Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད།
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད། next

སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད།

༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ

༈ སྣང་སེམས་དབང་སྡུད་བླ་མ་དྲག་པོའི་དམིགས་པ་ནིཿ

ན་མོ་ཨརྻཱ་ཏཱ་ར་ཡེཿ དབང་སྡུད་ཀུན་གྱི་རྩ་བ་ནིཿ སྣང་སེམས་དབང་དུ་སྡུད་ལ་ཐུགཿ དེ་ལ་རྣམ་པ་མང་ཡོད་པ་ལསཿ བླ་མ་མཁའ་འགྲོ་དབྱེར་མེད་པཿ སྒྲུབ་པས་བར་ཆད་ཉུང་བ་དང་ཿ བྱིན་རླབས་མྱུར་དུ་འཇུག་པ་ཡིཿ བླ་དཔའ་བོ་རྟ་མཆོག་དཔལཿ ཟུང་འཇུག་སྒྲུབ་པའི་ཐབས་འདི་བསྟནཿ ཧྲཱིཿ རང་ཉིད་སྒྲོལ་མ་འོད་དུ་ཞུ་བ་ལསཿ ཧྲཱིཿཡིག་ཡོངས་གྱུར་དབང་མཛད་རིག་བྱེད་མཿ པདྨ་ཉི་མ་འབར་བའི་བམ་གདན་སྟེང་ཿ དམར་མོ་ཞལ་གཅིག་ཕྱག་བཞི་ཁྲོ་ཆགས་ཉམསཿ དང་པོའི་ཕྱག་གཉིས་མདའ་གཞུ་འགེང་ཞིང་འཕེནཿ འོག་མའི་གཡས་ཀྱི་ལྕགས་ཀྱུ་གཡོན་ཞགས་པཿ རུས་པའི་རྒྱན་ལྔ་སྟག་གི་ཤམ་ཤབས་གསོལཿ ཧྲཱིཾ་གི་སྒྲ་སྒྲོག་ཁམས་གསུམ་དབང་དུ་བྱེདཿ མདུན་གྱི་ནམ་མཁར་མེ་དཔུང་འཇའ་འོད་ཀློང་ཿ རྒྱལ་ཀུན་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཆེཿ གཅིག་འདུས་དཔལ་ལྡན་རྩ་བའི་བླ་མ་ནིཿ སྙིགས་དུས་དམུ་རྒོད་འདུལ་བའི་སྐུར་བཞེངས་པཿ སྣང་བ་མཐའ་ཡས་ཁྲོ་བོ་འཆོལ་བའི་གརཿ དབང་ཆེན་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་དམརཿ གཡས་པའི་གྲི་གུག་གཡོན་པ་ཐོད་ཁྲག་འཛིནཿ གར་དགུའི་ཉམས་ལྡན་དཔལ་གྱི་ཆས་བཅུ་གསོལཿ ཞབས་གཉིས་གཉིས་འཛིན་བམ་གྱི་གདན་ལ་བཞེངསཿ རང་གི་སྙིང་དབུས་ཧྲཱིཿམཐར་ཡི་གེ་བརྒྱདཿ དྲག་ཏུ་འཁོར་བའི་འོད་ཟེར་ཤངས་ནས་ཐོནཿ མདུན་གྱི་བླ་མའི་ཤངས་ལ་འུབ་ཀྱིས་ཞུགསཿ ཐུགས་གར་འཁོར་ཞིང་སླར་ཡང་རང་ལ་ཐིམཿ རྒྱལ་ཀུན་བྱིན་རླབས་ནུས་པའི་དབང་མཆོག་ཐོབཿ རྣམ་རྟོག་འཛིན་པའི་སྤྲིན་ཚོགས་དུམ་བུར་ཆདཿ གནས་ལུགས་དོན་གྱི་འཕགས་མའི་རང་ཞལ་མཇལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ དེ་ལྟར་རྩེ་གཅིག་བླ་མ་དང་ཿ འཕགས་མ་དབྱེར་མི་ཕྱེད་པ་ཡིཿ ལྟ་བའི་ཀློང་ནས་སྔགས་ཟླས་པསཿ རང་སེམས་དག་ཅིག་བརྟན་པར་འགྱུརཿ ཐུན་མཐརཿ སླར་ཡང་འཕགས་མའི་ཐུགས་ལས་འོད་འཕྲོས་པསཿ དམིགས་པའི་ཡུལ་ཀུན་རང་དབང་མེད་པར་བཀུགསཿ བདག་ལ་གུས་ཤིང་སྣང་བ་དགེ་ལ་བསྒྱུརཿ སྣང་གྲགས་རྟོགས་ཚོགས་འཕགས་མའི་སྐུ་གསུང་ཐུགསཿ ཀུན་གྱིས་སྔགས་སྒྲ་འབྲུག་སྟོང་གྲགས་ལྟར་སྒྲོགཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ ཞེས་བཟླས་སྐྱེ་བོ་ལྟ་ལོག་དང་ཿ འབྱུང་བོ་གནོད་པའི་སེམས་འཆང་བཿ ཀུན་ཀྱི་སྣང་བ་དབང་དུ་འདུསཿ གང་འདོད་གྲོགས་བྱེད་འཕྲིན་ལས་འགྲུབཿ ས་མཱ་ཡཿ རྒྱ་རྒྱ་རྒྱཿ ཨྠྀི འཕགས་མའི་ལས་ཚོགས་ལྔ་བའོཿ ཅེས་པའང་ཀཿཐོག་རིག་འཛིན་ཆེན་པོའི་གཏེར་ཆོས་འཕགས་མ་མི་མཐུན་ཀུན་སལ་གྱི་ལས་ཚོགས་ལས་ཁོལ་དུབྱུང་བའོ།།

