Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླགས་ཆོག་ཏུ་བཀོད་པ།
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླགས་ཆོག་ཏུ་བཀོད་པ། next

སྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླགས་ཆོག་ཏུ་བཀོད་པ།

༄༅། །སྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླགས་ཆོག་ཏུ་བཀོད་པ་བཞུགས་སོ། །

༈ ན་མོ་གུ་ར་ཝེ། དབང་བྱེད་མྱུར་མཛད་འཕགས་མ་དང་། །ཚེ་དབང་མཚན་ཅན་ནོར་བུའི་དཔལ། །རབ་འཛིན་གུ་རུ་མཆོག་ལ་འདུད། །འདོན་སྒོམ་བདེ་ཕྱིར་མངོན་རྟོགས་དགོད། །རང་འདོད་འཛིན་ཆགས་ཉོན་མོངས་པའི་གཞན་དབང་དུ་མ་གྱུར་ཅིང་བསྟན་པ་དང་གཞན་ལ་ཕན་འདོད་ལྷག་པའི་བསམ་པ་དང་ལྡན་པའི་རྣལ་འབྱོར་པས་དབང་མཛད་སྒྲོལ་མ་ཤིན་ཏུ་ཟབ་པའི་བསྐྱེད་བཟླས་ཉམས་སུ་ལེན་པ་ལ། ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། མདུན་གྱི་ནམ་མཁར་རྗེ་བཙུན་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་དུ་བཞུགས་པར་དམིགས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། ཚོགས་བསགས་པ་ནི། རྗེ་བཙུན་འཕགས་པ་མ་སྒྲོལ་མ་དང་། སོགས། དཔལ་མོས་མཛད་པའི་ཡན་ལག་བདུན་པ་བྱས་ཚོགས་ཞིང་མི་དམིགས་པར་བཞག །སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་ཚད་མེད་རྒྱུད་ལ་འདྲེས་ངེས་སུ་བསྒོམ། དངོས་གཞི་ལ་བསྐྱེད་བཟླས་རྫོགས་གསུམ་ལས། །དང་པོ་བསྐྱེད་པའི་རྣལ་འབྱོར་ནི། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཅན༔ དར་དམར་པོའི་སྟོད་གཡོགས་དང་སྨད་གཡོགས་འཕྱང་བ༔ ཞབས་གཡས་བརྐྱང་གཡོན་བསྐུམ་པའི་སྟབས་ཀྱིས་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ༔ ཕྱག་གཉིས་མཆོག་སྦྱིན་དང་མཐེབ་སྲིན་གྱི་བར་དག་ན་ཨུཏྤལ་དམར་པོ་འཛིན་པ༔ འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བའི་གནས་གསུམ་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་གྱིས་མཚན་པར་གྱུར༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་མ་སྤྱན་དྲངས༔ སྤྲོ་ན། པོ་ཏ་ལ་ཡི་གནས་མཆོག་ནས༔ ཏཱ་ཡིག་དམར་པོ་ལས་འཁྲུངས་ཤིང་༔ ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ༔ འཕགས་མ་སྒྲོལ་མ་གཤེསག་སུ་གསོལ༔ ཨཱཪྻ་ཏཱ་རེ་བཛྲ་ས་མཱ་ཛ༔ དེ་བཞིན་མིན་གང་ལྟར། དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། ཛཿཧཱུྃ་བྃ་ཧོ༔ ཡང་འོད་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝཱི་དྱ་ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ༔ དེ་བཞིན་གཤེགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་དབང་བསྐུར་བས་སྐུ་གང་དྲི་མ་དག །ཆུའི་ལྷག་མར་ཡར་ལུད་པས་འོད་དཔག་མེད་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན་པར་གྱུར། གཉིས་པ་བཟླས་པའི་རྣལ་འབྱོར་ནི། རང་གི་སྨིན་མཚམས་སུ་ཉི་མའི་དཀྱིལ་འཁོར་སེན་གང་བའི་དབུས་སུ་སུྃ་ཏཱཾ་དམར་པོ། མཐའ་སྐོར་དུ་ཡི་གེ་བཅུ་པ་དམར་སྒོར་རེ་ཡོད་པ་ལས་འོད་ཟེར་དམར་པོ་འཕྲོས་པས༔ བདག་དང་མི་མཐུན་པ་དེ་ལ་ཕོག༔ དེ་ཡང་རང་འདྲ་བའི་སྒྲོལ་མར་གྱུར༔ ཡང་བདག་གི་སྨིན་མཚམས་ནས་འོད་ཟེར་འཕྲོས་ནས་དེའི་སྙིང་གར་ཕོག་པས་དེ་ཉིད་ཀྱི་གདུག་སེམས་ཞི་ནས་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ༔ དེ་ཡི་ཡིད་ཟླ་བ་ཉ་གང་བ་ལྟེ་བ་བུ་ག་ཅན་དུ་གྱུར༔ བདག་གི་སྙིང་ཁའི་ཟླ་སྟེང་ཧཱུྃ་ཡིག་དམར་པོ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས༔ རང་གི་སྣ་སྒོ་གཡས་ནས་ཐོན༔ དེ་ཡི་སྣ་བུག་གཡས་བརྒྱུད་ནས་ཟླ་བའི་བུ་གར་ཞུགས་ཏེ་ཁོ་ཡི་སྣ་སྒོ་གཡོན་ནས་ཚུར་དྲངས་པས༔ རང་གི་སྣ་གཡོན་པའི་སྒོར་ཞུགས་ནས་སྙིང་ཁའི་ཟླ་བར་ཐིམ༔ བདེ་བའི་རོ་བྱང་ཆུབ་སེམས་ཀྱིས་མྱོས༔ བདག་ལ་གུས་ཤིང་འདུན་པར་གྱུར༔ དེ་ལྟ་བུའི་དམིགས་པ་ཡང་བསྐྱར་ཞིང་། ཨོཾ་ཏཱ་རེ་ཏཱཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཆེ་གེ་མོ། ཨཱ་ཀཪྵཱ་ཡ་ཝ་ཤཾ་ཀུ་རུ་ཡེ་ཧྲིང་ཛ༔ རྣི་ཡང་ཀུ་ཤཱ་ཡ་ཧཱུྃ་ཛ༔ ཞེས་བཟླ། འདི་ལས་སྦྱོར་གྱི་སྒྲུབ་ཐབས་ཁོལ་བཏོན་ཙམ་ཡིན་པས་ཐོག་མ་ནས་རྩ་བསྙེན་ལས་སྔགས་སྦྲེལ་མར་བཟླ་བ་ཡིན་ལ། སྤྱིར་སྒྲོལ་མ་གང་རུང་གི་རྩ་བསྙེན་ཞིག་སྔོན་དུ་སོང་ན་ཆེས་ལེགས། ཡུལ་ཁམས་དབང་དུ་བྱ་བའི་ཡུལ་སྤྱི་ཁྱབ་ལ་དམིགས་ན། ཆེ་གེ་མོའི་མལ་དུ། སརྦ་ལོ་ཀ་སྦྱར། དམིགས་བྱ་ཁ་ཤས་ཡིན་ན། དམིགས་ཡུལ་ཐམས་ཅད། ཅེས་ཙམ། སརྦ་ཀཱ་མ་སྦྱར། དམིགས་བསལ་སྐྱེ་བོ་ཕོ་མོ་རེ་རེ་ལྟ་བུ་ལ་དེ་ཉིད་ཀྱི་མིང་སྤེལ་དགོས་སོ། །ཐུན་འཇོག་པ་ན། ཨོཾ་ཨཱཪྻ་ཏཱ་རེ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ༔ ཨརྒྷཾ་གྱི་སར་པཱ་དྱཾ་སྦྱར་བ་དང་། ཨོཾ་ཨཱཪྻ་ཏཱ་རེ་བཛྲ་པུཥྤེ་ཨཱ་ཧཱུྃ་སྭཱ་ཧཱ༔ དེ་བཞིན་དུ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝཱི་དྱ། ཤབྡ་ཨཱཿཧཱུྃ་སྭཱ་ཧཱ༔ བར་གྱིས་མཆོད་པ་འབུལ། ཕྱག་འཚལ་ཉི་ཤུ་རྩ་གཅིག་པའི་བསྟོད་པ་མང་དུ་འདོན། བསྡུས་ན། ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི༔ དབུ་རྒྱན་འོད་ཀྱིས་ཕྲེང་བ་སྤེལ་མ༔ བཞད་པ་རབ་བཞད་ཏུཏྟཱ་ར་ཡིས༔ བདུད་དང་འཇིག་རྟེན་དབང་དུ་མཛད་མ༔ ཅི་ནུས་སུ་བརྗོད་པས་བསྟོད། བཅོམ་ལྡན་འཕགས་མ་སྒྲོལ་མས་བདག་གི་རླུང་སེམས་སྣང་བ་ཐམས་ཅད་རང་དབང་དུ་འདུ་བར་མཛད་དུ་གསོལ། ཁྱད་པར་ཡིད་ལ་དམིགས་པའི་ཡུལ་ཐམས་ཅད་ཐོགས་པ་མེད་པར་དབང་དུ་འདུ་བར་མཛད་དུ་གསོལ། །ཅེས་འདོད་དོན་གསོལ། ཡིག་བརྒྱད་དབྱངས་གསལ་རྟེན་སྙིང་རྣམས་ལན་གསུམ་གསུམ་བརྗོད་དོ། །གསུམ་པ་རྫོགས་པའི་རྣལ་འབྱོར་ནི།

