Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར།
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར།next

ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར།

གསང་སྒྲུབ་སྒྲོལ་མའི་བརྒྱུད་པའི་གསོལ་འདེབས།

༄༅། །ཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར་བཞུགས་སོ། །གསང་སྒྲུབ་སྒྲོལ་མའི་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །

༈ ཀུན་ཏུ་བཟང་པོའི་ནམ་མཁའ་ལ། །འོད་སྣང་མཐའ་ཡས་ཉིན་མོར་བྱེད། །སྙིང་རྗེའི་པདྨ་རྒྱས་པའི་ཕྱག། གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །སྲིད་པའི་མཚོ་ལས་སྒྲོལ་བའི་ཡུམ། །འདབ་བརྒྱའི་དབུས་འཁྲུངས་ཨོ་རྒྱན་རྗེ། །ཚངས་པ་ལྷ་ཡི་མེ་ཏོག་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །དྲིན་ཆེན་བླ་མ་བཻཌཱུརྱ། །དད་པའི་རྒྱལ་མཚན་རྩེར་མཆོད་ན། །ཚེ་གཅིག་བྱང་ཆུབ་འདོད་པ་འཇོ། །གསོལ་བ་འདེབས་སོ་དངོས་གྲུབ་སྩོལ། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །རང་དོན་འཕགས་མའི་གོ་འཕང་ཐོབ། །འགྲོ་ཀུན་འཇིགས་བརྒྱད་འཁོར་ལོ་ལས། །སྒྲོལ་ནས་རྣམ་མཁྱེན་ལ་འགོད་ཤོག །ཅེས་པ་དད་ལྡན་བླ་མ་ཚེ་རིང་ངོར་རྡོ་རྗེ་དྲག་པོས་བྲིས་པ་དགེ །

