གྱད་ཀྱི་འདོར་ཐབས་སུ་བྱས་ཏེ་བླངས་སོ༔ མི་རྟོག་པ་རྒྱུད་ལ་བརྟེན་པའི་དུས་སུ་ལུས་དྲང་སྲོང་ལྟ་བུ་ཐལ་མོ་འགྲམ་པ་ལ་སྦྱར་ཏེ་བླངས་སོ༔ ལྟ་སྒོམ་སྤྱོད་པའི་དུས་སུ་ལུས་དྲང་པོར་བསྲངས་ཏེ་ཐལ་མོ་སྙིང་གར་སྦྱར་ནས་བླངས་སོ༔ ཨེ་མ་ཀི་རི་ཀི་རི༔ སྨས་ཏ་བྷ་ལི་བྷ་ལི༔ ས་མི་ཏ་སུ་རུ་སུ་ར༔ ཀུདྷ་ལི་མ་སུ་མ་སུ༔ ཨི་ཀ་རི་ལི་བྷསྟ་ཡེ༔ ཙ་ཀ་ར་བྷ་ལི་ཏ་ལྕེ་ཡེ་ས་མུན་ཏ༔ ཙ་ཏྱསུ་བྷ་ཡེ༔ བྷི་ཏིས་ན་བྱ་གྷུ་ལི༔ ཀེ་ར་ཀེ་ར༔ དུ་བ་ན་མ་ཏ་ལེ་བེ་ཏེ་ནི༔ པ་ར་ལི་ཧ་སཾ་ན་སཾ་བྷུ་ར་ཏ༔ མེ་གྷ་ཙར་ཏ་བ་ས་ཏྱ་བྷྱ་ཏ་ར༔ ཨེ་བྷ་ཤ་ན་ས༔ རན་བ་ཏི་བ་གུ་ལི་ཡ༔ གྷུ་ར་གྷུ་ར༔ ས་གག་རད་ན་ལ༔ ན་ར་ན་ར་ཨི་ཐར་བྷུ་ཐ་ཆི༔ ཤ་ས་ཀྱེ་གཾ་པ་ར་རི་རི་མ་ལེ་སད་ཏྲ༔ མ་སིཾན་བྷེ་ས༔ བྷེ་ས་ར་ས་པ་ལཾ༔ ཨི་ཨེ་མ་མ་ར་རེ་ཨ༔ མ་མ་ཀི་རི་ཀི་རི༔ སྨས་ཏ་ས་ལི་ས་མི་ཏ་སུ་རུ་སུ་རུ༔ ཀདྷ་ལི་མ་སུ༔ ཨི་ཀ་རི་བ་ལེ་ཙ་ཁ་བྷུ་ལི་ཏ་ལྕེ་ཡེ་ས་མུན་ཏ༔ ཙཏྱ་སུ་གྷ་བྷི་ཏི་སན་བྱཾ་གྷུ་ཡེ༔ ཀེ་ར་དྷཱ་ཀཱི་དྷཱ་ཀ་མ་ཧཱ་རི་སེ་དྷ་ན་པ་ར་ལི་ཧེ༔ ས་ནཾ་ཁ་ར་ཏ་ཁེ་ལ་ས་ན་བྷུད་ར་ཏ་ཀ་ཙ་ར་ཏཾ་མ་ཧཱ་སུ་ཏྱ་གྷ་ཧ་ར་ཨ༔ ས་ན་མ་ས་ན་ས་ར་བྷི་ཧི་ཏིས༔ གྷུར་ལམ་སྨིན་ས་གྷུ་ཏིས་ཏ་ཡ་གྷུར་གྷུར༔ གླང་ཁ་ལ་རན་ལཾ་ནར་པ་ལཾ༔ ཨི་ཏ་རལ་ཏ་ལཾ༔ སིར་རྣ་བེ་སར་ལཾ་བྷ་ས་གེ་ལཾ་པ༔ ས་ས་རི་རི་ལི་ལི༔ ཨི་ཨི་མ་མ་ར་ར༔ ཞེས་ཐ་མལ་གྱི་ཚུལ་མ་ཡིན་པས་སྐབས་སུ་བབ་པའི་དུས་སུ༔ གནས་ཁྱད་པར་ཅན་དུ་རྣལ་འབྱོར་བས་ལྟ་བའི་ངང་ནས༔ སྒྲ་དག་པ༔ ཚིག་གསལ་བ༔ དབྱངས་སྙན་པོས་བླང་ངོ་༔ ཚོགས་ལ་རོལ་ཞིང་སྨོན་ལམ་གདབ་པ་ནི། ཧོ༔ དགོངས་སུ་གསོལ༔ ཆོས་ཉིད་ཀྱི་བདེན་པའོ༔ སངས་རྒྱས་ཀྱི་མཐུའོ༔ གསང་སྔགས་ཀྱི་བྱིན་གྱིས་བརླབ་བོ༔ ཨ་བྷི་ཙརྻའི་དུས་ལ་བབ་བོ༔ བརྣག་པའི་ལས་ཁོ་ནའོ༔ དེ་ལྟར་གསང་སྔགས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་སྤྱད་པའི་མཐུ་བྱིན་གྱིས་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་ཅིང་སྐལ་པ་མཉམ་པར་གྱུར་ཅིག༔ སྨོན་ལམ་གདབ༔ གསུམ་པ་ལྷག་མའི་ཆོ་ག་ནི༔ ཡར་གནས་མར་གནས་གཉིས་ལས༔ ཡར་གནས་གཙང་ལྷག་གཏོར་མར་བྲན་ལ༔ ཧཱུྃ༔ སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་དཀྱིལ་འཁོར་རྣམས༔ ཚོགས་ཕུད་དགྱེས་པ་ཆེན་པོས་ཡར་བཞེས་ལ༔ མཆོག་དང་ཐུན་མོང་དངོས་གྲུབ་དུས་འདིར་སྩོལ༔ ཞི་རྒྱས་དབང་དྲག་ཐོགས་མེད་སྒྲུབ་པར་མཛོད༔ ཧཱུྃ༔ དང་པོར་རྡོ་རྗེ་ཕུར་བ་ཕུད་ཀྱིས་མཆོད༔ བར་དུ་རྣལ་འབྱོར་ཕོ་མོས་ཚོགས་ལ་རོལ༔ ཐ་མར་ལྷག་ལ་དགྱེས་པས་ལྷག་ལ་རོལ༔ སོ་སོའི་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག༔ དེ་ནས་ཕུད་ལྷག་བསྲེས་ནས་འདི་སྐད་དོ༔ ཧཱུྃ༔ བར་དུ་གཉིས་མེད་གཅིག་ཏུ་མི་བསྲེ་རུ༔ ཆོས་དབྱིངས་རྣམ་དག་ཡེ་ནས་རྒྱུ་འབྲས་གཅིག༔ ཚོགས་ལྷག་ལ་རྡོ་རྗེ་སློབ་དཔོན་ལྷར་གསལ་བས་བདུད་རྩིའི་ཞལ་ཕྲུས་བཏབ་ནས༔ ཧཱུྃ༔ ཐ་མ་ཚོགས་ལྷག་ཁ་ཆུས་མི་འདེབས་སུ༔ ཁྱོད་དང་ང་གཉིས་རྡོ་རྗེའི་ཐ་ཚིག་གཅིག༔ སྔོན་ཚེ་དཔལ་ཆེན་ཁྲག་འཐུང་སྤྱན་སྔ་རུ༔ དབུས་ན་མི་འཚལ་དཀྱིལ་འཁོར་མ་རན་སྐྱོང་༔ ཕུད་ལ་མི་འཚལ་ལྷག་མའི་ཞལ་ཆབ་ཞུ༔ ཅི་བགྱིའི་བཀའ་ཉན་བསྒྲུབ་ཅེས་ཁས་བླངས་བཞིན༔ ལྷག་མའི་བཤལ་ཐུ་གཏོར་མ་འདི་བཞེས་ལ༔ ཁས་བླངས་དམ་བཅའ་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་ཚོགས་ལྷག་མར་གནས་བསྐུལ་བ་ནི༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་རོལ་བའི་ལྷག་སྡུད་མ༔ དབང་ཕྱུག་གིང་དང་ལང་ཀ་མཁའ་འགྲོ་མ༔ འབར་མ་མ་བདུན་སྲིན་བཞི་ཕོ་ཉའི་ཚོགས༔ གནས་བཟང་དུར་ཁྲོད་འགྲིམ་ཞི་ཚོགས་ཁང་ཉུལ༔ གོས་བཟང་གཡང་གཞི་གོན་ནས་བྷནྡྷ་ཐོགས༔ སྐོམ་བཟང་རཀྟ་འཐུང་ཞིང་རོ་ལ་ཟ༔ དམ་ཚིག་སྲུང་མར་རྒྱུ་ཞིང་མཁའ་ལ་འགྲོ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་ལ་རྔམས༔ ལྷག་གཏོར་བཞེས་ལ་ཕྲིན་ལས་གྲུབ་པར་མཛོད༔ ཨུཙྩིཥྚ་བལིཾ་ཏ་ཁ་རཾ་ཁཱ་ཧི༔ ཞེས་དོར་རོ༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཏུ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་བཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཚོགས་མཆོད་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་གཏེར་ལ་ལོང་སྤྱོད་ཅིང་། །ཡེ་ཤེས་སྣང་བ་རབ་གསལ་ནས། །ཀ་དག་ཆེན་པོའི་ས་ཐོབ་ཤོག །ཚོགས་མཆོད་རྫོགས་སོ། །


previousཕུར་བའི་ཚོགས་སྐོང་། next