༈ སྣང་བ་དབང་སྡུད་ཀྱི་རིལ་བུ་ནིཿ

ན་མོ་ཨརྻཱ་ཏཱ་ར་ཡེཿ རྒྱལ་བ་ཐུགས་རྗེ་ཆེན་པོ་ཡིསཿ མ་འོངས་སེམས་ཅན་གཡེངས་པ་ཅནཿ ལོག་པར་ལྟ་བས་རྒྱུད་དཀྲུགས་པའིཿ སྣང་སེམས་དབང་དུ་སྡུད་ཐབས་བསྟནཿ མཁའ་འགྲོ་སྤྱི་ཡི་དམ་རྫས་ནིཿ བདེ་ཆེན་རྟག་པའི་མེ་ཏོག་དང་ཿ ཚེ་རིང་བདེ་དང་ཡུན་དུ་འཚོཿ བདེ་བ་སྦྱིན་དང་འདུ་འབྲལ་མེདཿ སྨྱོན་པ་འདུལ་དང་འགྲོ་བ་སྡུདཿ དགའ་བ་ཆེ་དང་ལོ་བརྒྱར་གནསཿ དབང་དྲག་དཀྱིལ་འཁོར་ཞེས་བྱ་བཿ བྲམ་ཟེ་རྣམ་ཀྱི་གསང་བའི་སྨནཿ སྔགས་ནས་སྦས་པར་གདམས་པ་སྟེཿ ཁ་དོག་དཀར་མར་མཐིང་ག་སོགསཿ མ་ངེས་པ་འབྱུང་ཁྲ་བོ་ཡང་སྲིདཿ སྡོང་བུ་རིང་ཐུང་མ་ངེས་པཿ ལོ་མ་མཁའ་འགྲོའི་སྐྲ་དང་ལ་མཚུངསཿ འདབ་དྲུག་ཆོས་འབྱུང་ཚུལ་དུ་ཡོདཿ གསང་རྩ་མཐོ་གང་ཙམ་པ་སྲིདཿ བྱང་སེམས་དཀར་དམར་རྒྱུན་དུ་འཛགསཿ འདབ་ནང་མཚན་མའི་དབྱིབས་དང་འདྲཿ ཆགས་ལྡན་བལྟས་པས་ཁུ་བ་འཆོརཿ རང་གི་ནུས་པས་དུག་སེལ་ཞིང་ཿ གློ་ནད་ཚ་བའི་ནད་རིགས་མ་ལུས་སེལཿ རོ་ཙཱ་གསོ་ཞིང་བདེ་བ་རྒྱསཿ གདོན་དང་རྒྱལ་པོའི་གནོད་པ་འཇོམསཿ ཡོན་ཏན་བརྗོད་མི་ཤེས་པ་ཡོདཿ དམ་ཚིག་རྫས་སུ་འཆང་ཙམ་གྱིསཿ མི་མིན་འབྱུང་བོའི་གནོད་པ་སེལཿ ཤིན་ཏུ་རྙེད་དཀའི་སྨན་མཆོག་དེཿ ཀླུ་དང་མཁའ་འགྲོ་འདུ་སར་སྐྱེཿ ཚུལ་བཞིན་བཏུས་ནས་སྦྱར་བ་ནིཿ རྣལ་འབྱོར་ཀུན་གྱིས་གཅེས་པར་ཟུངསཿ གངས་ཅན་ལྗོངས་འདིར་ཆེས་དཀོན་པསཿ མེད་ན་ཨུཏྤལ་ཚབ་ཏུ་རུངཿ དེ་ནི་ཕག་མོ་རིག་བྱེད་མཿ སྒྲོལ་མའི་དབང་རིལ་རྩ་བ་ཡིནཿ གཙོ་བོ་སྦྱོར་སྡེ་ཉི་ཤུ་གཅིགཿ འབད་པའི་བཙལ་ཏེ་བསྒྲིགས་དགོས་པཿ ༡མཁའ་འགྲོ་དགྱེས་པའི་རྫས་གསུམ་དངཿ ༢སྟོབས་རྩལ་རྒྱས་པའི་བཅུད་གསུམ་དང་ཿ ༣འགུགས་པར་བྱེད་པའི་ལྕགས་ཀྱུ་གསུམཿ ༤འབིགས་པར་བྱེད་པའི་མདའ་གསུམ་ལཿ ༥ཆགས་པར་བྱེད་པའི་རྟེན་གསུམ་སྦྱརཿ ༦སྣང་བ་དབང་སྡུད་རྫས་གསུམ་དང་ཿ ༧ཐུགས་དམ་བསྐུལ་བའི་སྨན་གསུམ་དང་ཿ ཡིད་བསྒྱུར་རྫས་མཆོག་རྙེད་ཚད་སྦྱརཿ དེས་ནི་གཞན་སེམས་དབང་དུ་སྡུདཿ མཁའ་འགྲོ་དགྱེས་པའི་རྫས་གསུམ་ནིཿ གསང་བའི་འདབས་མ་ཨུཏྤལ་དམརཿ ཆོས་ཀྱི་འབྱུང་གནས་འུག་ཆོས་ལཿ དབྱིངས་ཕྱུག་ལྕེ་ལྡན་གླང་སྣ་སྦྱརཿ སྟོབས་རྩལ་རྒྱས་པའི་བཅུད་གསུམ་ནིཿ བྱང་སེམས་དཀར་པོ་ལུས་ཀྱི་བཅུདཿ ཅུ་གང་འབྱུང་བ་ས་ཡི་བཅུདཿ ག་བུར་བསུང་ཞིམ་དྲི་ཡི་བཅུདཿ འགུགས་བྱེད་ལྕགས་ཀྱུ་རྣམ་གསུམ་ནིཿ པདྨ་རཀྟས་རྣམ་ཤེས་འགུགསཿ སིནྡྷུ་ར་ཡིས་དྭངས་བཅུད་འགུགསཿ མཚལ་ཆེན་དམར་པོས་གཟུགས་བཅུད་འགུགསཿ འབིག་བྱེད་མདའ་མོ་རྣམ་གསུམ་ནིཿ གླ་རྩི་བཟང་པོས་ཀླུ་གདོན་འབིགཿ སྲོ་ལོ་དམར་པོས་ཤ་ཁམས་འབིགཿ གུར་གུམ་བཟང་པོས་ཁྲག་ཁམས་འབིགཿ ཆགས་པར་བྱེད་པའི་རྟེན་གསུམ་ནིཿ བྱུ་རུར་མི་ཡི་བླ་ཆགས་རྟེནཿ མ་ནུ་ལྷ་འདྲེའི་བླ་རྟེན་ཡིནཿ པདྨ་རཱ་ག་མཁའ་འགྲོའི་རྟེནཿ སྣང་བ་དབང་སྡུད་རྫས་གསུམ་ནིཿ རྨ་བྱས་མི་ཆེན་སྣང་བ་འགུགསཿ ལི་ཁྲིས་བུད་མེད་སྣང་བ་འགུགསཿ བཙག་གིས་སྐྱེས་པའི་སྣང་བ་འགུགསཿ ཐུགས་དམ་བསྐུལ་བའི་སྨན་གསུམ་ནིཿ ཙནྡན་དཀར་པོས་དཔའ་བོ་བསྐུལཿ དམར་པོས་དཔའ་མོ་བསྐུལ་བར་བྱེདཿ འབྲུ་མོག་དམ་ཅན་བསྐུལ་བྱེད་ཡིནཿ དེ་རྩ་བའི་རྫས་མཆོག་རྣམ་ཉི་ཤུ་གཅིགཿ ལས་སྦྱོར་ཡང་ནི་དེས་གྲངས་ཡོདཿ རྫས་རྣམས་དུམ་བུ་གསུམ་བགོས་པའིཿ དང་པོ་དག་ནི་མཚོན་ཙམ་ལཿ གཉིས་པ་ཆ་གཉིས་གསུམ་པ་ཕྱེདཿ ཕྱེད་ཙམ་ཁ་བསྐོང་རྫས་སུ་བཞགཿ ཁ་སྐོང་ཨ་བར་སྐྱུ་རུ་གསུམཿ ལི་ཤི་ཛ་ཏི་ག་གོ་ལཿ སྡོང་རོས་རྡོ་དྲེག་ཤིར་ཤིང་དམརཿ གོརྵི་ཥ་དང་ལུག་རུ་དམརཿ སེ་རྒོད་ཉེ་ཤིང་ར་མོ་ཤགཿ སྙ་ལོ་གྲོ་མ་རྒྱ་སྐྱེག་དངཿ རྒུན་འབྲུམ་སྲན་དམར་ཤིག་པ་དམརཿ བྲག་ཞུན་མབ་བུ་སེང་སྡིང་དམརཿ ཁྱད་པར་མཛོ་མོ་ཤིང་ལྕམ་པཿ འཛོམས་ན་དགོས་པའི་མཆོག་ཡིན་ནོཿ གཞན་དག་ཅི་འབྱོར་བྱས་པའི་ཆོགཿ ཆང་གི་ཕབ་རྩི་བཏབ་པ་ལཿ ག་ར་སྦྲང་རྩིས་རིལ་བུ་དྲིལཿ ཆེ་ཆུང་ཡུང་དཀར་སྲན་རིལ་དང་ཿ ཕྱེ་མ་ལ་སོགས་གང་འོས་དུསཿ བསྟུན་ནས་ཚད་ལྡན་སྒྲུབ་པ་གནདཿ ༧དབང་བདུད་ཀྱི་ལྷ་སྤྱི་དང་པདྨའི་རིགས་ལ་རྫས་འདི་དག་གོཿ ལྷ་གཞན་གྱི་སྒོ་ནས་བསྒྲུབ་ན་དེ་དང་དེའི་སྔགས་གཙོ་བོར་བཟླཿ རང་གཞུང་སྒྲོལ་མ་ལ་ནི་རྩ་བའི་ལས་བྱང་གིས་གཞུང་བསྲིང་ཿ སྒྲོལ་མའི་རང་སྔགས་ལ་སྭཱ་ཧཱ་དོར་བའི་འགུགས་སྔགས་བཅས་ཐོག་མ་ཉིད་ནས་སྦྲེལ་བར་བཟླསཿ དམ་རྩིའི་སྤྱིའི་ཕབ་གཏའ་ཤ་ཆེན་ལ་སྔགས་འབུམ་བཏབཿ དེ་ནས་བདུད་རྩི་རེ་རེ་ལ་སྔགས་ཁྲི་རེཿ རྩ་བའི་རྫས་རྣམས་ལ་དེ་བཞིནཿ ཁ་སྐོང་རྣམས་ལ་སྟོང་རེ་ཿ བདུད་རྩི་སོགས་རྩ་བའི་རྫས་མིན་ཀྱང་ཡོད་ན་དགེའོཿ རྫས་རྣམས་ཚུལ་བཞིན་སྦྱར་ཚར་བ་དང་གཙང་བར་སྟེགས་སུ་བཞུགས་སུ་གསོལ་ལ་རབ་ལོཿ འབྲིང་ཟླ་གཅིག་གམ་ཞག་ཉེར་གཅིགཿ ཐ་མ་བདུན་ཕྲག་གཅིག་ནས་ཉིན་གསུམ་ལས་མི་ཉུང་བར་ཉིན་ཞག་བར་མ་ཆད་དུ་སྔགས་དབྱངས་སུ་གྱེར་བས་སྒྲུབཿ དམ་ཚིག་མ་ཉམས་པ་གཙོ་ཆེ་པས་གནད་དུ་ཟུངས་ཤིགཿ ༧འདི་ནི་སྒྲོལ་མ་དམར་མོ་རིག་བྱེད་མཿ ཕག་མོ་ལ་མཁའ་ལ་སྤྱོད་པ་རྟ་མགྲིན་དང་ཿ པདྨ་རྒྱལ་པོ་གསང་བ་ཡེ་ཤེས་མཿ ཁྲོ་ཆེན་འདོད་རྒྱལ་བཅས་པའི་དབང་སྡུད་ཀྱིཿ རིལ་བུ་རུང་ཀྱང་སྒོས་ཀྱི་དམ་ཚིག་རྫསཿ འཛོམས་ན་ཁྱད་པར་འཕགས་པ་ཉིད་དུ་འགྱུརཿ ལྷ་ལ་ཕུལ་ན་དགྱེས་པ་བསྐྱེད་པའི་རྫསཿ བགེགས་ལ་གཏོར་ན་ཕྱེ་བར་འཐོར་བའི་ཐུནཿ ལུས་ལ་བཅིངས་པས་བྱད་མ་འབུམ་ཐུབ་ཅིངཿ ཁོང་དུ་བཏང་བའི་ནད་སེལ་ཉམས་རྟོགས་རྒྱསཿ དཔྲལ་བར་བྱུགས་པས་གཞན་སེམས་དབང་དུ་བྱེདཿ ལས་སྦྱོར་མཁས་པས་གང་ལ་དམིགས་པ་འགྲུབཿ ཁྱད་པར་སྙོམས་འཇུག་བདེ་བར་རོལ་བ་འམཿ ཉི་ཟླ་དགྲ་གཅན་འཕྲད་པའི་དུས་དག་ཏུཿ དམིགས་པའི་ཏིང་འཛིན་བཟླས་པའི་ནུས་མཐུ་ཡིསཿ གསང་བའི་རྩ་འབྱེད་སྣང་བ་དབང་དུ་སྡུདཿ ཤེས་རབ་ཀློང་རྡོལ་ངག་གི་བདེན་ཚིག་གྲུབཿ ལྷ་མི་ཀུན་གྱིས་བཀུར་ཞིང་འགྲོ་དོན་འགྲུབཿ མཆོག་ཐུན་དངོས་གྲུབ་ཐོབ་པོ་ས་མ་ཡཿ འདི་ཡང་བྱུང་རྒྱལ་ནམ་མཁའི་རྣལ་འབྱོར་བཿ ཚེ་དབང་ནོར་བུ་སྐད་དེས་ཟངས་ཤོག་ནསཿ སྙིགས་མའི་འགལ་འཁྲུགས་སེལ་ཕྱིར་དག་པར་ཕབཿ འདི་ཉིད་འཕགས་མའི་ལས་ཚོགས་བརྒྱ་རྩ་ཡིཿ སྙིང་པོ་སྐོར་བདུན་ནང་གི་གསུམ་པ་ཡིནཿ རྒྱ་རྒྱ་རྒྱཿ ཁ་ཐམཿ གསང་བར་བྱཿ ལས་ཚོགས་བཅོ་ལྔ་པ་རྫོགས་སོཿ

༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ

ཁམས་གསུམ་དབང་སྡུད་འཁོར་ལོ་ནིཿ

ན་མོ་ཨཪྻཱ་ཏཱ་ར་ཡེཿ ཁམས་གསུམ་དབང་སྡུད་ཙཀྲ་ནིཿ རྫས་དང་འབྲི་ཐབས་རབ་གནས་དང་ཿ འཆང་བའི་ཐབས་དང་ཕན་ཡོན་ཏེཿ རྣམ་པ་ལྔ་ཡིས་ལེགས་པར་བསྟནཿ དང་པོ་རྫས་བསྡུ་ཐབས་བསྟན་པ་ནིཿ གཞི་མ་རེས་མའི་འདོམ་དཀྲིས་སྟེཿ ཕོ་བརྒྱར་ཉལ་པོ་བྱས་པ་ཡིཿ གྲགས་པ་ལྡན་པའི་དགའ་བྱེད་མའིཿ དྲི་མ་དྲོད་དང་བཅས་པ་མཆོགཿ ཡང་ན་མཚན་ལྡན་བུད་མེད་ཀྱིཿ འདོམ་དཀྲིས་དྲི་དང་བཅས་པ་སྟེཿ བསྐུས་དང་འཕྲོག་པ་མ་ཡིན་པཿ གླ་བརྔན་སྦྱིན་ནས་ཉོས་པའམཿ དགའ་མགུ་དང་བཅས་སྤྲད་པ་དགོསཿ དེ་ཡང་དམ་ཉམས་ལག་མ་འགྲིམཿ སྨྱུག་རུམ་སོགས་ཀྱིས་མ་འགོམ་པཿ མེ་ཆུ་གཉིས་ཀྱིས་མ་བྲན་པཿ སྔགས་པ་བྲམ་ཟེའི་མ་མཐོང་བཿ སྐྱེ་བོ་གཞན་གྱི་མ་ཐོས་པཿ དགུང་མོ་དབང་གི་དུས་དག་ཏུཿ གསང་ཐབས་སྒོ་ནས་སྤྲད་པ་ལེགསཿ དེ་དག་ཐམས་ཅད་མ་འབྱོར་ནཿ ཁ་དོག་ལི་དང་དམར་བ་ཡིཿ རས་གཞི་གཙང་མ་གཟུགས་བཟང་མསཿ ལག་པས་རེག་པའང་རུང་ཙམ་མོཿ བྱུགས་རྫས་བྱང་སེམས་དཀར་དམར་ལཿ བཟང་དྲུག་ཤིང་ཚྭ་ཧོང་ལེན་དངཿ གི་ཝཾ་བཙག་དང་སིནྡྷུ་རཿ ཧ་ལོ་ཨུག་ཆོས་ཨུཏྤལ་དམརཿ སྟག་པ་བ་ལུ་སྤེན་མ་དང་ཿ ཙནྡན་དཀར་དམར་མཁན་པ་དམརཿ སེང་ལྡེང་འབྲུ་མོག་བྷོ་དྷི་ཙིཿ ཉལ་སའི་རྡུལ་དང་རེས་མའི་སྐྲཿ བཅུ་དྲུག་རཀྟ་དར་མའི་བཅུདཿ ལོ་བརྒྱད་དྲི་ཆུ་ཕྱོན་མའི་ཆབཿ ཡུ་མོའི་ཚིལ་དང་གླ་བོའི་རྟགསཿ ཁྱད་པར་གསང་བའི་རྫས་གསུམ་ནིཿ མཐུན་གཉིས་བདུད་རྩི་སེངྒེའི་ལྕེཿ མཚན་མོའི་ཁྱུ་མཆོག་བདུད་རྩི་ཆེཿ སྦྱངས་དང་བྱིན་རླབས་ཚད་ལྡན་གཅེསཿ འདི་ལ་བྱིན་རླབས་མི་ལྡན་ནཿ ནད་དང་གྲིབ་ཀྱིས་གནོད་ཀྱང་སྲིདཿ གོང་བསྙེན་ལག་ལེན་མ་ཤེས་ནཿ རང་དབང་གཞན་ལ་ཤོར་ལས་ཆེཿ

༈ གཉིས་པ་འབྲི་ཐབས་བསྟན་པ་ནིཿ སྐར་མ་རྒྱལ་ཕུར་འཛོམས་པའམཿ ཚེས་གཟའ་ཉི་མར་འཕྲོད་པའམཿ མེ་རླུང་འཕྲོད་སྦྱོར་དགེ་བའམཿ མིན་ཀྱང་ཚེས་གཅིག་ཉི་ཤར་ལཿ རས་གཞི་རེས་མའམ་བཅུ་དྲུག་མསཿ ལེགས་པར་བཏུལ་བའི་ངོས་དག་ཏུཿ བྱང་སེམས་དཀར་དམར་ཁེབས་པར་བྱུགསཿ རབ་གསེར་འབྲང་དངུལ་ཐ་མ་མཚལཿ ཚོན་ལ་དབང་རྫས་དབྱེར་མེད་བསྲེསཿ རང་སྔགས་འབུམ་གྱིས་ངར་ཡང་བཏགསཿ མུ་འཁྱུད་རིམ་པ་བཅུ་གསུམ་ལཿ དབང་གི་ལྷ་མོའི་ལྷ་ཚོགས་ཀྱིཿ གསང་སྔགས་ཚེགས་སྤང་གཞུང་བཞིན་བྱཿ མུ་འཁྱུད་གོ་རིམ་འདི་ལྟར་བསྟནཿ ༡མུ་འཁྱུད་དང་པོའི་ནངཿ ཆོས་འབྱུང་ཟུར་གསུམ་པའི་འཕགས་མའི་སྐུའམ་ཏཱཾཿའབྲིཿ རྩིབས་ཀྱི་ཟླ་གམ་གསུམ་ལ་རིགས་བདག་སྣང་བ་མཐའ་ཡས་ཀྱི་སྙིང་པོཿ ཨཾ་ཨ་རོ་ལིཀཿ རེ་རེ་འབྲིཿ ༢མུ་འཁྱུད་གཉིས་པ་ལཿ སྒྲོལ་མའི་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་་སརྦ་ལོ་ཀ་ཝ་ཤཾ་ཀུ་ཡེ་ཧྲིཾ་ཛཿ ནྲྀ་ཨངྐུ་ཤ་ཡ་ཧཱུཾ་ཛཿ ༣མུ་འཁྱུད་གསུམ་པ་པདྨ་འདབ་བཞི་ལ་མཁའ་འགྲོ་བཞིའི་སྙིང་པོ་ཤར་ནས་བརྩམསཿ ཧ་རི་ནི་ས་བཛྲ་ཌཱཀྐི་ནི་ཧཱུཾ་ཛཿ ཧ་རི་ནི་ས་རཏྣ་ཌཱཀྐི་ནི་ཧཱུཾ་ཛཿ ཧ་རི་ནི་ས་པདྨ་ཌཱཀྐི་ནི་ཧཱུཾ་ཛཿ ཧ་རི་ནི་ས་ཀརྨ་ཌཱཀྐི་ནི་ཧཱུཾ་ཛཿསྔགས་རེ་རེའི་མཐར་ཁམས་གསུམ་སྐྱེ་དགུ་ཐམས་ཅད་འཆང་བ་པོའི་དབང་དུ་འདུ་བར་གྱུར་ཅིགཿ པདྨའི་བར་མཚམས་རྣམས་སུ་ཨོཾ་ཀུ་རུ་ཀུལླེ་ཧྲཱིཾ་ཛཿ ༤མུ་འཁྱུད་བཞི་པ་ལཿ འཕགས་མའི་དམ་བཅས་པའི་སྔགསཿ ན་མཿ་ཨཱརྻཱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡཿ མ་ཧཱ་ས་ཏྭཱ་ཡཿ མཧཱ་ཀ་རུ་ཎི་ཀ་ཡཿ ཏདྱ་ཐཱཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱནཿ པྲ་དུཥྚཱནཿ མ་མ་ཀྲྀ་ཏེཿ ཛཾ་བྷ་ཡཿ སྟཾ་བྷ་ཡཿ མོ་ཧ་ཡཿ བནྡྷ་ཡཿ སརྦ་དུཥྚཱན་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྲིད་པ་གསུམ་གྱི་ལྷ་འདྲེ་མི་གསུམ་དབང་དུ་སྡུས་ལ་ཟས་ནོར་ལོངས་སྤྱོད་ཆར་བཞིན་སྩོལ་ཅིགཿ ༥མུ་འཁྱུད་ལྔ་པདྨ་འདབ་བརྒྱད་ལ་དབང་གི་ལྷ་མོ་བརྒྱད་ཀྱི་སྙིང་པོ་ཤར་ནས་རིམ་པ་བཞིནཿ གོས་དཀར་མོའི་སྔགསཿ ཨོཾ་པཎྜར་བཱ་སི་ནི་བ་ར་དི་པཱཾ་སྭཱ་ཧཱཿ མ་དྷྭ་དྷཾ་གུ་རུ་ཙིཏྟ་ཧྲཱིཾ་ཧྲཱིཾཿབླ་མ་ཆེ་བཙུན་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ལ་བྱིན་རླབས་ཆར་ལྟར་དུ་སྩོལ་ཅིག་ཝ་ཤཾ་ཀུ་རུ་ཧོཿ ཕག་མོའི་སྔགསཿཨོཾ་ཧྲཱིཿཧཱུཾ་ཧཿ ཨོཾ་བཛྲ་ཝཱ་རཱ་ཧཱིཨ་བེ་ཤ་ཡ་སརྦ་དུཥྚཾ་ཧྲཱིཿསྭཱ་ཧཱཿ ས་གསུམ་གྱི་དཔའ་བོ་མཁའ་འགྲོ་གཟུགས་ཅན་གཟུགས་མེད་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཧོཿ དབྱངས་ཅན་དམར་མོའི་སྔགསཿ ཨོཾ་སྭ་ར་སྭ་སྟྱཻ་ཧྲཱིཾ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱཿ པཎ་ཆེན་མཁན་སློབ་དྲང་སྲོང་ཡོན་ཏན་ལྡན་པ་ཐམས་ཅད་འཆང་བ་པོའི་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཧོཿ རིག་བྱེད་མའི་སྔགསཿ ཨོཾ་ཧ་རི་ནི་ས་བཛྲ་ཌཱཀྐི་ནི་ཧཱུཾ་ཛཿཀུ་རུ་ཀུལླེ་ཧྲཱིཿཧཱུཾ་ཧཱུཾ་ཕཊ་ཨོཾ་ཨཱཿཧཱུཾ་ཧྲཾ་ཧྲི་ཧྲི་ཧ་རི་ནི་ས་ཧྲི་ཛཿ ཨ་ཀརྵ་ཡ་ཧཱུཾ་ཛཿ བ་སུ་ཝ་ཤཾ་ཀུ་རུ་ཨངྐུ་ཤ་ཧྲི་ཝ་ཤཾ་ཀུ་རུ་ཧཱུཾ་ཧཱུཾ་ཛཿཛཿརྒྱལ་བློན་བཙུན་མོ་ཆེ་དགུ་ཝ་ཤཾ་ཀུ་རུ་ཧོཿ ནོར་རྒྱུན་དམར་མོའི་སྔགསཿ ས་ཡ་བྷི་བྷིཿ བྷུ་ཊི་བྷུ་ཊྚཿ ཀ་མ་རཀྐི་མཿ སཱ་མ་བ་ཏིཿ སརྦ་ཝི་སི་ཏིཿ ཀུ་རུ་ཎི་རེཿ ག་རུཿསྲིད་པའི་ཁམས་ཀྱི་རྐང་འགྲོས་གསེར་དངུལ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝ་ཤཾ་ཀུ་རུ་ཧོཿ གསང་ཡེའི་སྔགསཿ ཨོཾ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱཿ ཆེ་བཙུན་སྲས་མོ་མཚན་ལྡན་རིགས་མ་བུད་མེད་མོ་རྒྱུད་ཐམས་ཅད་དབང་དུ་སྡུས་ལ་ཅི་བགོ་བའི་བཀའ་ལ་ཉན་པར་གྱིས་ཤིག་ཀཱ་མ་དེ་ཝ་ནི་རི་ཀྵ་ཡ་སྭཱ་ཧཱཿ ཡེ་ཤེས་མཚོ་རྒྱལ་སྔགསཿ ཨོཾ་པདྨོ་ཡོ་གི་ནི་ཛྙཱ་ན་ཌཱཀྐི་ཝཱ་ར་ཧཱི་ཧཱུཾཿ འཇིག་རྟེན་ཁམས་ཀྱི་འབྱུང་བ་བཞི་དང་ལྷ་དང་དྲང་སྲོང་རྣམས་ཀྱི་ཚེ་བཅུད་དབང་ཐངས་སྟོབས་དང་གཟི་བརྗིད་ཝ་ཤཾ་ཀུ་རུ་ཧོཿ ལྷ་མོ་ཏི་ནུ་ལའི་སྔགསཿ ཨོཾ་ཧ་ས་ཀ་ལ་ཧྲཱིཿ སརྦ་ཀ་མ་སིདྡྷི་ཧཱུཾ་ཛཿ སྲིད་པ་གསུམ་གྱི་ནོར་བདག་གནོན་བཞིན་ཕོ་མོ་རྣམས་ཀྱི་མཐུ་དང་ནུས་པ་རྣམ་ཤེས་ཐམས་ཅད་དབང་དུ་སྡུས་ཤིག་ཝ་ཤཾ་ཀུ་རུ་ཧོ སྔགས་ཐུང་རྣམས་ལ་ཛ་ཧཱུཾ་བཾ་ཧོཿདང་ཨོཾ་ཨཱཿ་ཧཱུཾ་ཧྲཱིཿ་ཁ་བསྐང་ཿ བར་མཚམས་རྣམས་སུ་འདོད་པའི་རྒྱལ་པོའི་སྙིང་པོ་ཨོཾ་ཊཀྐི་ཧཱུཾ་ཛཿ ༦མུ་འཁྱུད་དྲུག་པ་ལཿ མ་ཧ་རི་ནི་ས་ར་ཙ་ཧྲཱི་ཡ་འགུལ་འགུལཿ མ་མ་ཧྲིང་ཧྲིང་ཿ མ་མ་ཁ་ཤིཿ མི་སྙིང་སྒུལ་སྒུལཿ མི་འགྲམ་ཆོག་ཆོགཿ ཧྲིང་ཧྲིང་སྡུས་སྡུསཿ མ་མ་ཁ་ཤི་བཾ་སྭཱ་ཧཱཿ སྲིད་གསུམ་ཆེ་དགུ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་བདག་གི་དབང་དུ་འདུ་བར་མཛོད་ཅིགཿ ༧མུ་འཁྱུད་བདུན་པ་ལཿ སྤྱན་རས་གཟིགས་ཀྱི་སྙིང་པོ་ཨོཾ་ཨཱཿཧཱུཾ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུཾཿ རྟ་མགྲིན་སྔགསཿ ཨོཾ་ཧྲཱི་པདྨ་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཤ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊཿ འདོད་རྒྱལ་སྔགསཿ ཨོཾ་ཝ་ཤཾ་ཀུ་རུ་ཧོཿ ཨོཾ་ཀུ་སུ་མཿ མཱ་ལི་བྷི་ཧཱུཾ་ཛཿ ཁྲོས་མའི་སྔགསཿ ཨོཾ་བཛྲ་བྷ་ར་ཧེ་ཀྲོ་དྷཱི་ཀཱ་ལཱི་བཛྲ་ཌཱཀྐཱི་ནཱི་ཧ་རི་ནི་ས་བསྡུད་དུ་བསྡུད་དུ་མ་མ་ཀུན་ནེ་ཀུན་ནེ་ན་ཧཱུཾ་ཛཿ དབང་ཕྱུག་ཡབ་ཡུམ་སྔགསཿ ཨོཾ་མ་ཧཱ་དེ་བ་ཛཿ ཨོཾ་ཨུ་བ་དེ་བི་ཧྲཱིཿ ཚོགས་བདག་སྔགསཿ ཨོཾ་ཨཱཿགཿཧཱུཾ་སྭཱ་ཧཱཿ ནག་པོ་ཆེན་པོའི་འཕྲིན་ལསཿ ཨོཾ་ཧྲཱིཾ་ཧྲཱིཾ་ཧཱུཾ་ཕཊཿ སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧོཿ ཆུད་ན་སྤེལ་ཚིག་བཅས་པ་འབྲིཿ ༨ མུ་འཁྱུད་བརྒྱད་པ་ལཿཔདྨའི་ལྕགས་ཀྱུ་ཁ་ཕྱིར་བསྟན་པ་བཅུ་གཉིས་ཀྱི་ལྕགས་ཀྱུའི་རྩ་བར་ཏཱཾ་དང་རྩེ་མོའི་ནང་ལོག་ཏུ་མཐོ་རིས་གསུམ་དང་དྲེག་པ་སྡེ་བརྒྱད་ཐུན་མིན་གྱི་དམིགས་བྱའི་མིང་ཡིག་དང་པོ་བཅས་བཀོདཿ ལྷ་ལ་ཨཿ ལྷ་མིན་ལ་སུཾཿ མི་ལ་ཎིཿ གཤིན་རྗེ་ལ་ཡཿ མ་མོ་ལ་མཿ རྒྱལ་པོ་ལ་རཿ བཙན་ལ་ཙཿ བདུད་ལ་དུཿ དམུ་ལ་ཏྲིཿ ཀླུ་ལ་ནཱཿ གཟའ་ལ་ཏིཿདང་ཀྵཿཨེ་གང་རུངཿ མིང་ཡིག་དང་པོ་ནིཿ སྔགས་ལ་ཨོཾ་དང་ན་མོ་ཏདྱ་ཐཱ་སོགས་མགོ་རྒྱན་ཞེ་ས་བཅས་དོར་བ་ལྟར་འདིར་དམིགས་བྱའི་ཡུལ་ཤྲཱི་ལྔ་ལྡན་ནཱ་ག་རའི་རྒྱལ་ཁབ་ལྟ་བུ་ཡིན་ན་ན་དང་ཿ གངས་ཅན་བོད་ལྟ་བུར་བ་དང་ཿ ས་དབང་བཀྲ་ཤིས་རྒྱལ་པོ་ལ་བ་ཡིག་དང་ཿ ཁྲི་ལྕམ་པདྨ་བདེ་ཆེན་ལ་པ་ཡིག་སྟེ་འདུད་པའི་ཚིག་བཞག་ནས་མིང་དངོས་སོཿ རུས་ཡོད་པ་དཔེར་ན་གདོང་གི་སྟག་ཐར་རྒྱལ་མཚན་ལྟ་བུར་རུས་གདོང་དང་མིང་ཡིག་དང་པོ་ས་སྦྱར་བར་བྱའོཿ གསལ་བྱེད་བརྩེགས་པ་བློ་གྲོས་ལྟ་བུར་བ་ཡིག་དང་ཿ འཕུལ་ཅན་དགྲ་འདུལ་ལ་ད་ཡིག་དངཿ ཡེ་ཤེས་མཚོ་རྒྱལ་ལ་ཡ་ཡིག་ཡིན་ནོཿ ༩མུ་འཁྱུད་དགུ་པ་ལཿ དབྱངས་གསལ་ཚར་གང་ཆུདཿ ༡༠མུ་འཁྱུད་བཅུ་པ་ལ་རྟེན་སྙིང་གང་ཆུད་དམ་ཚར་གཅིག་གིས་ཀྱང་ཆོག་གོཿ ༡༡བཅུ་གཅིག་པར་ཆུ་ཡི་དཀྱིལ་འཁོར་འཁྱིལ་བའི་ནང་དུ་ཁཾ་གིས་མཚན་པཿ ༡༢མུ་འཁྱུད་བཅུ་གཉིས་པར་རླུང་གི་དཀྱིལ་འཁོར་འཚུབས་མའི་སྙིང་པོར་ཡཾ་གིས་མཚན་པཿ ༡༣མུ་འཁྱུད་བཅུ་གསུམ་པར་མེ་ཡི་དཀྱིལ་འཁོར་འབར་བའི་རྩ་བར་རཾ་གྱིས་མཚན་པའོཿ སྔགས་ཀྱི་གོ་རིམ་འཁྲུགས་པ་དང་ཿ མགོ་བོ་དོར་དང་མཇུག་མ་བསྒྱུརཿ མཐོང་བརྒྱུད་མན་ངག་མི་ལྡན་ནཿ དམ་ཅན་སྲུང་མས་ཆད་པ་གཅོདཿ

༈ གསུམ་པ་རབ་ཏུ་གནས་ཐབས་ནིཿ སྲུང་འཁོར་ལེགས་པར་གྲུབ་པ་དངཿ ཚོན་ཆེན་ལྔ་ཡིས་བྲན་བྱས་ལཿ དཀྱིལ་འཁོར་ཆེན་པོའི་དབུས་སུ་བཀོདཿ བགེགས་བསྐྲད་ཁྲུས་དང་གཙང་སྦྲ་དང་ཿ ལྷ་བསྐྱེད་སྤྱན་འདྲེན་བརྟན་པར་གསོལཿ རབ་ཏུ་གནས་པའི་རྒྱུ་བཞི་དངཿ ལྡན་དགོས་ཁྱད་པར་བྱིན་འབེབས་གནདཿ ཞག་གསུམ་མཐའ་བརྟེན་བསྒྲུབ་པར་བྱཿ གྲོལ་ཚེ་ལྷ་ཚོགས་འཁོར་ལོར་བསྟིམསཿ དཀྱིལ་འཁོར་དམ་ཚིག་རྫས་སུ་མོསཿ བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབཿ རབ་གནས་མེད་པའི་སྲུང་འཁོར་ནིཿ ཤོག་ཁྲ་ཉིད་དང་ཁྱད་མེད་ཅིངཿ དྲག་སྔགས་མགོ་མཇུག་བསྒྱུར་བ་དངཿ འཇིག་འདས་སྟེང་འོག་བསྣོལ་བ་སོགསཿ དྲིལ་ཚགས་ལྷ་འཁྲུགས་འགྲོ་བའི་རྒྱུཿ དཔེ་སྣ་ངན་པས་སྔགས་པ་ཕུངསཿ དེ་ཕྱིར་རབ་གནས་ཚད་ལྡན་གཅེསཿ

༈ བཞི་བ་འཆང་ཐབས་བསྟན་པ་ནིཿ ལུས་ལ་བཅང་སྐབས་གོས་ཀྱིས་བཏུམཿ དཀྱིལ་འཁོར་ཉིད་དུ་ཤེས་བྱས་ཏེཿ གཞན་ལ་ལག་པས་རེག་མི་བཅུགཿ བཟའ་བཏུང་ཕུད་ཀྱིས་མཆོད་པར་དམིགསཿ རྒྱལ་མཚན་ལ་ནི་ནོར་བུར་བཅུགཿ ལས་བྱེད་ཉིད་དུ་ཤེས་བྱས་ཏེཿ འཁོར་གསུམ་མཁའ་འགྲོ་འབུམ་སྡེ་ཡིསཿ ཁམས་གསུམ་དབང་དུ་སྡུད་པར་དམིགསཿ བགེགས་འདུལ་ཕུར་བཏགས་ཁྲོ་བོར་བསམཿ གནོན་པའི་ཕྱོགས་སུ་ཡང་ཡང་གདབཿ ཕྱུགས་སླས་རྭར་བཅུག་སྲུང་མར་བསམཿ རྐང་འགྲོས་འཕེལ་བའི་ལས་བྱེད་བསམཿ ཁྱིམ་རྟེན་ཟངས་གྱི་ག་འུར་བཅུགཿ ཚེ་རབས་གཏན་གྱི་སྐྱབས་སུ་བསམཿ འགུགས་པར་ལྕགས་ཚན་ནང་དུ་བཅུགཿ འོད་ཀྱིས་རྣམ་ཤེས་འགུགས་པར་བསམཿ སྲིད་སྤེལ་སྲེ་མོང་རྒྱུ་མར་བཅུགཿ བུ་མོའི་རྐེད་པར་འདོག་པར་བྱཿ དབང་ཐང་བསྐྱེད་པར་གཙུག་ཏུ་བཅིངསཿ རིགས་ཀྱི་བདག་པོས་བཟུང་བར་བསམཿ གཡུལ་ལས་རྒྱལ་ལ་དཔུང་གཡས་འདོགསཿ ལྷ་ཚོགས་སྤྲིན་ལྟར་འཐིབ་པར་བསམཿ སྡིག་སྒྲིབ་དག་པར་མགུལ་པར་འདོགསཿ འོད་ཀྱིས་ཉེས་སྒྲིབ་དག་པར་བསྒོམསཿ རྟོགས་པར་སྤེལ་བར་སྙིང་གར་འདོགསཿ རྩ་གསུམ་བྱིན་རླབས་ཞུགས་པར་བསམཿ སྲིད་བརྟན་ཁྲི་རྒྱབ་རྒྱ་ཕུབ་ལཿ སྐྱབས་ཡུལ་གཟི་བརྗིད་འབར་བར་བསམཿ འབྱུང་བ་གང་བཟློག་རང་གཟུགས་སུཿ བཅུག་པས་ཕུན་ཚོགས་དཔལ་ལ་རོལཿ མདོར་ན་གང་དང་གང་ཡིན་ཡང་ཿ གསང་བར་བྱ་བ་གདམས་པའི་རྩེཿ