འཕགས་མ་སྒྲོལ་བའི་གསང་སྒྲུབ་གུ་རུའི་ཐུགས་བཅུད།

༄༅། །འཕགས་མ་སྒྲོལ་བའི་གསང་སྒྲུབ་གུ་རུའི་ཐུགས་བཅུད་བཞུགས་སོ། །

༈ འཕགས་པ་སྒྲོལ་མའི་གསུང་སྒྲུབ་ནི༔ སྐྱབས་སེམས་ཡིད་ལ་འདྲེས་ངེས་བྱ༔ རྣམ་པར་རྟོག་པའི་ཆོས་ཐམས་ཅད༔ གདོད་ནས་མཚན་བྲལ་སྟོང་པའི་ངང་༔ པདྨ་ཟླ་ཉི་གདན་གྱི་ཁར༔ ཏཱཾ་ཡིག་དམར་པོ་ཡོངས་གྱུར་ལས༔ རང་ཉིད་བཅོམ་ལྡན་སྒྲོལ་མའི་སྐུ༔ པདྨ་རཱ་ག་ལྟར་དམར་ཞིང་༔ མཚན་དང་དཔེ་བྱད་གསལ་ཞིང་རྫོགས༔ ཕྱག་གཡས་ལྕགས་ཀྱུ་གཡོན་པ་ཡིས༔ མཐེབ་སྲིན་ཨུཏྤལ་དམར་པོ་འཛིན༔ དབུ་སྐྲ་གནག་སྣུམ་ཟུར་ཕུད་རྩེར༔ ནོབ་བུ་ཛམ་བུ་ཆུ་བོའི་གསེར༔ རིན་ཆེན་ཕྲ་ཚོམ་མཛེས་པ་ཡི༔ དབུ་སྙན་ཕྱག་ཞབས་སྐེད་སྐབས་སྤྲས༔ ཨུཏྤལ་དམར་པོའི་དོ་ཤལ་སྤུད༔ དར་དམར་སྟོད་གཡོག་སྣ་ཚོགས་གསོལ༔ སྨད་དཀྲིས་ཞབས་གཉིས་གཡས་ཅུང་ཟད༔ བརྐྱང་ཞིང་གཡོན་བསྐུམས་འགྱིང་བཅས་བཞུགས༔ འོད་དཔག་རིགས་ཀྱི་ཅོད་པཎ་ཅན༔ གནས་གསུམ་འབྲུ་གསུམ་ས་བོན་ཏཱཾ༔ འོད་འཕྲོས་ཡེ་ཤེས་སྤྱན་དྲངས་གྱུར༔པོ་ཊ་ལ་ཡི་གནས་མཆོག་ནས༔ཏཱཾ་ཡིག་དམར་པོ་ལས་འཁྲུངས་ཤིང༔ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ༔ སྒྲོལ་མ་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀུན༔ དབང་གི་ལྷ་ཡི་རྣམ་པར་བྱོན༔ དབང་བསྐུར་བྱིན་བརླབས་དབང་རྟགས་སུ༔ འོད་དཔག་མེད་པས་དབུ་བརྒྱན་གྱུར༔ ཞིང་ཁམས་རབ་འབྱམས་གང་བ་ཡི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་དྲུག༔ མཆོད་པའི་བྱེ་བྲག་མཐའ་ཡས་པ༔ རྗེ་བཙུན་བཅོམ་ལྡན་འདས་མ་མཆོད༔ གཙོ་གྱུར་རྒྱལ་བ་སྲས་བཅས་ལ༔ བདག་གིས་གུས་པས་རབ་འབུལ་ན༔ ཐུགས་རྗེའི་མཐུ་ཡིས་བཞེས་སུ་གསོལ༔ ཨོཾ་ཨཱརྱ་ཏཱ་རེ་སརྦ་ཏ་ཐཱ་ག་ཏ་བོ་དྷེ་ས་ཏྭེ་བྷྱཿཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ རྒྱས་པར་ཕྱག་འཚལ་ཉེར་གཅིག་གམ་ཡང་ན། ཚངས་དང་དབང་པོ་བིཥྞུ་དང་༔ དྲག་པོ་བདུད་དང་འཇིག་རྟེན་གསུམ༔ མ་ལུས་དབང་དུ་མཛད་པ་ཡི༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ཐུགས་ཀར་ཨུཏྤལ་དམར་པོའི་དབུས་ཉི་མ་ལ་ཏཱཾ་དམར་པོ༔ མཐར་ཡིག་བཅུ་ཞལ་ནང་བསྟན་བཀོད༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་རུ་ཏེ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཅུའམ་ལྔ་བཟླ༔ དབང་དུ་བྱེད་པའི་སྔགས་ཡིག་བཅུའི་མཐར༔ སརྦ་ཏྲཻ་ལོ་ཀ་དེ་ཝ་ནཱ་ག་ན་ར་ཨཱ་ཡུར་པུཎྱེ་ཤྲཱི་གུ་ན་ཝཱ་ཤཾ་ཀུ་རུ་ཛ་ཧཱུྃ༔ ཞེས་པ་སྤྱི་ཁྱབ་དང་༔ བྱེ་བྲག་མིང་དང་༔ མ་མ་ཝཱ་ཤཾ་ཀུ་རུ་ཛཿཧཱུྃ་མཐའི་ཏཱཾ་དང་སྔགས་ཕྲེང་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་སུ་ཤིན་ཏུ་རྣོ་བ་གྲངས་མེད་པ་འཕྲོས་ཕྱི་སྣོད༔ ནང་བཅུད༔ རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀར་ཕོག༔ རྒྱལ་བའི་ཐུགས་རྗེ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་རྡོ་ཁབ་ལེན་ལ་ལྕགས་ཕྱེ་འབྱར་བ་ལྟ་བུར་འུབ་ཀྱིས་འོད་ཀྱི་ལྕགས་ཀྱུའི་རྩེར་བླངས་རང་གི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་རང་དབང་དུ་བྱས་པར་བསམ༔ ཡང་དམིགས་བསལ་འོད་ཟེར་གོང་ལྟར་ལ༔ ཕོ་ཡི་སྙིང་ག་དང་༔ མོ་ཡི་སྐྱེ་གནས་འོད་ཀྱི་ལྕགས་ཀྱུས་བཏབ་པས་ཡིད་བསྒྱུར་རང་ལ་རྗེས་སུ་ཆགས༔ དེ་ཡི་དྭངས་བཅུད་ཕོ་མོ་སོ་སོ་ཐིག་ལེ་དཀར་དམར་གྱི་རྣམ་པ་ཐུགས་ཀའི་མདོག་ལ་ཐིམ་པས་དབང་དུ་གྱུར་པར་བསམ༔ སྔགས་ཡུངས་ཀར་ལ་སྔགས་ནས་གཏོར་བ་དང་༔ ཟས་ཁ་དོག་དམར་པོའི་རིགས་ལ་སྔགས་ནས་བྱིན་ན་དབང་དུ་འགྱུར༔ མི་མཐུན་པ་སེམས་ཉེ་བར་བྱེད་ན༔ རང་ཉིད་སྒྲོལ་མའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་འཕྲོས༔ ཕ་རོལ་པའི་སྙིང་ཁར་དྭངས་མ་དཀར་པོ་འོད་ཀྱི་རང་བཞིན་ནང་ནྲྀ་ཡིག་གནས་པ་ལ་ཕོག༔ ང་རྒྱལ་དྲག་པོའི་གདུབ་རྩུབ་ཞི༔ བྱམས་པའི་སེམས་དང་ལྡན༔ དྭངས་མ་དེ་རྗེ་བཙུན་སྒྲོལ་མ་རང་གིས་བསྒོམས་པ་ཇི་ལྟ་བ་ཚོན་གང་དང་སེན་གང་པར་གྱུར༔ འོད་ཟེར་དང་འགྲོགས་ཏེ་རང་གི་སྙིང་གར་ཐིམ་པར་བསམ༔ ཆེ་གེ་མོ་ཨཱ་ཀཱཪྵ་ཡ་ཛ་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ གཞན་གཉིས་འདུམ་པར་བྱེད་ན་སྔགས་དམིགས་བསྒྱུར་བའོ༔ དབང་དུ་བྱེད་པའི་འཁོར་ལོ་གོས་ཆེན་དམར་པོའམ་ཤོག་དམར་ལ༔ མཚལ་དང་ལི་ཁྲི་གཞོན་ནུ་མའི་ཏི་ལ་ཀ་སྦྱར་བའི་སྣག་ཚལ་མུ་ཁྱུད་བརྒྱད་བསྐོ དབུས་སུ་ཏཱ་དེ་རྒྱབ་ཨུཏྤལ་དམར་པོ་འདབ་བརྒྱད༔ མདུན་ནས་ཞལ་ནང་བསྟན་དུ་ཡི་གེ་བཅུ༔ དེིའི་ཕྱིར་དབང་དུ་བྱེད་པའི་སྔགས་སྤྱི་དང་བྱེ་བྲག༔ དེའི་ཕྱིར་དབྱངས་ཡིག༔ དེའི་ཕྱིར་གསལ་བྱེད༔ དེའི་ཕྱིར་རྟེན་འབྲེལ་སྔགས༔ དེ་རྒྱབ་ལྕགས་ཀྱུ་དང་ཨུཏྤལ༔ དེ་རྒྱབ་མེ་རི་བྲི༔ ཅུ་གང་༔ བྲག་ཞུན༔ གླ་རྩི༔ དྲི་བཟང་༔ ཙཎྜན་དམར་པོ༔ བྱི་རུ༔ ཤེས་ལ་ཨ་བྲིས་པ༔ གཡུ་ལ་ནྲྀ༔ ཕ་ཝཾ་ལོང་བུར་ཏྲི༔ གསེར་ལ་ཛཾ་དང་བྃ༔ མཚོ་ཀླུ་གནས་པའི་རྡོའུ་ལ་ནཱ་བྲིས་པ་ནང་དུ་བཞག༔ འབྲུ་ལྔ༔ སྨན་སྣ་བཅས་ཀ་ར་བུ་རམ་སྦྲང་རྩི་ཟུང་རེ་བཞག༔ འཁོར་ལོ་དེ་སྒྲོལ་མར་བསྒོམ༔ རབ་གནས་བྱ༔ འདོད་དོན་གསོལ་བ་བཏབ༔ མཆོད་པ་བྱས་ན་རེ་བ་མྱུར་དུ་འགོད༔ ཡན་ན་ལུས་ལ་བཅད་ནའང་ཀུན་གྱིས་འདུད་ཅིང་ཁྱད་པར་དམིགས་བྱ་ངེས་པར་དབང་དུ་འདུ༔ སྒྲོལ་མའི་ཕྱག་མཚན་ཨུཏྤལ་ལས་མཚན་པའི་ལྕགས་ཀྱུ་ཟངས་ལ་བཟོས༔ རྩེ་ཤིན་ཏུ་རྣོ་ངར་བྱའོ༔ དར་དམར་ལ་ཡིག་བཅུ་དང་སྔགས་གོང་གི་སྤྱི་དང་བྱེ་བྲག་དབང་དུ་བྱེད་པ་དེ་གསེར་གྱིས་བྲིས་ལ་འདོག༔ སྒྲོལ་མར་བསམ༔ རབ་ཏུ་གནས༔ ལས་ལ་སྦྱར་དུས་དམིགས་བྱ་ལ་འདེབས་ཚུལ་ཅུང་ཟད་བྱ༔ཡང་རཱུ་པ་སྐྱེ་མཆེད་དོད་པ་དབང་དུ་བྱ་བ་དེ་འདྲ་བ་བྱས༔ སྙིང་ཁར་ནྲྀ༔ ཡན་ལག་བཞི་ལ་ཛ༔ བཞི་བྲི༔ གསང་གནས་ལ་ཡིང་ཙེག་ཙེག་འགུལ་འགུལ་ཞེས་བྲི༔ དམིགས་པ་གོང་ལྟར་ལ༔ ལྕགས་ཀྱུས་ནྲྀ་མིག་དང་གསང་བར་འདེབས༔ གཞུང་ལྟར་དམིགས་པ་དྲག་ཏུ་བྱའོ༔ ཕྱག་མཚན་འདི་རང་གིས་བཅད་དགོས༔ རཱུ་པ་དེ་དབང་གི་སྦྱིན་སྲེག་བྱའོ༔ ཡང་མཚལ་དང་ལི་ཁྲི་རྒྱ་སྐྱེགས་ལ་ཡིག་བརྒྱད་ཤམ་རུ༔ སརྦ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་སྟོང་ཕྲག་གི་གྲངས་སུ་སྔགས༔ རང་གི་སྙིང་གར་ཐིག་ལེའམ་དགའ་བ་འཁྱིལ་པ་བྲིས་ན་གང་མཐོང་དགའ་ཞིང་བྱམས་པར་འགྱུར༔ ཤྭ་རྒྱན་རྒྱལ་བ་ལ་ཡིག་བརྒྱད་མཐར༔ སརྦ་ཨརྠ་སིངྷི་རེ་འདོད་མུ་ན་ཡེ་སྭཱ་ཧཱ༔ ཞེས་ཉེར་གཅིག་གིས་རྒྱལ་བར་འགྱུར༔ ཆར་པ་དབབ་ན་རང་ཉིད་སྒྲོལ་མར་བསྒོམ༔ གཞུང་ལྟར་བསྐྱེད་བསྟོམ་མཆོད་བསྟོད་བྱས་ལ༔ ཡིག་བཅུ་བཟླ༔ སྤྲ་ཚིལ་ལམ་བག་ཟན་ལ་ཀླུའི་གཟུགས་སྟོད་ལྟ་བུ་སྨད་སྦྲུལ་མཇུག་རིན་པོ་ཆེས་བརྒྱན་པ༔ དར་གྱི་ན་བཟའ་གསོལ་བ་སོར་བཞི་པ་བྱ༔ སྙིང་ཁར་དར་སྔོན་པོའམ་དུག་ཤོག་མ་ཡིན་པའི་ཤོག་བུར༔ ཕུ་ཛ་ཡ་བི་ཛ་ཝ་རུ་ཎྭ༔ ཨཱ་ནནྟ༔ ཏཀྵ་ཀ༔ ཀུ་ལི་ཀ༔ བཱ་སུ་ཀི༔ ཤང་ཁ་པཱ་ལ༔ པདྨ༔ མ་ཧཱ་པདྨ༔ སརྦ་ནཱ་ག་ནཱ་གི་ཛ༔ ཞེས་བཅུག་པ་སྟེ༔ དེ་ཡང་ཤོག་དྲིལ་སྨྱུག་སྦུག་ཏུ་བཅུག༔ ཀླུ་སྨན་རིལ་བུ་ཡང་བརྫང་༔ ཁ་སྤྲ་ཚིལ་གྱིས་བཅད་ལ་བཞག་པའོ༔ མཚོ་ཆུ་མིག་ཁ་ཤར་དུ་བལྟ་བ་བྱ་ཁྱིས་མི་གནོད་སར་སྦས༔ སྒྲོལ་མའི་སྙིང་པོར་གོང་གི་ཀླུ་བཅུ་འཁོར་བཅས་ཀྱི་སྔགས་དང་༔ འབེབས་སྔགས༔ མ་ཧཱ་མེ་གྷ་སྭཱ་ཧཱ༔ ནཱ་གཱ་ནཱ་གི་ཆར་ཕོབ༔ ནཱ་ག་རཱ་ཛ་ས་མ་ཡ་བྷ་རི་ཤ་ཡ་ཕོབ་ཡ༔ ཞེས་དྲག་ཏུ་བཟླ༔ རང་ཉིད་སྒྲོལ་མའི་ཐུགས་སྲོག་ས་བོན་ལས་འོད་འཕྲོས༔ ཀླུ་རྒྱལ་འཁོར་བཅས་སྤྱན་དྲངས་འཕགས་མའི་ཕྱག་གི་མཆོད་སྦྱིན་ལས་ཀླུ་སྨན་གྱི་མཆོད་སྦྱིན་བབ༔ གླུ་ཡིས་ཁྲུས་བྱས་ལོངས་སྤྱོད་པས༔ ན་བ་གསོས༔ འཆི་བ་བསློང་༔ སྡུག་བསྔལ་ཞི༔ སྡིག་སྒྲིབ་དག༔ བདེ་བ་དང་ལྡན་པར་བྱས༔ དེ་དག་གི་གདེངས་ཀ་ཁ་སྣན་ནས་རླངས་པ་སྤྲིན་དུ་གྱུར་པས༔ ཆར་པ་དྲག་ཏུ་འབེབས་པར་བསམ༔ གཙང་སྦྲ་དང་ལྡན་པས་གཟུགས་ཀླུ་ཆེན་བཅུ་འཁོར་བཅས་བསམ༔ ཀླུ་གཏོར་བཏང་ཤིན་ཏུ་ཟབ༔ སད་བསྲུང་ན༔ ཟངས་སྣོད་དུ་ས་སྣ་རྡེའུ་བཅས་ཆུ་སྣས་བཀང་༔ ལྕགས་ཀྱི་མཉྩིལ་ལྟ་བུར་བཀོད༔ གཤམ་ནས་མར་མེ་སྔར༔ ནང་དུ་གོང་གི་ཀླུ་གཟུགས་བ་ཆུ་སྔགས་རྒྱུན་མི་ཆད་པའམ་ཆུན་དྲུག་ཉིན་ནུབ་མེད་པར་འབད༔ཆར་ཆོག་ཅི་ལྟ་བའོ༔ ཆུ་སྣ་རླངས་པ་མ་ཡལ་བ་གལ་ཆེ༔ སྲིའུ་གསོན༔ འཁོར་ལོ་མུ་ཁྱུད་གསུམ༔ ལྟེ་བར་ཏྭྃ༔ སྟེང་ནས་སྔགས་ཡིག་བཅུ་དང་༔ བྱིས་པ༔ ཆུང་སྲི་བྱིས་པའི་གདོན་བཅོ་ལྔའི་གནོད་པ་ལས་སྲུང་ཤིག༔ རཀྵཾ་ཀུ་རུ་ཧཱུྃ༔ དེ་རྒྱབ་འཁོར་ལོ་རྩིབས་བཞིར༔ སརྦ་ཧ་རི་རཀྨོ་པོ་ཤ་ཙ་ཏུ་ཏྲི་ཀཱ་ཡ་ཝཱ་ཀ་མ་ན་བྷནྡྷ་ཧཱུྃ་ཕཊ༔ ཅེས་རེ་རེ་དང་༔ རྩིབས་མཆན་ལ༔ ཆུང་སྲི་དང་གནོད་བཅོ་ལྔའི་གནོད་པ་བྷྱོ་ཟློག༔ ཡིག་མགོ་ནང་ལ་བསྟན་ནས་བྲི༔ དེ་རྒྱབ་མེ་རི༔ ཡུངས་ཀར་གུ་གུལ་ལི་ཁྲི་བཞག༔ སྲུང་འཁོར་སྒྲོལ་མར་བསྒོམ༔ རབ་ཏུ་གནས༔ ཅི་བདེར་ལྟེ་བ་མ་ཉམས་པར་ལྟེབ༔ མགུལ་ཏུ་བཏགས་ན་ཆུང་སྲི་ཐུབ་པར་ཐེ་ཚོམ་མེད༔ གཞན་ཡང་ཐལ་ཆེན་ཉུང་ཀར་སྔགས་འདིས་བཏབ་ལ༔ ཡིག་བཅུ་དང་༔ སརྦ་ཧ་རི་རཀྨོ་བིགྷྣ་ན་ཧ་ན་ཤཱནྟིཾ་ཀུ་རུ་ཧཱུྃ༔ ཞེས་བརྒྱ་སྟོང་བཟླས་ཁོང་དུ་བཏང་༔ གུ་གུལ་བདུག༔ ཡུངས་ཀར་གྱིས་བྲབ་པས་བྱིས་པའི་གདོན་ཞི་བར་འགྱུར་རོ༔ སེར་བ་གདོང་བཟློག་ལ༔ ཡིག་བཅུ་དང་༔ སརྦ་ཏྲཱི་མཱ་ར་ཡ་རྦད་ནན་བྷྱོ༔ ཞེས་པས་ཡུངས་ཀར་ལ་སྔགས་ནས༔ གཏོར་མ་སེར་བཟློག༔ ཕྱུགས་ནད་གང་ལ་ཡང་ཡིག་བཅུའི་མཐར༔ སརྦ་ཏྲཱི་ཤུ་ལ་ནཱ་ག་རྦད༔ དུ་དུ་རྦད༔ ཤི་དུ་རྦད༔ འགྲོ་བའི་ནད་ལ་རྦད༔ ཅེས་བྲིས་པ་གི་ཝཾ་ལི་ཁྲི་བྱུག༔ ཡིག་བཅུས་རབ་གནས་བྱས་ན་ཐུབ༔ རྦོད་གཏོང་བཟློག་ན༔ སཱཙྪའམ་མཆོད་རྟེན་ནག་པོའི་ནང་༔ སརྦ་དུཥྚཾ་བེ་ག་བྷྱོ༔ སརྦ་ཤ་ཏྲཱུ་རཱུ་པ་ད་ཧ་པ་ཙ་མནྟྲ་ཧཱུྃ་ཕཊ༔ ཅེས་ཤོག་དྲིལ་བྱས་ནས་བཅུག༔ ཡུངས་ཀར་འབྲུ་དགུར་ཡིག་བཅུ་སྟོང་བཟླ༔ རབ་གནས་བྱས༔ བྱད་མ་གནས་པའི་ཕྱོགས་སུ་སྦས་ན་ཐུབ་བོ༔ དབང་ཐང་རྒྱས་པར༔ ཟངས་མའི་བུམ་པར་བྱིན་བརླབས་གནས་ཆེན་དང་༔ བཀྲ་ཤིས་པའི་ས་སྣ༔ འབྲུ་སྨན་གྱིས་བཀང་པའི་དཀྱིལ་དུ༔ ཙནྡན་དམར་པོའི་བྱང་བུའི་རྩེར་ཉི་ཟླ་དང་ནོར་བུ་དབང་རྒྱལ་གྱི་ལྟེ་བར་ཡིག་བརྒྱད་མཐར༔ མ་མ་པུཎྱེ་ཨཱ་ཡུ་ར་ཏིཥྛ་སརྦ་པུཥྚིཾ་ཀུ་རུ་སྭཱ༔ ཞེས་གསེར་གྱིས་བྲིས་ཤམ་བུ་དཀྲིས༔ སྒྲོལ་མར་བསམ༔ རབ་ཏུ་གནས༔ ཞབས་སུ་པདྨ་འདབ་བརྒྱད་དང་༔ ཁ་ཆོད་ལ་གསེར་གྱི་འཁོར་ལོ་དང་༔ དར་དམར་གྱིས་གཏུམ༔ བུམ་པ་ལ་ཕྱོགས་བཞིར་རིགས་ལྔའི་ཕྱག་མཚན་བྲིས་ཁྱིམ་གྱི་སྦུག་ཏུ་མཆོད་ལ་དོན་ཐམས་ཅད་འགྲུབ་པར་འགྱུར་རོ༔ ཚེ་སྤེལ་ན་ཡིག་བརྒྱ་མཐར༔ མ་མ་ཨཱ་ཡུ་པུཎྱེ་ཛྙཱ་ན་སརྦ་སིདྡྷི་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླ༔ ནོར་བསྒྲུབ་ན་བུམ་པ་གོང་དང་འདྲ༔ ནང་དུ་ཕྱུག་པོ་སྟོབས་འབྱོར་ཅན་གྱི་རྫས་རིན་ཆེན་ལྔ༔ འབྲུ་ལྔ༔ སྨན་ལྔ་སོགས་ཀྱིས་བཀང་༔ དབུས་སུ་ཙནྡན་བྱང་བུར༔ རིན་ཆེན་དབང་རྒྱལ་ལྟེ་བར་ཡིག་བཅུ་དང་༔ དྷ་ན་མེ་དྷི་སརྦ་བ་སུ་སིདྡྷི་པུཥྚིཾ་ཀུ་རུ་བྷྲཱུཾ༔ རྣམ་སྲས་དང་༔ ཛཾ་ལའི་སྙིང་པོ་བྲི༔ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན་གཤམ་དུ་བྲིས་ལ་གཞན་གོང་དང་འདྲ༔ མཛོད་དུ་སྦས་སྒྲོལ་མར་བསམ༔ རབ་གནས་བྱས་པས་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་བུ་ལྟར་རྒྱུན་མི་འཆད་པར་འབྱུང་༔ རྫོགས་རིམ་ནི། རང་ཉིད་འཕགས་མ་མི་དམིགས་པར་བསམ༔ ཀ་དག་ངང་དུ་མཉམ་པར་བཞག༔ སླར་ཆུ་ལ་ཉ་འཕར་བའི་ཚུལ་ལྟ་བུས་འཕགས་མའི་སྐུར་ལྡང་༔ དགེ་བ་སྔོ༔ བཀྲ་ཤིས་བརྗོད༔ འཕགས་མ་སྒྲོལ་མའི་གསང་སྒྲུབ་ཟབ་པའི་སྙིང་པོ་གུ་རུའི་ཐུགས་བཅུད་འདི༔ དབུས་ནས་སྨོན་ལམ་འབྲེལ་བ་ཡི༔ མི་ཆེན་ཞིག་གི་བསྐུལ་བ་འབྱུང་༔ ཤེས་པའི་ལུང་དོན་ལྟར་འདོད་དཔལ་མཁན་རིན་པོ་ཆེའི་སྐུ་ཞབས་སུ་བཀའ་གནང་བཞེད་པ་བསྒྲུབ་སླད་དུས་མཐའི་དགེ་སློང་རྡོ་རྗེ་འཛིན་པ་དབང་གི་རྒྱལ་པོ་ནུས་ལྡན་དྲག་པོ་རྩལ་གྱིས་ལྷ་ལྡན་འཕྲུལ་སྣང་གི་ཤཱཀྱའི་རྒྱལ་པོའི་ཕོ་བྲང་དང་ཉེ་བར་གཡུ་ཐོག་ཁང་སར་དུ་དགོངས་པའི་གཏེར་ལས་ཡི་གེར་ཕབ་པའི་དགེ་བས་འགྲོ་ཀུན་རྒྱལ་ཡུམ་སྒྲོལ་མའི་གོ་འཕང་ཐོབ་པར་གྱུར་ཅིག །

