Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ།
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ། next

འཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ།

༄༅། །འཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ་བཞུགས་སོ། །

༈ ས་མ་ཡ་རྒྱ་ཡ༔ ན་མཿཨཱ་ཪྻ་ཏཱ་རཱ ཡཻ༔ འགྲོ་རྣམས་སྡུག་བསྔལ་ཐམས་ཅད་སྐྱོབ་བྱེད་པ༔ རྩ་གསུམ་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ མི་མཐུན་འདུམ་པར་བྱེད་པའི་གདམས་དུ་མཆོག༔ བསླུ་མེད་ངེས་སྟེར་ཡང་གང་གསང་བའི་གནད༔ མ་འོངས་དོན་དུ་རིན་ཆེན་གཏེར་དུ་སྦ༔ ལས་ཅན་གཞན་དོན་སྤྱོད་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྐུ་མདོག་དམར་མོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན་དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་འཆང་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ༔ ཕྱག་གཉིས་མཆོག་སྦྱིན་དང་མཐེབ་སྲིན་གྱི་བར་དག་ན་ཨཏྤལ་དམར་པོ་འཛིན་པ༔ འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བའི་གནས་གསུམ་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་བསྒོམ༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་མ་སྤྱན་དྲངས་ལ་བསྟིམ༔ ཡང་འོད་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས༔ མཆོད་པས་མཆོད༔ དབང་བསྐུར་བར་གསོལ་བ་བཏབ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག༔ ཆུའི་ལྷག་མ་ཡར་ལུད་པ་ལས༔ འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་བསམ༔ དེ་ནས་རང་གི་སྨིན་མཚམས་སུ་ཉི་མའི་དཀྱིལ་འཁོར་སེན་གང་པའི་དབུས་སུ་ཏཱཾཿདམར་པོའི་མཐར་བསྐོར་དུ་ཡི་གེ་བཅུ་པ་དམར་སྒོར་རེ་ཡོད་པ་ལས༔ འོད་ཟེར་དམར་པོ་འཕྲོས་པས༔ བདག་དང་མི་མཐུན་པ་དེ་ལ་ཕོག༔ དེ་ཡང་རང་འདྲ་བའི་སྒྲོལ་མར་གྱུར༔ ཡང་བདག་གི་སྨིན་མཚམས་ནས་འོད་ཟེར་འཕྲོས་ནས༔ དེ་ཡི་སྙིང་ཁར་ཕོག་པས༔ དེ་ཉིད་ཀྱི་གདུག་སེམས་ཞི་ནས༔ བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ༔ དེ་ཡི་ཡིད་ཟླ་བ་ཉ་གང་བ་ལྟེ་བ་བུ་ག་ཅན་དུ་གྱུར༔ བདག་གི་སྙིང་ཁའི་ཟླ་སྟེང་ཧཱུྃ་ཡིག་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྣ་སྒོ་ནས་ཐོན༔ ཟླ་བའི་བུ་གར་ཞུགས་ཏེ་ཁོ་ཡི་སྒོ་ནས་དྲངས༔ རང་གི་སྣ་སྒོར་ཞུགས་ནས་སྙིང་གའི་ཟླ་བར་ཐིམ༔ བདེ་བའི་རོ་བྱང་ཆུབ་སེམས་ཀྱིས་མྱོས་ཤིང་༔ བདག་ལ་གུས་ཤིང་འདུན་པར་བསམ༔ དེ་ལྟ་བུའི་དམིགས་པ་ཡང་ཡང་བསྐྱར་ཞིང་༔ སྔགས་ནི། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ ཡི་གེ་མོ་ཨ་ཀཪྵ་ཝ་ལ་ཤད་ཀུ་རུ་ཡེ་ཧྲིང་ཛརྣིཨངྐུ་ཤ་ཡ་ཧཱུྃ་ཛ༔ ཞེས་བཟླའོ༔ དེ་ལྟར་ཞག་བདུན་ལ་སོགས་པ་བྱས་པས༔ ཕ་རོལ་པོ་དེ་ངེས་པར་ཡིད་མགུ་ནས་བདག་ལ་གུས་པའི་སྤྱོད་ལམ་སྟོན་པར་འགྱུར་རོ༔ ཕ་རོལ་བསོད་ནམས་དང་གདུག་སེམས་ཆེ་ཆུང་དང་བསྟུན་ཏེ་སྒྲུབ་པ་གཉུག་བསྲིང་བར་ཡང་བྱའོ༔ སྒྲུབ་པའི་དུས་སུ་མཚམས་དམ་པར་བྱ་ལ༔ དེས་ནི་མ་དད་པ་ངེས་པར་བསྒྱུར་ནུས་སོ༔ སྤྱིར་ཡང་རྒྱུན་དུ་ཡི་དམ་ནར་མར་བྱ་སྟེ་ཕན་ཡོན་དཔག་ཏུ་མེད་དོ༔ གཞན་ལ་བྱེད་ན་དེ་གཉིས་སྒྲོལ་མར་གསལ་བ་ལ་རང་གི་སྨིན་མཚམས་ནས་འོད་འཕྲོས་དེ་གཉིས་ལ་ཕོག་པས༔ དབྱེར་མེད་དུ་འདྲེས་པར་བསམ་ལ་བཟླས་པ་བྱའོ༔ འདིས་ནི་མ་འོངས་པ་ན༔ མཐའ་ཡི་རྒྱལ་པོ་དང་། བོད་ཀྱི་སྡེ་དཔོན་བསམ་སྦྱོར་ངན་པ་བྱེད་པ་རྣམས་ཀྱང་ཞི་བར་བྱེད་ཅིང་༔ དཔོན་སློབ་དང་ཡོན་མཆོད་ནང་གི་སེམས་འཁོན་ཡང་མི་འབྱུང་བའི་མན་ངག་གདམས་པའོ༔ ཐུན་མཚམས་རྣམས་སུ་མཆོད་པ་འབུལ༔ ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་བསྟོད་པ་མང་དུ་འདོན༔ བསྡུ་ན༔ ཕྱག་འཚལ་རབ་ཏུ་དགའ་བར་བརྗིད་པའི༔ དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ༔ བཞད་པ་རབ་བཞད་ཏུཏྟ་ར་ཡི༔ བདུད་དང་འཇིག་རྟེན་དབང་དུ་མཛད་མ༔ ཞེས་ཅི་ནུས་སུ་འདོན་ནོ༔ མཐར་ཕ་རོལ་པོ་དེ་རང་ལ་ཐིམ༔ རང་ཉིད་ཀྱང་མི་དམིགས་པར་རྫོགས་རིམ་གྱི་ངང་ལ་བཞག་གོ༔ ཨེ་མ་ཧོ༔ འཕགས་མའི་མན་ངག་གདམས་པའི་མཐར་ཐུག་བཅུད༔ གཞན་བློ་དབང་མེད་སྒྱུར་བའི་གདམས་པ་འདི༔ པདྨ་འབྱུང་གནས་བདག་གི་སྙིང་གི་ནོར༔ སྤེལ་བར་ཕོངས་ཀྱང་རྗེ་གྲོགས་ལ་ལ་གདམས༔ མ་འོངས་དོན་དུ་ས་ལ་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ འཕྲད་ནས་བོད་ཡུལ་འགྲོ་ཀུན་བདེ་བྱེད་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ དེ་ཚེ་མངའ་བདག་ཤིན་ཏུ་དགྱེས་འགྱུར་ཏེ༔ པདྨ་རཱ་ག་འོད་ཟེར་འབར་བ་ཡིས༔ ཁ་བརྒྱན་གསེར་བུམ་འབྲས་ཆང་གིས་བཀང་བ༔ ཕུལ་ནས་གུས་པས་ཕྱག་བྱས་འདི་སྐད་གསོལ༔ ཨེ་མ་གུ་རུ་རཏྣ་འོད་དཔག་མེད༔ མན་ངག་འདི་ཉིད་གཏེར་དུ་སྦས་བ་ན༔ ས་ཕྱོགས་གང་དུ་གཏེར་དེ་སུ་ཡིས་ཐོན༔ དུས་དེར་དགོས་པའི་གཙོ་བོ་གར་ལ་དགོངས༔ ཀུན་མཁྱེན་ཆེན་པོས་བདག་ལ་བཀའ་སྩོལ་ཅིག༔ ཞེས་གསོལ་མ་ཧཱ་གུ་རུས་བཀའ་སྩལ་པ༔ བྱང་སེམས་ཆེན་པོ་བརྩེ་བའི་བློ་གྲོས་ཀྱི༔ རྣམ་འཕྲུལ་མངའ་བདག་ཆེན་པོ་སྙན་གསན་འཚལ༔ གཞན་གྱི་གདུག་སེམས་ཞི་བའི་གདམས་པ་མཆོག༔ འདི་ནི་གཏེར་ཁ་གཉིས་སུ་སྦ་བར་བྱ༔ གཅིག་ནི་དུས་གནད་གསལ་བའི་མེ་ལོང་དང་༔ ལྷན་ཅིག་ཡེར་པ་གྲུ་བཞི་ཕུག་པར་སྦོས༔ ང་སྤྲུལ་གར་གྱི་དབང་ཕྱུག་གིས་བཏོན་ནས༔ དུས་དེའི་འགྲོ་ཕན་སྒྲུབ་པའི་བཙས་སུ་བྱེད༔ གཅིག་ནི་ཀོང་ཡུལ་མེ་བཙའ་བུ་ཆུ་རུ༔ གཏེར་སྒྲུབ་ཞལ་གདམས་ལུང་བྱང་ལེའུ་གསུམ་དང་༔ ལྷན་དུ་སྦས་ན་རྩོད་ལྡན་མཐར་ཉེ་དུས༔ ཐུགས་ཀྱི་གྲུབ་ཆེན་ནམ་སྙིང་ཡང་སྤྲུལ་ཞིག༔ མདོ་ཁམས་བུ་འབོར་ཉེ་བའི་ཕྱོགས་སུ་འབྱུང་༔ མ་ཎི་བཛྲ་འགྲོ་འདུལ་སྙིང་སྟོབས་ལྡན༔ རྟེན་འབྲེལ་མ་འཆུག་མཆོག་གི་གཏེར་ལྔ་སྤྱོད༔ འཛམ་གླིང་འགྲོ་བ་འདྲེན་པའི་སྒྲོན་མེ་འདྲ༔ འོད་ཀྱང་སྔོན་འཕྲལ་རྟེན་འབྲེལ་འགའ་ཞིག་གིས༔ དེ་ལྟ་ཇི་བཞིན་འགྲིག་པར་མ་གྱུར་ཚེ༔ དགོངས་གཏེར་བཀའ་བབས་བཀང་དང་གཏེར་རྙིང་སྦྱོར༔ དུས་དེར་ཕན་པའི་ས་བཅོས་ལུང་བྱང་དང་༔ ཆེས་ཟབ་གདམས་ཕྲན་ཁ་ཡར་བཏོན་པར་འགྱུར༔ དེ་ཚེ་རིག་པའི་འདིས་ཀྱང་དོན་ཆེན་འགྲུབ༔ ད་ལྟ་མངའ་བདག་རྒྱལ་པོའི་ཐུགས་བསྐྱེད་མཐུས༔ ཕྲིན་ལས་བྱིན་རླབས་སྒྱུ་མའི་རང་འོད་ཞིག༔ མདོ་ཁམས་ཤར་ནས་ཕག་གམ་བྱི་བའི་ལོ༔ རྒྱལ་ལམ་མཚོ་ཞེས་སྨེ་དཀར་དོ་ཤལ་ཅན༔ སྙན་གྲགས་ལྡན་པ་མཐའ་ནས་དབུས་སུ་འབྱུང་༔ བོད་ཡུལ་ཡོངས་ཀྱི་བསྟན་པའི་བདག་པོ་བྱེད༔ དེ་ལ་སྔོན་ལས་དབང་གི་རྐྱེན་ཁ་མང་༔ མི་དང་མི་མིན་དུ་མས་འཚེ་བར་འགྱུར༔ ཁྱད་པར་ཉེར་གཅིག་ཉེར་དགུ་ཞེ་དྲུག་དང་༔ རང་ཀེག་བདུན་ཟུར་ལོ་དང་དེའི་སྔ་ཕྱིར༔ རྩུབ་ལྡན་ཟློག་ཐབས་རྟེན་འབྲེལ་མ་འཁྲུལ་འབད༔ གདམས་པ་འདི་འཕྲོད་དུས་ཚིགས་གང་ཡིན་དེའི༔ བར་ཆད་ཇི་རིགས་སྨོན་ལམ་དབང་གིས་སེལ༔ ཐེ་ཚོམ་ཡིད་གཉིས་མ་གྱུར་ཤིན་ཏུ་གཅེས༔ རྟག་ཏུ་དད་གུས་ཆེན་པོས་ཉམས་ལེན་པས༔ མི་མཐུན་འགལ་འཁྲུལ་མང་ཞིག་འདི་ཡིས་གྲོལ༔ ཅི་ཕྱིར་པདྨ་བདག་གི་སྨོན་ལམ་དང་༔ འཕགས་མའི་དམ་བཅའ་བདེན་པས་བསླུ་མི་འགྱུར༔ སྒྲུབ་ཐབས་གཞན་གྱིས་མཐོང་ན་ནུས་པ་འགྲིབ༔ དེ་ཕྱིར་ལུང་འཛིན་སྐྱེས་བུ་ཁོ་ན་ལས༔ ཚིག་གི་ཟུར་ཙམ་སུ་ལ་མ་སྤེལ་ཅིག ༔ པདྨ་བདག་གིས་དུས་གསུམ་ས་ལེར་མཁྱེན༔ ལུང་བྱང་འདི་ཡང་ཡི་གེར་བཀོད་པ་ན༔ མ་འོངས་སྤྲོ་བ་བསྐྱེད་པའི་རྒྱུ་རུ་འགྱུར༔ འདི་ཉིད་བུ་ཡིས་གེགས་མེད་ཐོན་ནས་ཀྱང་༔ མངའ་བདག་སྤྲུལ་པའི་བར་ཆད་སེལ་བར་ཤོག༔ ཅེས་ཨོ་རྒྱན་མཁན་པོས་གསུང་བཞིན་མཚོ་རྒྱལ་བདག་གི་ཟངས་ཤོག་དམར་པོའི་ངོས་སུ་བསྣན་ནས་གཏེར་བདག་བརྟན་མ་ལྕམ་དྲལ་ལ་གཉེར་དུ་གཏད་དེ་གཏེར་དུ་སྦས་པ་དུས་སུ་གུ་རུའི་ལུང་བསྟན་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ཅེས་པ་ཚེ་དབང་ནོར་བུ་རྡོ་རྗེ་དཔལ་འབར་གྱིས་ཀོང་པོ་བུ་ཆུ་ལྷ་ཁང་ནས་གཏེར་ནས་བཏོན་ཏེ་ཟངས་ཤོག་དམར་པོའི་ངོས་ནས་དག་པར་ཕབ་པའོ། །


previousའཕགས་མའི་སྒྲུབ་ཐབས་མི་མཐུན་ཀུན་སེལ་ལུང་བྱང་དང་བཅས་པ། next