༈ ལྔ་བ་ཕན་ཡོན་བསྟན་པ་ནིཿ འདི་ཉིད་བཅངས་ཐབས་མཁས་པ་ནཿ དགོས་འདོད་ནོར་བུ་ཉིད་དང་མཚུངསཿ མི་འགྲུབ་བྱ་བ་ཡོད་མིན་ཏེཿ ནམ་མཁའ་འཇིག་པར་སྲིད་མོད་ཀྱང་ཿ རྫས་སྔགས་ནུས་པ་བསླུ་བ་མེདཿ ལས་ཀྱི་རྣམ་པར་སྨིན་པ་ནིཿ མ་གཏོགས་སོ་ཞེས་རྒྱལ་བཀར་གསུངསཿ གཞན་དག་རྒྱུ་རྐྱེན་ཚོགས་པ་ནཿ འབྲས་བུ་འབྱུང་བ་ཆོས་ཉིད་ཡིནཿ གསང་སྔགས་སྲོག་གནད་བསྡེབས་པ་ཡིཿ དབང་བསྡུད་འཁོར་ལོ་འདི་འདྲ་དཀོནཿ ནད་པས་བཅངས་ན་ནད་སེལ་ཞིངཿ གདོན་ཀྱི་ཚོགས་ཀྱི་གླག་མི་རྙེདཿ རྨི་ལམ་མཚན་ལྟས་ངན་པ་ཞིཿ གཟའ་སྐར་དུས་ཚོན་ངན་པ་ཐུབཿ སད་སེར་བཙའ་ཐན་ངན་པ་སེལཿ ལོ་ཉེས་བསྐལ་བ་ངན་པ་བཟློགཿ དམག་འཁྲུགས་ཁ་སྨྲས་རྩོད་པ་ཞིཿ ཟས་ནོར་ལོངས་སྤྱོད་ཐམས་ཅད་འདུཿ བུ་ཚ་རིགས་རྒྱུད་འཕེལ་བར་བྱེདཿ ཚེ་རིང་སེམས་ལ་རྟོགས་པ་རྒྱསཿ འཕགས་ཚོགས་དད་པས་སྟོབས་ཀྱི་འདུཿ རྒྱལ་པོ་བཙུན་མོ་སྲས་སྲས་མོཿ བློན་པོ་གཙོ་བོ་མི་ཆེན་རིགསཿ བུད་མེད་ཁྱེའུ་ལྷ་ལྷ་མོཿ མཚན་ལྡན་རིགས་མ་ལ་སོགས་པཿ ལས་སྨོན་སད་པས་དབང་དུ་འདུཿ ཕོ་འགུགས་མོ་འགུགས་མི་འགྲུབ་མེདཿ དཔའ་བོ་མཁའ་འགྲོ་དམ་ཅན་ཡང་ཿ དམ་ཚིགས་ལྡན་པས་དབང་དུ་འདུཿ ལྷ་སྲིན་སྡེ་བརྒྱད་ལ་སོགས་པཿ རྫས་སྔགས་སྟོབས་ཀྱིས་ཁྱི་ལྟར་འབྲངསཿ མི་མཐུན་དགྲ་དཔུང་གཞོམ་པ་ལཿ འདི་ཉིད་མཚོན་ཆ་འབར་བ་འདྲཿ བན་བོན་མུ་སྟེགས་ངན་སྔགས་ཀྱིཿ བྱད་མ་འབུམ་ཡང་ཕྱིར་བཟློག་བྱེདཿ ཁྱད་པར་མཐའ་དམག་དམ་སྲིའི་ཚོགསཿ འདི་ཡི་རིགས་པས་རྨོངས་བར་བྱེདཿ མི་མཐུན་ཕྱོགས་རྣམས་མ་ལུས་པཿ རྨུགས་བྱེད་རེངས་བྱེད་རྨོངས་པར་བྱེདཿ འཆིང་བྱེད་གནོན་བྱེད་གསོད་པར་བྱེདཿ ཐེ་ཚོམས་ཅན་ལ་གསང་སྔགས་ཀྱིཿ བྱིན་རླབས་མི་འབྱུང་རྒྱུད་ཀྱི་བཀའཿ འཕགས་མར་དད་པ་འགྱུར་མེད་དང་ཿ རྫས་སྔགས་ཏིང་འཛིན་ཚོགས་པ་ཡིསཿ ཨེ་བདེན་ལག་དུ་ལོང་དང་ཤེསཿ བསྐྱེད་རྫོགས་མང་པོ་མ་ཤེས་ཀྱངཿ རྫས་དང་སྲུང་འཁོར་ཕུན་ཚོགས་པཿ དད་པས་བརྟེན་ན་གང་ཟག་ལཿ མཆོག་དམན་མེད་པར་མྱུར་འགྲུབ་འགྱུརཿ རྫུན་པ་མེད་དོ་འཕགས་མའི་བཀའཿ འགྱུར་བ་མི་སྲིད་གུ་རུའི་ལུངཿ སྙིགས་མའི་བོད་འབངས་དད་ལྡན་ཀུནཿ དད་དང་དམ་ཚིག་མིག་ལྟར་སྲུངསཿ སྲུང་བ་ཐོགས་ལ་གསོལ་བ་ཐོབཿ མི་མཐུན་ཚོགས་རྣམས་ཞི་བར་འགྱུརཿ བོད་ཡུལ་རྒྱལ་བློན་རྟེན་འབྲེལ་ཚོགསཿ མི་མཐུན་འགལ་འཁྲུགས་ཕལ་ཆེར་སེལཿ དེ་སྐད་མན་ངག་རྨད་བྱུང་བཿ ཟངས་ཤོག་དམར་པོའི་ངོ་དེ་ལསཿ ཚེ་དབང་ནོར་བུས་ཕབ་ནས་སོངཿ གསང་བ་གཉེར་གཏད་ཐུབ་པར་གྱིསཿ འདི་ཉིད་འཕགས་མའི་ལས་ཚོགས་བརྒྱ་རྩ་ཡིཿ སྙིང་པོ་སྐོར་བདུན་ནང་གི་བཞི་པ་ཡིནཿ ས་མ་ཡཿ རྒྱ་རྒྱ་རྒྱཿ འདི་ཡི་མན་ངག་བསྒྲགས་གྱུར་ནཿ བྱིན་རླབས་ཉམས་པས་དམ་པར་གྱིསཿ ཨྠྀི ལས་ཚོགས་བཅུ་དྲུག་པ་རྫོགས་སོཿ རྒྱལ་དབང་ཀརྨ་པའི་ཕྱག་དཔེ་ལས་གནས་ནང་དཔའ་བོ་རིན་པོ་ཆེས་བཤུས་པ་དགེཿ


previousསྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད། next