སྒྲོལ་མ་གསང་སྒྲུབ་ཀྱི་དབང་སྐུ་བཞིའི་བྱིན་རླབས་མྱུར་འབེབས།

༄༅། །སྒྲོལ་མ་གསང་སྒྲུབ་ཀྱི་དབང་སྐུ་བཞིའི་བྱིན་རླབས་མྱུར་འབེབས་བཞུགས་སོ། །

༈ སྒྲོལ་མའི་དབང་ལ་མཎྜལ་དམར་མོ་པདྨ་འདབ་བརྒྱད་དབུས་སུ་མཉྫིར་བུམ་པ་རྒྱུན་འབབས་ཆུ་ཡིས་སུམ་གཉིས་བཀང་བུམ་རྫས་སྦྱར༔ ཀུ་ཤ དང་རྨ་བྱའི་མདོངས་ཀྱིས་ཁ་བརྒྱན༔ དོ་རྗེ་གཟུངས་ཐག་བཅས༔ ཐོད་པའི་བདུད་རྩིར་ཀ་ར་སྦྲང་རྩི་བཏབ༔ མེ་ལོང་སིནྡྷུ་ར་ཡིས་བྱི་དོར་བྱས༔ ཆོས་འབྱུང་སྒྲོལ་མའི་སྔགས་ས་བོན་བཅས་པས་ཁ་བཀབ༔ སྐུ་དང་སྔགས་ཕྲེང་ཤེས་རྡོ་གཏོར་མ་དར་དམར་གྱི་གདུགས་ཕུབ་པ་བཤམས༔ གཞན་ཡང་མཆོད་རྫས་ཉེར་སྤྱོད་སྨན་ཕུད་ཚོགས་ལ་སོགས་མཁོ་བའི་ཡོ་བྱད་འདུ་བྱ༔ ཁྲུས་དང་མཎྜལ༔ དཔལ་ལྡན་བླ་མ་རྡོ་རྗེ་འཛིན༔ སྲིད་པའི་འཇིགས་པ་སྒྲོལ་བ་པོ༔ ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ ལན་གསུམ༔ གུར་ནས་འབྱུང་བའི་རྒྱུན་བཤགས་དང་༔ བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ༔ མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་འབྱུང་བ༔ ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ༔ མངའ་བདག་བདག་ལའང་དེ་ལྟར་མཛོད༔ འཁོར་བ་འདམ་གྱི་ཚོགས་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབས༔ ཞེས་པར་གྱིས་གསོལ་བ་གདབ༔ དམ་ཚིག་བསྐྱེད་སྤྱན་དྲངས་ཡེ་ཤེས་པ་བསྟིམ༔ ཏིཥྛ་བཛྲ༔ གྱིས་བརྟན་པར་བྱའོ༔ བུམ་པས་དབང་བསྐུར༔ བུམ་པ་དག་པ་ཆོས་དབྱིངས་གཞལ་ཡས་སུ༔ བུམ་རྫས་ལོངས་སྐུ་འཕགས་མ་སྒྲོལ་མ་ཡི༔ སྤྲུལ་སྐུ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ བུམ་ཆུ་བླུད༔ བོད་པའི་བདུད་རྩི་མགྲིན་པར་བཞག༔ འཕགས་པ་མཆོག་དང་དམ་ཚིག་སྒྲོལ་མ་ཡུམ༔ སྦྱོར་བའི་མཁའ་གསང་བྱང་ཆུབ་སེམས་རྒྱུན་གྱིས༔ གསང་བའི་དབང་མཆོག་དམ་པ་འདི་བསྐུར་བས༔ གྲགས་སྟོང་གསང་བའི་གསུང་གི་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དམ་ཆུ་བླུད༔ སིནྡྷུ་རས་ཐིག་ལེ་གནས་གསུམ་དུ་དགའ་བ་འཁྱིལ་བ་བྲིས་ལ༔ བདེ་བ་སྙིང་རྗེ་ཆེན་པོ་ཐབས་ཀྱི་གསང་༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཡུམ་གྱི་མཁའ༔ མཉམ་སྦྱོར་བྱང་སེམས་ལུགས་འབྱུང་ལུགས་ལྡོག་གི༔ དགའ་བཞིའི་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར༔ ཨེ་ཝྃ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ སྒྲོལ་མའི་སྐུ་སྤྱི་བོར་བཞག༔ རྒྱལ་ཀུན་ཡུམ་གྱུར་འཕགས་མ་འཁོར་ལོས་སྒྱུར༔ ཕྲིན་ལས་རང་གཟུགས་དམ་ཚིག་སྒྲོལ་མ་ཡི༔ ལྷ་སྐུ་ཕྱག་རྒྱས་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བརྒྱའི་མཐར༔ ཀཱ་ལ་ཝཱ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ བཟླས་ལུང་འབོག༔ སྔགས་དང་ཕྲེང་བས་དབང་བསྐུར༔ བསྐྱེད་རིམ་སྣང་སྟོང་སྒྱུ་མའི་སྐུར་གསལ་བའི༔ གྲགས་སྟོང་རིག་སྔགས་ཆུ་བོའི་རྒྱུན་ལྟར་ཟློས༔ སྒྲ་རུ་གྲགས་ཀུན་འཕགས་མའི་གསུང་རྡོ་རྗེ༔ མངོན་གྱུར་བྱིན་རླབས་ནུས་པའི་དབང་ཐོབ་ཤོག༔ ཡིག་བཅུ་ཤེལ་རྨ་བྱའི་མདོངས་བསྟན་ལ༔ ཨ༔ རང་རིག་མཚན་བྲལ་ཀ་དག་སྟོང་པ་ཉིད༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་འཇའ་ཚོན་བཞིན༔ སྣང་སྟོང་དབྱེར་མེད་བདེ་ཆེན་འདུས་མ་བྱས༔ རིག་པ་རྩལ་གྱིས་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུའི་མཐར༔ དྷརྨ་དྷཱ་ཏུ་ཨ་བྷི་ཥིཉྩ་ཨ༔ གཏོར་མའི་བཀའ་བསྒོ་བྱ༔ དམ་ཚིག་ཁས་བླང་མཎྜལ་ཕུལ༔ དེ་ལྟར་དབང་འདི་ལྕགས་གྲོང་མཁན་རིན་ཆེན་སྐལ་བཟང་ཕྲིན་ལས་ཡར་འཕེལ་སྨོན་ལམ་འབྲེལ་པས་ཆོས་འདིར་དབང་བས་ཐོག་མར་དབང་ཕུལ་སྐབས་སུ། རྡོ་རྗེ་དྲག་པོའི་ཀུན་བཞིའི་མཚོ་ལས་བྱུང་བ། དེ་བས་ཁམས་གསུམ་དཔལ་ཀུན་རང་དབང་སྤྱོད་ཅིང་བསྟན་འགྲོའི་ཕན་བྱེད་རྒྱས་པར་གྱུར་ཅིག །ས་མ་ཡ་རྒྱ༔

སྒྲོལ་མ་གསང་སྒྲུབ་ཀྱི་ལས་བྱང་དངོས་གྲུབ་འདོད་འཇོ།

༄༅། །སྒྲོལ་མ་གསང་སྒྲུབ་ཀྱི་ལས་བྱང་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ༔

