Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕུར་བའི་སྨད་ལས་བསྡུས་པ།
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཕུར་བའི་སྨད་ལས་བསྡུས་པ། next

ཕུར་བའི་སྨད་ལས་བསྡུས་པ།

དེ་ནས་ཐ་བསྒྲལ་བའི་ལས་བྱས་ཏེ༔ ཚོགས་རྟེན་ཉ་བོའི་སྙིང་གར་མིང་རུས་གཞུག༔ མདུན་དུ་རྩང་ལྡན་གྲུ་གསུམ་ནང་དུ་བྲུབ༔ དེ་ནས་བསྒྲལ་བའི་རིམ་པ་དང་པོ་ནི༔ གསེར་སྐྱེམས་མཆོད་ལ་མཁྱེན་གསོལ་གཟུ་དཔང་བཅོལ༔ ཧཱུྃ༔ ཐམས་ཅད་མཁྱེན་གཟིགས་ཡེ་ཤེས་ལྷ་མཆོག་རྣམས༔ མ་ཉེས་རྣལ་འབྱོར་བདག་གི་དབང་དུ་གཞུག༔ བྱང་ཆུབ་སེམས་ལྡན་རྣལ་འབྱོར་བདག་ཅག་གིས༔ ལུས་ངག་དཀར་པོ་དགེ་ལ་འབུང་བསམ་ཡང་༔ དགྲ་བགེགས་གཉིས་ཀྱིས་བྱེད་པའི་དབང་མ་སྟེར༔ དེ་རིང་བདེན་རྫུན་ཤན་འབྱེད་གཟུ་དཔང་མཛོད༔ དམ་ལྡན་བུ་ལ་ཕན་པའི་དགོངས་པ་སྐྱེད༔ དམ་ཉམས་དགྲ་ལ་བཀའ་ཆད་དྲག་པོ་ཕོབ༔ སྔོན་ནས་བསྙེན་ཅིང་སྒྲུབ་པའི་ལྷ་རྣམས་ཀྱང་༔ དོན་དམ་ནུས་པ་ཡོད་ན་དུས་ལ་བབས༔ དགོས་པའི་དུས་འདིར་ཕྲིན་ལས་མི་མཛད་ན༔ རྣལ་འབྱོར་ཡི་ཆད་བྱེད་ཀྱང་ཐུགས་དམ་ཉམས༔ སྔོན་གྱི་ཞལ་བཞེས་དམ་ཚིག་གཉན་དགོངས་ལ༔ ཧཱུྃ༔ བདག་ཉིད་སྐད་ཅིག་ཆེ་མཆོག་གསལ་བའི་མདུན༔ ལས་ཀྱི་རྣམ་སྨིན་ལས་གྲུབ་དུག་ལྔ་འཁྲུགས༔ ལྕགས་ཁང་གྲུ་གསུམ་ཐར་མེད་བཙོན་དོང་ནང་༔ དམ་ཉམས་དགྲ་བོ་སྡིག་ཅན་དེ་ཉིད་ནི༔ གཅེར་བུ་མགོན་བྲལ་མྱ་ངན་ཕྱག་རྒྱ་ཅན༔ ལན་ལག་ལྕགས་བསྡམ་འདར་ཕྲིལ་ངུ་ཙིར་གྱུར༔ བདག་ཅག་སྔོན་ལས་འཕྲལ་རྐྱེན་བྱང་ཆུབ་བགེགས༔ དགྲ་བགེགས་འབྱུང་པོ་ཟ་འདྲེ་ཕུང་སྲི་ཀུན༔ མ་ལུས་གཅིག་དྲིལ་ཕུང་ཁམས་སྐྱེ་མཆེད་རྣམས༔ དམིགས་པའི་དགྲ་བགེགས་གཟུགས་ལ་དྲིལ་ཞིང་བསྟིམ༔