སྣང་ཡུལ་ཐམས་ཅད་དམ་དམིགས་བྱ་ཕ་རོལ་པོ་དེ་རང་ལ་ཐིམ། རང་ཉིད་ཀྱང་མི་དམིགས་པ་སྟོང་ཉིད་དུ་གྱུར་བར་མོས་ལ་སྤྲོས་བྲལ་གཉུག་མའི་ངང་དུ་ཅི་གནས་མཉམ་པར་བཞག །སླར་ཡང་སྣང་གྲགས་རྟོག་ཚོགས་ལྷ་སྔགས་བདེ་བ་ཆེན་པོའི་རང་བཞིན་དུ་གྱུར། ཅེས་མོས། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང་ཤིས་བརྗོད་བྱའོ། །སྙིགས་དུས་གདུག་ཅན་འབྱུང་པོ་ཡིས། །སྐྱེ་བོའི་གྱུར་རློམ་བསྟན་པ་དང་། །དེར་འཛིན་རྣམས་ལ་འཚེ་བྱེད་པས། །གཉེན་པོ་གདམས་པ་འདི་ཉིད་ཟབ། །འདོམས་ཀྱང་ལོག་ཞུགས་ཡིད་ཅམ་ཀུན། །སྣང་བ་དམ་པའི་ཆོས་ལ་སྒྱུར། །དགེ་ཆོས་སྒྲུབ་ལ་བར་ཆད་ཀྱི། །འཚེ་བྲལ་འདོད་རྒུའི་དཔལ་རྒྱས་ཤོག །ཅེས་གཏེར་གཞུང་ཉིད་ལ་གསུང་རྒྱུན་ལྟར་ཁ་གསལ་ཕྲན་བུས་བརྒྱན་ཏེ་པདྨ་གར་དབང་རྩལ་གྱིས་བཀླག་ཆོག་ཏུ་བསྡེབས་པ་དགེ་ལེགས་འཕེལ། །


previousསྒྲོལ་མ་དམར་མོ་མི་མཐུན་ཀུན་སེལ་གྱི་འདོན་འགྲིགས་བཀླགས་ཆོག་ཏུ་བཀོད་པ། next