༈ རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་འཆང་ཆེན་པོ། །འཕགས་མ་སྒྲོལ་མ་མཆོག་ལ་གུས་བཏུད་ནས། །གང་གི་གསང་སྒྲུབ་ལས་བྱང་དཔག་བསམ་ཤིང་། །དངོས་གྲུབ་འདོད་འཇོ་འདི་རུ་བཤད་པར་བྱ། །སྒྲོལ་མ་གསང་སྒྲུབ་ཀྱི་ཉམས་སུ་ལེན་པ་དོན་དུ་གཉེར་བའི་གང་ཟག་གིས་གནས་ཡིད་དང་མཐུན་པར། བྲིས་འབུར་གྱི་རྟེན་བཀྲམ་ལ། དེའི་མདུན་དུ་སྟེགས་ལ་མཎྜལ་པདྨ་འདབ་བརྒྱད་ལ་ཁ་དོག་དམར་པོའི་དབུས་སུ་ཚོམ་བུ་བཀོད། མཐར་རྡོར་མེ་རི་བཅས་རྡུལ་ཚོན་རས་བྲིས་སམ་འབྲས་རྡུལ་ཚོན་གྱིས་ཁ་དོག་བསྒྱུར་བ་གང་རིགས་བྱ། མཐར་སྐོར་མཆོད་དམ། སྦྲེངས་ཚར་གང་རིགས་སུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ། ནང་མཆོད་གཏོར་མ་ཟླུམ་པོའམ་ཡང་ན་ཁ་ཟས་བཟང་རྒུ་རིན་པོ་ཆེའི་སྣོད་དུ་བཤམས༔ དུང་ཆོས་དང་དྲི་བཟང་གི་ཆུ། ཀུ་ཤའི་འཐོར་གཡབ་སྔོན་འགྲོ་གཏོར་མ་བཅས་པ་དང་། གཞན་ཡང་མཆོད་རྫས་ཚོགས་ཀྱི་ཡོ་བྱད་འདུ་བྱ། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ཅང་ཏེའུ། ནས་ཟེ། བཟེད་ཞལ་སོགས་ཉེར་མཁོའི་ཡོ་བྱད་འཚོགས་པར་བྱ། བདེ་བའི་གདན་ལ་འཁོད་དེ། སངས་རྒྱས་ཆོས་དང་ཚོགས་ཀྱིས་མཆོག་རྣམས་ལ། ནས། སངས་རྒྱས་འགྲུབ་པར་ཤོག །བར་གྱི་སྐྱབས་སེམས་ལན་གསུམ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། སོགས། འདྲེན་པའི་དཔལ་དུ་བདག་གྱུར་ཅིག །བར་གྱི། ཡན་ལག་བདུན་པ་བརྗོད། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཞེས་བཟླ། བསངས་ཆུ་བདུད་རྩི་འཁྱིལ་པའི་སྔགས་ཀྱི་རང་བཞིན་བསམ། སྔོན་འགྲོ་གཏོར་མ། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ༔ ལྷ་ཀླུ་གནོད་སྦྱིན་སྲིན་པོ་དང་། །ཡི་དྭགས་འབྱུང་པོའི་ཚོགས་མ་ལུས། །མཆོད་སྦྱིན་གཏོར་མ་འདི་ཁྱེར་ལ། །ཞི་བའི་སེམས་ཀྱིས་གནས་པར་གྱིས། །ཨཱ་ཀཱ རོ་སྔགས་བཅས་ཕུལ། །སྟེང་འོག་ཕྱོགས་མཚམས་རིག་སྔགས་འཁོར་ལོ་དང་། །འོད་ཟེར་དྲུག་པ་རྡོ་རྗེ་ར་བ་གུར། །ཡེ་ཤེས་མེ་དཔུང་རབ་ཏུ་འབར་བ་ཡི། །སྲུང་བའི་འཁོར་ལོས་བར་མཚམས་མེད་པར་གཏམས། །ཨོཾ་ཏཱ་རེ་བཛྲ་རཀྵ་སྭཱ་ཧཱ༔ ཞེས་སྲུང་འཁོར་བསྒོམ། གནས་ཁང་། ཨོཾ་བཛྲ་ཨ་མྲྀ་ཏས་བསང་། སྭཱ་བྷ་ཝས་སྦྱང་། གནས་ཁང་བྷྲཱུཾ་ལས་ཐར་པ་ཆེན་པོ་ཡི། །གཞལ་མེད་ཁང་དུ་ཨཱཿལས་པད་སྣོད་དུ། །སྨན་དང་གཏོར་མ་མཆོད་པའི་བྱེ་བྲག་ཀུན། །རྣམ་པ་དེར་འཆར་ངོ་བོ་བདུད་རྩིར་གྱུར། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ པྱཱཏཱཾ་ཨོཾ་ཨཱཿཧཱུྃ༔ བདུད་རྩི་ལ་དམིགས་ལན་གསུམ། ཨོཾ་བཛྲ་པུཥྤེ་ནས། ཤབྡ་ཨཱཿཧཱུྃ༔ ཞེས་པས་བྱིན་གྱིས་བརླབ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ༔ རྣམ་པར་རྟོག་པའི་ཆོས་ཐམས་ཅད། །གདོད་ནས་མཚན་བྲལ་སྟོང་པའི་ངང་། ཞེས་པ་ནས། བདག་མདུན་བཅོམ་ལྡན་སྒྲོལ་མའི་སྐུ། ཞེས་འདོན་པ་སྤོས་ལ། འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །བདག་མདུན་ཚིག་རིས་གཅིག་གིས་སོ་སོར་བསྐྱེད་ལ། །པོ་ཊ་ལ་ཡི་གནས་མཆོག་ནས། །སོགས་ནས། ཛཿཧཱུྃ་བྃ་ཧྃ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ནས༔ སོགས། འོད་དཔག་མེད་པས་དབུ་བརྒྱན་གྱུར། །ཞིང་ཁམས་རབ་འབྱམས་གང་བ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །སོགས་ནས། ཤབྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ། རྒྱས་པར་སྤྲོ་ན། ཞིང་ཁམས་རབ་འབྱམས་གང་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། །འཕགས་མ་སྒྲོལ་མ་འཁོར་བཅས་ལ། །བདག་འབུལ་ཐུགས་རྗེའི་མཐུ་ཡིས་བཞེས། །ཨོཾ་ཨཱརྱ་ཏཱ་རེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ དེ་བཞིན་དུ། ལྷ་རྫས་དམ་པའི་ཞབས་བསིལ་འདི། པཱ་དྱཾ། ལྷ་རྫས་དམ་པའི་མེ་ཏོག་འདི། པུཥྤེ། ལྷ་རྫས་དམ་པའི་བདུག་སྤོས་འདི། དྷུ་པེ། ལྷ་རྫས་དམ་པའི་མར་མེ་འདི། ཨཱ་ལོ་ཀེ། ལྷ་རྫས་དམ་པའི་དྲི་ཆབ་འདི། གནྡྷེ། ལྷ་རྫས་དམ་པའི་ཞལ་ཟས་འདི། ནཻ་ཝི་དྱ། ལྷ་རྫས་དམ་པའི་རོལ་མོ་འདི། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཐོག་མཐར་འདྲ་བས་མཆོད། ཚངས་དང་དབང་པོ་བིཥྞུ་དང་། །དྲག་པོ་བདུད་དང་འཇིག་རྟེན་གསུམ། །མ་ལུས་དབང་དུ་མཛད་པ་ཡི། །འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད། །ཆགས་བྲལ་ཐབས་ཤེས་པདྨ་ཉི་ཟླའི་སྟེང་། །བཅོམ་ལྡན་ཁྱེད་སྐུ་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་གཉིས་ཞི་ཆགས་འདྲེས་པའི་ཉམས། །ལོངས་སྤྱོད་མཚན་དཔེ་རྫོགས་ལ་ཕྱག་འཚལ་བསྟོད། །ཞལ་བཞད་སྨིན་ལེགས་ཤངས་དཀྱུས་ལྟ་ན་སྡུག །སྤྱན་ཟུར་པདྨ་རྒྱས་པའི་འདབ་ལྟར་མཛེས། །དབུ་སྐྲ་བུང་བ་ལྟར་གནག་ལྟག་པར་བཅིངས། །ནུ་རྒྱས་སྐེད་སྐབས་ཕྲ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་ཨུཏྤལ་འཛིན། །དགའ་བའི་ཆ་རྫོགས་བཅུ་དྲུག་ལོན་པའི་ཚུལ། །ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམས་འགྱིང་བཅས་བཞུགས། །སྲིད་ཞིའི་མཛེས་པའི་ཕུལ་ཁྱེད་ཕྱག་འཚལ་བསྟོད། །འཛམ་བུའི་གསེར་དང་མུ་ཏིག་ལ་སོགས་པའི། །དབུ་རྒྱན་སྙན་མགུལ་ཕྱག་ཞབས་མཛེས་པར་བྱས། །སྟ་ཟུར་སྐེད་དུ་ནུ་འབུར་ཕྲེང་བ་དང་། །ཨུཏྤལ་དམར་པོས་སྤྲས་ལ་ཕྱག་འཚལ་བསྟོད། །དྲི་མེད་ལྷ་རྫས་དམར་པོའི་སྟོད་གཡོགས་དང་། །སྣ་ཚོགས་དར་གྱི་སྨད་དཀྲིས་ཅོད་པན་གཡོན། །ཡིད་འོང་ཆུ་ཤེལ་དབང་པོའི་རྒྱབ་ཡོལ་ཅན། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ཕྱག་འཚལ་བསྟོད། །བདག་སོགས་སྐྱེ་དང་ཚེ་རབས་ཕྲེང་ཀུན་དུ། །འཕགས་མ་ཁྱེད་ཀྱིས་དགེ་བའི་བཤེས་མཛོད་ལ། །འཇིགས་པ་བརྒྱད་དང་བཅུ་དྲུག་ལས་སྒྲོལ་ནས། །འགྲོ་བ་མགོན་མེད་རྣམས་ཀྱི་མགོན་གྱུར་ཅིག །རང་རིག་གདོད་ནས་ཆོས་ཀྱི་སྐུར་བཞུགས་ཀྱང་། །རང་ངོ་མ་ཤེས་མ་རིག་གིས་ནོངས་པ། །གང་གི་མཐུ་ལས་བདེ་ཆེན་སྐད་ཅིག་ལ། །འཆར་ནས་ཟུང་འཇུག་གོ་འཕང་མྱུར་ཐོབ་ཤོག །གནས་སྐབས་ནད་གདོན་བགེགས་སོགས་མི་མཐུན་ཞི། །ཚེ་བསོད་དཔལ་འབྱོར་ལེགས་བྱས་རབ་ཏུ་རྒྱས། །ཁམས་གསུམ་མོས་བཞི་འབད་མེད་དབང་དུ་འདུས། །གཞན་དོན་བྱང་ཆུབ་སྤྱོད་པ་མཐར་ཕྱིན་ཤོག །བསྟན་པ་དར་ཞིང་བསྟན་འཛིན་ཞབས་བརྟན་ཞིང་། །རྒྱལ་ཁམས་བདེ་ཞིང་ཆོས་བཞིན་སྤྱོད་པ་དང་། །འབྲེལ་བཅས་འགྲོ་ཀུན་རྡོ་རྗེ་འཆང་གི་སར། །འགོད་ནུས་འཕགས་མའི་ཐུགས་རྗེས་སྐོང་གྱུར་ཅིག །རང་གི་སྙིང་ཁར་ཨུཏྤལ་དམར་པོ་ཟླ་ཉིའི་གདན་ལ་ཡེ་ཤེས་སེམས་དཔའ་དང་། དེའི་ལྟེ་བར་ཏཱཾ་དམར་པོ་དང་ཏིང་ངེ་འཛིན་སེམས་དཔའ། དེ་མཐར་ཡིག་བཅུས་བསྐོར་བ་ཞལ་ནང་བསྟན་གསལ་བཏབ་ལ། ཨོཾ་ཏཱ་རེ་ཏུཏྟ་ཏུ་རེ་ཏུ་རེ་སྭཱ་ཧཱ༔ ཞེས་བཟླས་ཚོགས་རྫས་ཁ་ན་མ་ཐོ་མེད་པ་ཇི་ལྟར་འབྱོར་བ་བཤམས། ཚོགས་ཀྱི་མ་དག་ཉེས་སྐྱོན་ཀུན། །རྃ་ཡྃ་ཁྃ་གི་བསྲེགས་གཏོར་བཀྲུས། །ཨོཾ་ཨཱཿཧཱུྃ་གི་ཡེ་ཤེས་ཀྱི། །ཟག་མེད་བདུད་རྩིའི་ངོ་བོར་གྱུར། །ཆོས་དབྱིངས་རྣམ་དག་ཞིང་ཁམས་ནས། །རྗེ་བཙུན་འཕགས་མ་སྒྲོལ་མ་ལ། །རྒྱལ་བ་སྲས་བཅས་འཁོར་གྱིས་བསྐོར། །འདི་གཤེགས་དམ་རྫས་བྱིན་གྱིས་རློབས། །དམ་ཚིག་སྒྲོལ་མ་ཡུམ་དང་སྲས། །རྩ་གསུམ་དམ་ཅན་རྒྱ་མཚོ་ལ། །འདོད་ཡོན་མི་རྟོག་བདེ་ཆེན་རྫས། །ཚོགས་ཀྱི་མཆོད་པ་དམ་པ་འབུལ། །ཚོགས་དང་པོ་ཕུལ། བདག་ཅག་མ་རིག་འཁྲུལ་དབང་གིས། །འཕགས་མ་སྒྲོལ་མ་འཁོར་བཅས་ཀྱི། །ཐུགས་འགལ་ཉེས་སྐྱོན་སྒྲིབ་པའི་ཚོགས། །ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས། །ཡིག་བརྒྱ་བརྗོད། བདག་གི་ཚེ་དང་བསོད་ནམས་ལ། བར་གཅོད་དགྲ་བགེགས་མ་ལུས་པ། །ཚོགས་འདིར་བསྟིམས་ནས་ཁྱོད་ཞལ་བསྟབ། །བྱང་ཆུབ་བསྒྲུབ་བགེགས་མེད་པར་མཛོད། ཨཱ་རྱ་ཏཱ་རེ་ས་པ་རི་ཝཱ་ར་མ་ཏྲཾ་རུ་ཏྲ་མཱ་ར་ཡ་སརྦ་ཤ་ཏྲཱུ་ཁཱ་ཧི༔ ལྷག་ལ་དབང་བའི་མཁའ་འགྲོ་མ། །རྫུ་འཕྲུལ་ཐོགས་མེད་མཁའ་ལ་འགྲོ། །སྐལ་ལྡན་རྗེས་འཛིན་སྐལ་མེད་སྒྲོལ། །ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབས། །ཌཱ་ཀི་ཌཱ་ཀི་བ་ལིཾ་ཏ་ཁཱ་ཧི། ཞེས་ལྷག་མ་ཕུལ། ཐོག་མ་བར་དང་ཐ་མའི་བསྐལ་པ་ལ། །ཀུན་བཟང་སྒྲོལ་མ་པདྨ་ཐོད་ཕྲེང་གིས། །དགོངས་པ་གཏད་དང་རྒྱུད་གསུངས་གཏེར་སྦས་ཚེ། །ཡེ་ཤེས་ལས་ཀྱི་མཁའ་འགྲོ་དམ་ཅན་རྣམས། །རང་རང་གཟུགས་བསྟན་རང་རྟགས་སྲོག་སྙིང་ཕུལ། །ཅི་ལྟར་དམ་ལ་བཏགས་པའི་ཁས་བླངས་ལྟར། །གཏོར་མ་འདི་བཞེས་བར་ཆད་བཟློག་པ་དང་། །བཅོལ་བའི་ཕྲིན་ལས་རྣམ་བཞི་བསྒྲུབས་པར་མཛོད། །ད་དུས་བསྐལ་པར་སྐལ་ལྡན་ཆོས་བདག་གིས། །དགོངས་པ་ཟབ་མོའི་གཏེར་ཁ་འབྱེད་པའི་ཚེ། །སྲུང་མ་སོ་སོས་ཁས་བླངས་ཅི་བཞིན་དུ། །གཏོར་མ་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད། །ཆད་ཐོ་ཕུལ། སློབ་དཔོན་པདྨའི་དཀའ་ཉན་བརྟན་མའི་ཚོགས། །འདིར་གཤེགས་བཀའ་ཡི་གཏོར་མ་འདི་ལོངས་ལ། །ནད་ཁ་ཆོད་ལ་མཚོན་བསྐལ་ཐུལ་པ་དང་། །བོད་ཁམས་བདེ་བའི་སྡོང་གྲོགས་མཛད་དུ་གསོལ། །མ་མཱ་ལི་ལཱི་ཁ་ཁཱ་ཏེ་ཏེ་མ་མ་སྲིང་འགྲོ་མ་བ་ལིཾ་ཁ་ཁ་ཁ་ཁཱ་ཧི་ཁཱ་ཧི། བརྟན་མ་ཕུལ། མཐར་མཆོད་བསྟོད་བསྡུས་པ་བྱ། ཡིག་བརྒྱ་ལན་གསུམ་བརྗོད། མ་འབྱོར་པ་དང་སོགས་ཤོ་ལོ་ཀ་གཉིས་ཀྱིས་བཟོད་གསོལ་བྱ། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འཁོད་པར་ཤོག །རྗེ་བཙུན་འཕགས་མ་སྒྲོལ་མ་ཡི། །ཐུགས་རྗེས་བདག་དང་འགྲོ་བ་ཀུན། །འབྲལ་མེད་རྟག་པར་སྐྱོང་གྱུར་ནས། །བཀྲ་ཤིས་བདེ་ལེགས་འཕེལ་བར་ཤོག །དགེ་བསྔོ་དང་བཀྲ་ཤིས་བརྗོད། དེ་ལྟར་འཕགས་མ་སྒྲོལ་མ་གསང་སྒྲུབ་ཀྱི་ལས་བྱང་དངོས་གྲུབ་འདོད་འཇོ་འདི་ཡང་འདོད་དཔལ་མཁན་རིན་པོ་ཆེ་སྐལ་བཟང་ཕྲིན་ལས་ཡར་འཕེལ་གྱིས་བཀའ་གནང་བ་ལྟར་རྡོ་རྗེ་དྲག་པོས་འོག་མིན་མཚུར་མདོ་བོ་ལུང་གི་གཙུག་ལག་ཁང་དུ་བྲིས་པ་མཁའ་མཉམ་འགྲོ་ཀུན་འཕགས་མའི་གོ་འཕང་ལ་འགོད་པར་གྱུར་ཅིག །ཤུབྷཾ།