ན་མོ༔ དྲིན་ཆེན་རྩ་བརྒྱུད་བླ་མ་དཀོན་མཆོག་གསུམ༔ ཡི་དམ་ཞི་ཁྲོ་སྒྲུབ་པ་བཀའ་བརྒྱད་ལྷ༔ ཆོས་སྐྱོང་དཔལ་མགོན་མ་ནིང་འཁོར་བཅས་དང་༔ ཏིང་འཛིན་སྔགས་དང་ཕྱག་རྒྱའི་བྱིན་རླབས་དང་༔ རྒྱུ་འབྲས་བསླུ་བ་མེད་པའི་ནུས་མཐུ་སོགས༔ བདེན་པའི་བྱིན་རླབས་མཐུ་རྩལ་རྟེན་འབྲེལ་གྱིས༔ བདག་གཞན་ལྷ་དང་མཆེད་ལྕམ་ཐམས་ཅད་ལ༔ ཕྱོགས་བཞི་མཚམས་བརྒྱད་མི་དང་མི་མིན་ཚོགས༔ གང་དག་མ་རུངས་ལོག་འདྲེན་དྲག་ཤུལ་ཅན༔ བསྟན་པ་བཤིག་ཅིང་སྒྲུབ་པའི་བར་ཆད་བྱེད༔ བསྒྲལ་བའི་ཞིང་གྱུར་དམ་ཉམས་གདུག་པ་ཅན༔ གསང་སྔགས་ལམ་གྱི་མཆོག་ལས་འདའ་བྱེད་པས༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་ཅན༔ སྐུ་ལ་བརྙས་ཤིང་དཀོར་ལ་རྔམས་བྱེད་ཀྱི༔ རྣམ་པར་ཤེས་པ་བླ་ཚེ་སྲོག་དང་བཅས༔ རི་རྩེ་མཚོ་གཏིང་སྲིད་གསུམ་གར་གནས་ཀྱང་༔ རང་དབང་མེད་པར་མ་ལུས་གཅིག་སྡུས་ལ༔ སྐད་ཅིག་ཙམ་གྱིས་གཟུགས་ལིང་འདི་ལ་ཁུག༔ བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་ཨཱ་བེ་ཤ་ཡ་ཧོ༔ དེ་ནས་ལྷ་དང་ཕྲལ་སོགས་ལས་དྲུག་ནི༔ ཧཱུྃ༔ མངོན་སྤྱོད་ལས་དྲུག་མྱུར་མཛད་མཐུ་སྟོབས་ཅན༔ དཔལ་ཆེན་ཕོ་ཉའི་ལྷ་ཚོགས་དུས་ལ་བབ༔ བྱང་ཆུབ་སྒྲུབ་པའི་བར་ཆད་རུ་དྲ་འདི༔ སྐད་ཅིག་ཙམ་གྱིས་སྲུང་སྐྱོབ་ལྷ་དང་ཕྲོལ༔ མཉམ་པོར་འོང་བའི་འདྲེ་བདུད་ཀུན་དང་སྤྲོད༔ ཟུངས་ཤིག་རྒྱབ་ཅིག་ལུས་ངག་ཡིད་གསུམ་ཆིངས༔ སྨྱོ་འབོག་རེངས་ཤིང་གཡོ་འགུལ་མེད་པར་མཛོད༔ ཕུང་པོ་རྣམ་ཤེས་རྟེན་དང་མྱུར་དུ་ཕྲོལ༔ གཟུགས་ཕུང་རྡུལ་རློག་ཤ་ཁྲག་ཞལ་དུ་སྟོབ༔ ཧཱུྃ༔ ཁྲོ་བོ་སྤྲུལ་པའི་འོད་ཟེར་རབ་ཏུ་འཁྲུགས༔ ལྕགས་ཀྱུ་སྤྲུལ་པས་མཁའ་ལ་སྐར་ལྟར་འཁྲུག༔ ཞགས་པས་སྤྲུལ་པས་བར་སྣང་སྤྲིན་ལྟར་འཐིབས༔ ལྕགས་སྒྲོག་སྤྲུལ་བས་ས་གཞིར་གློག་ལྟར་འཁྱུག༔ དྲིལ་བུ་སྤྲུལ་བས་ཕྱོགས་མཚམས་ཐོག་ལྟར་འབེབས༔ འཁོར་འདས་ལག་མཐིལ་དགྲ་བགེགས་ཤོར་མི་འཚལ༔ ཧཱུྃ༔ ཕོ་ཉ་ལས་མཁན་ཆར་སྤྲིན་བཞིན་འཐིབས་ནས༔ དམིགས་པའི་དགྲ་བགེགས་སྒྲོལ་བའི་དུས་ལ་བབ༔ མ་རིག་རྨོངས་པའི་ལས་ངན་སྡིག་ཅན་འདི༔ དེ་རིང་ཚེ་དང་བསོད་ནམས་ཟན་གྲངས་ཐེམ༔ འདི་ཕྱི་གཉིས་ཀྱི་སོ་མཚམས་ད་ལྟ་ཡིན༔ གྲོགས་མེད་གཅིག་པུར་ཕ་རོལ་འགྲོ་དགོས་ན༔ འཇིག་རྟེན་ཕྱི་མ་ཞེས་བྱ་དེ་རིང་སླེབས༔ སྔར་བྱས་ལས་རྣམས་འགྱོད་དམ་སྙིང་རྗེ་བརྩེ༔ མི་ཚེ་སྡིག་ཟད་ལས་ངན་རང་ཕུང་ཁྱོད༔ ད་ནི་བསྒྲལ་བའི་ཞིང་བཅུར་ལས་ལ་སྦྱར༔ ཧཱུྃ༔ བདག་ཉིད་དཔལ་ཆེན་སྒྲོལ་མཁས་ཐུགས་ཀ་ནས༔ སྨྱོ་འབོག་འཁྲུལ་བའི་ཕོ་ཉ་རབ་སྤྲུལ་བས༔ ཁྱོད་ཀྱི་སྡུག་བསྔལ་རང་སར་ཞི་ནས་ཀྱང་༔ དབང་པོ་བག་ཉལ་ཚོར་བ་བདེ་བར་གྱུར༔ དེ་ནས་བསྐུལ་ཞིང་ཐུན་གྱིས་གདབ་པ་ནི༔ ཧཱུྃ༔ ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ ཤིན་ཏུ་མི་བཟད་རབ་འཇིགས་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ སྲས་འཁོར་སྤྲུལ་བས་འཇིག་རྟེན་ཁམས་ཀུན་ཁེངས༔ རབ་འཇིགས་ཕོ་ཉ་འགྱེད་པའི་དུས་ལ་བབ༔ ཕྱག་གཡས་ཕུར་བ་གཡོན་ན་ལྕགས་ཀྱུ་བསྣམས༔ ལྕགས་ཀྱུས་ཟུང་ལ་ཕུར་བས་ད་ཐོབ་ཅིག༔ གནོད་བྱེད་དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ ཧཱུྃ༔ ཕུར་ཐུན་ཐོག་ལྟར་ཉུངས་ཐུན་རྦབ་ལྟར་བསྒྲིལ༔ ཁྲག་ཐུན་མཚོ་ལྟར་མཚེ་ཐུན་སྐར་ལྟར་འཁྲུགས༔ དུག་ཐུན་རླུང་ལྟར་མཚོན་ཆ་བུ་ཡུག་འཚུབས༔ མདའ་རྡོའི་ཐུན་ཆར་གཏོར་ཟོར་མེ་ལྟར་འབར༔ གནོད་བྱེད་དགྲ་བགེགས་གཟུགས་ཕུང་རྡུལ་དུ་རློག༔ ཅེས་པ་སྤུ་གྲི་རཀྨོའི་སྔགས་ཀྱིས་ཐུན་རྣམས་རིམ་བཞིན་གདབ༔ དེ་ནས་ཚེ་ལུང་ཁྲུས་ལུང་དགོངས་པ་ནི༔ གསལ་བ་བདག་ཉིད་དཔལ་ཆེན་དུ། ཕྱག་གི་ཕུར་པ་རྡོ་རྗེ་གཞོན་ནུ། ལིངྒ་དགྲ་བགེགས་དངོས་སུ་གསལ། གསུམ་གྱི་ངང་ལས་འདི་སྐད་བྱ༔ ཧཱུྃ༔ ཕུར་བ་ལས་བྱུང་ཡེ་ཤེས་མེ་རླུང་ཆུས༔ཕུར་བ་ཕར་བསྒྲིལ་བ་ལས། ཁྱོད་ལུས་སྒྲིབ་སྦྱངས་ཤེལ་སྒོང་ལྟ་བུར་གྱུར༔ ཚེ་བསོད་འུབ་ཀྱིས་ཚུར་འདུས་བདག་ཉིད་ཀྱི༔་་་ ཕུར་རྩེ་རང་གི་སྙིང་གར་ཕྱོགས་པས་འོད་ཟེར་རང་གི་ཐུགས་སྲོག་ལ་ཐིམ། ལུས་ངག་ཡིད་ཐིམ་མཐུ་བྱིན་ཆེར་རྒྱས་གྱུར༔ སྙིང་ཁར་རྣམ་ཤེས་ནྲྀ༔ལ་ཕུར་རྩེས་རེག༔་་ དགྲ་བགེགས་ཀྱི་སྙིང་གར་རེག་པས་བདུད་རྩིས་དུག་ལྔའི་བག་ཆགས་ཞི་ནས། ཨཱ༔དཀར་གཅིག་གྱུར་རྒྱལ་བའི་ཐུགས་ཀར་ཕཊ༔་་་ ཕུར་བ་ཚུར་དྲིལ་བས་རྩེ་གནམ་ལ་བསྟན། བསྒྲལ་བ་དངོས་ནི་ཆུ་སྲིན་རྣམ་གྲོལ་གྱི༔ ཕྱག་རྒྱས་ལས་ཕུར་བླངས་ལ་འདི་སྐད་དོ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྟེ༔ མི་བཟད་འཇིགས་གཟུགས་མེ་ཡི་ཚྭ་ཚྭ་འཕྲོ༔ སྐུ་སྟོད་ཁྲོ་བོའི་གཟུགས་ཀྱིས་གནམ་ས་ཁེངས༔ ཕྱག་ན་གནམ་ལྕགས་འབར་བའི་ཕུར་བ་འདྲིལ༔ སྐུ་སྨད་ཡེ་ཤེས་ཕུར་བུའི་དབལ་དང་ལྡན༔ ཟུར་གསུམ་ནམ་མཁའི་མཐོང་ནས་འདྲིལ་ཞིང་འདེབས༔ དྲག་པོར་གྱུར་པའི་མཐུ་ལྡན་ཕུར་བ་འདིས༔ བཏབ་པ་ཙམ་གྱིས་ལྷ་ཡང་བརླག་གྱུར་ན༔ གནོད་བྱེད་དགྲ་དང་བགེགས་ལ་སྨོས་ཅི་དགོས༔ གཟིར་བ་ཙམ་གྱིས་མ་རུངས་རྡུལ་དུ་བརླག༔ ཧཱུྃ༔ ང་ནི་དཔལ་ཆེན་བཛྲ་ཀུ་མ་ར༔ ཕྱག་མཚན་གནམ་ལྕགས་འབར་བའི་ཕུར་བ་འདི༔ མགོ་བོ་རྒྱ་མདུད་དབྱིངས་ནས་འབྲུག་སྟོང་ལྡིར༔ རྐེད་པ་ཆངས་ཟུང་མཚམས་ནས་གློག་སྟོང་འཁྱུགས༔ རྩ་བ་ཆུ་སྲིན་ཁ་ནས་སྦྲུལ་ནག་སྐྱུགས༔ དབལ་གསུམ་རྩེ་ནས་མཚོན་ཆའི་ཚྭ་ཚྭ་འཕྲོ༔ འགྲན་ཟླ་མེད་དོ་བཛྲ་ཀཱི་ལ་ཡ༔ གནོད་བྱེད་དགྲ་བགེགས་འབྱུང་པོའི་སྟེང་དུ་གཟིར༔ གཉིས་འཛིན་འཁྲུལ་སྣང་བག་ཆགས་མཱ་ར་ཡ༔ ཁམས་གསུམ་རིགས་དྲུག་འཁོར་བའི་རྒྱུན་ལམ་གཅོད༔ མཉམ་ཉིད་རང་གྲོལ་ཆོས་ཀྱི་དབྱིངས་སུ་བསྔོ༔ བསྒྲལ་བྱ་སྒྲོལ་བྱེད་ང་བདག་ཀ་ནས་དག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ སརྦ་བིག་ནཱན་བྃ་ཧཱུྃ་ཕཊ༔ བཛྲ་སརྦ་དུཥྚཱཾ་ཏྲིག་ནན་ཆེ་གེ་ནྲྀ་ཧུར་ཐུཾ་ཛ༔ མཱ་ར་ཡ་ཛ༔ དེ་ནས་ཕུང་པོ་དུམ་བུར་གཏུབ་པ་ནི༔ ཧཱུྃ༔ གནོད་བྱེད་དགེ་བགེགས་རུ་དྲ་བདུད་དཔུང་ལ༔ འབར་བའི་མཚོན་ཆ་ལྔ་ཡི་ཆར་ཕབ་པས༔ འཇོམས་བྱེད་ཐོ་བ་གཅོད་བྱེད་རལ་གྲི་དང་༔ བརྡུངས་པའི་དབྱུག་ཏོ་འགུགས་པའི་ལྕགས་ཀྱུ་དང་༔ གཅོད་པའི་སྟ་རེ་ལྔ་ལ་སོགས་པ་ཡིས༔ བསམ་པའི་སྙིང་ལ་ཕོག་ན་དུམ་བུར་གཏོང་༔ སྡུག་པའི་ལུས་ལ་ཕོག་ན་ཕྱེ་མ་བརྒྱ༔ སྨྲ་བའི་ལྕེ་ལ་ཕོག་ན་ལྐུགས་སུ་བཅུག༔ གཟུགས་ཕུང་རྣམ་ཤེས་གཞོབ་ཏུ་བསྲེགས་ནས་ཀྱང་༔ རྡུལ་ཕྲན་བཞིན་དུ་ཕྱེ་མར་བརླག་པར་གྱིས༔ རྡུལ་ཕྲན་རྡུལ་ཕྲན༔ ཕྱེ་མ་ཕྱེ་མ༔ དུམ་བུ་དུམ་བུ༔ ཤག་ཤག༔ མཱ་ར་ཡ༔ ཚལ་བ་ཚལ་བ་རྦད༔ ཨོཾ་བཛྲ་ཏཱིཀྞ་ཁ་ཐཾ༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ༔ པདྨ་ཀྲོ་དྷཱི་ཤྭ་རི༔ བཛྲ་ཀཱི་ལི་ཀཱི་ལ་ཡ༔ མ་ཧཱ་ཡཀྵ༔ ཀཱ ལ་རཱུ་པ༔ ཀརྨ་རཾ་རཾ༔ ཛྭ་ལ་རཾ༔ གནོད་བྱེད་གདོན་བགེགས་འབྱུང་པོའི་སྙིང་ལ་དུཥྚཱཾ་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ དེ་ནས་དགྲ་བགེགས་ཤ་ཁྲག་རུས་པ་རྣམས༔ བདུད་རྩིར་བྱིན་གྱིས་བརླབས་ནས་བསྟབ་པ་ནི༔ ཧཱུྃ༔ རྡོ་རྗེ་ཕུར་བའི་ལྷ་ཚོགས་ཞལ་ཕྱེས་ཤིག༔ གནམ་སའི་ཞལ་གདངས་གངས་རིའི་མཆེ་བ་གཙིགས༔ བར་སྣང་ལྗགས་བརྐྱངས་སྟོང་གསུམ་མིད་པ་རུ༔ བསྟབ་པོ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ ཉོན་མོངས་དུག་གསུམ་བླ་མེད་མཆོད་པ་འདི༔ གསོལ་ལོ་ལྷག་མ་ལུས་དགྱེས་པར་རོལ༔ བཞེས་ནས་བདག་ཅག་གཡར་དམ་སོར་ཆུད་ཅིག༔ ཐུགས་དམ་བསྐངས་ནས་འདོད་པའི་དངོས་གྲུབ་སྩོལ༔ འགལ་རྐྱེན་མི་མཐུན་བར་ཆད་བཟློག་ཏུ་གསོལ༔ དགྲ་བགེགས་རྣམ་ཤེས་ཧེ་རུ་ཀ་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་དྷཱི་ཤྭ་རི་སྟྭཾ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཱན་བྃ་ཧཱུྃ་ཕཊ༔ ཨོཾ་གུ་ཧྱ་ཛྙཱ་ན་ཧེ་རུ་ཀ་གུ་ཧྱ་ཛྙཱ་ན་ཀྲོ་དྷཱི་ཤྭ་རི་སྟྭཾ༔ མ་མ་ཡོ་གི་ནཱི་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཨོཾ་བཛྲ་མ་ཧཱ་གུ་རུ་སརྦ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཙཎྜ་སརྦ་དུཥྚཱཾ་ཧཱུྃ་ཕཊ༔ ཨོཾ་བཛྲ་སརྦ་དུཥྚཱཾ་ཨེ་ཛ༔བྷྱོ་ཧཱུྃ་ཕཊ༔ ཁྲོ་བ་རུ་ཌ་ཧཱུྃ་ཕཊ༔ སརྦ་དྷཱ་ཀི་ནཱི་ས་མ་ཡ་ཧྲཱིང་ཧྲཱིང་ཧཱུྃ་ཕཊ༔ མ་ཧཱ་མཱཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི༔ མ་ཧཱ་ག་ཎ་ཙཀྲ་པཱུ་ཙ་ཁཱ་ཧི༔ ཨི་དཾ་བལིཾ་ཏ་ཁཱ་ཧི༔ སརྦ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧི༔ རྫོགས་པའི་བྱང་ཆུབ་སྒྲུབ་པ་ལ། །ཕྱི་དང་ནང་གི་འཚེ་བ་ཡི། །བར་ཏུ་གཅོད་པ་ཐམས་ཅད་ཀུན། །ཉེ་བར་ཞི་བར་མཛད་དུ་གསོལ། ། གཏོར་འགུགས་བཅས། ཆད་ཐོའི་གཏོར་མ་ཟོར་ཏུ་འཕང་། བསྟན་མ་སྐྱོང་། བྲོ་མནན། ཚེ་འགུགས། མཆོད་བསྟོད། ནོངས་བཤགས། བརྟན་བཞུགས། གཤེགས་གསོལ། བཀྲ་ཤིས། བསྔོ་སྨོན་ཀྱིས་མཐའ་བརྒྱན་པར་བྱའོ། །ངེས་དོན་ཕུར་བའི་སྨད་ལས་རྫོགས་སོ། །མངྒ་ལམ།


previousཕུར་བའི་སྨད་ལས་བསྡུས་པ། next