ལྷ་བཟོ་རྡོ་རྗེ་དབང་ཕྱུག་གི་ངོར།

ཨོཾ་ཨཱཿཧཱུྃ། རྣམ་པ་ཀུན་གྱི་མཆོག་ལྡན་ཡེ་ཤེས་ཀྱི། །རང་གཟུགས་བཅོམ་ལྡན་འདས་མ་སྒྲོལ་མཛད་ཡུམ། །རྒྱལ་བ་སྲས་བཅས་བླ་མ་ཡི་དམ་དང་། །ཌཱ་ཀི་ཆོས་སྐྱོང་ཐུགས་དམ་བསྐོང་བའི་རྫས། །མེ་ཏོག་སྤོས་མཆོག་སྣང་གསལ་དྲི་ཞལ་སོགས། །ལྷ་མོ་བཅུ་དྲུག་སྨན་རཀ་གཏོར་ཆེན་དང་། །བདེ་སྟོང་མཉམ་སྦྱོར་དགའ་བཞི་འཛིན་བྲལ་སོགས། །ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི། །དགྱེས་རྫས་སྲིད་ཞིའི་དངོས་པོ་མ་ལུས་པ། །རྣམ་པ་འདོད་པའི་ཡོན་ཏན་མ་ཚང་མེད། །ངོ་བོ་ཟག་མེད་རྨད་བྱུང་བསྐྱེད་པ་འདིས། །རྩ་བར་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། །ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཐུགས་དམ་བསྐང་། །ཁྱད་པར་སྒྲོལ་མ་འཁོར་བཅས་ཐུགས་དམ་བསྐང་། །གཏེར་སྲུང་དྲག་པོའི་ཚོགས་ཀྱི་ཐུགས་དམ་བསྐང་། །དཀར་ཕྱོགས་སྐྱོང་བ་འཁོར་བཅས་ཐུགས་དམ་བསྐང་། །ཡུལ་ལྷ་གཞི་བདག་འཁོར་བཅས་ཐུགས་དམ་བསྐང་། །བསྐང་བར་འོས་པ་ཀུན་གྱི་ཐུགས་དམ་བསྐང་། །སྟོང་པ་ཆོས་ཀྱི་དབྱིངས་སུ་ཐུགས་དམ་བསྐང་། །སྣང་བ་འཛིན་མེད་ཀློང་དུ་ཐུགས་དམ་བསྐང་། །སྣང་སྟོང་ཟུང་འཇུག་ཆེན་པོར་ཐུགས་དམ་བསྐང་། །ཀ་དག་ཀུན་བཟང་ཀློང་དུ་བསྐང་གྱུར་ཅིག །ཅེས་པའང་ལྷ་བཟོ་རྡོ་རྗེ་དབང་ཕྱུག་གི་ངོར་རྡོ་རྗེ་དྲག་པོས་བརྗོད་པའོ། །ཤུབྷཾ།

སྒྲོལ་མའི་གསང་སྒྲུབ་དབང་གི་སྦྱིན་སྲེག་ཁམས་གསུམ་ཡིད་འགུགས།

༄༅། །སྒྲོལ་མའི་གསང་སྒྲུབ་དབང་གི་སྦྱིན་སྲེག་ཁམས་གསུམ་ཡིད་འགུགས་ཞེས་བྱ་བ་བཞུགས་སོ། །

༈ ན་མ་ཨཱ་རྱ་ཏཱ་རཱ་ཡ། སྒྲོལ་མ་དམར་མོའི་དབང་གི་སྲེག་བླུགས་བྱ་བར། སྟེགས་བུ་ཇི་ལྟར་འཚམས་པར་དབང་གི་ཐབ་ཟླ་གམ་རྡོ་ར་འོད་ཕྲེང་གི་དབུས་སུ་པདྨ་དམར་པོ་འདབ་བརྒྱད་ལྟེ་བར་ལྕགས་ཀྱུས་མཚན་པར་བྱ། དབང་གི་བུད་ཤིང་། ཙནྡན་རྒྱ་ཤུགས་དམར་པོ་སོགས་ཟླ་གམ་དུ་བརྩེགས། སློབ་དཔོན་གྱི་གཡས་སུ་ཡོན་ཆབ་ཉེར་སྤྱོད་ལྔ། མྱོས་བྱེད་ཀྱིས་སྒྲུབ་པའི་གཏོར་མ་རིལ་བུ་སོགས་མཆོད་རྫས། གཡོན་ངོས་སུ་མེ་ཏོག་དང་འབྲས་བུ་དམར་པོ། ལི་ཁྲི། སྟར་བུ། དབང་དུ་བྱ་བའི་རཱུ་པ་ཡིད་སྒྱུར་རྫས་སོགས་མ་ཚང་བ་མེད་པ་དང་། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་དགང་གཟར་བླུགས་གཟར་བསངས་ཆུ་རྣམས་བཀོད། བདག་བསྐྱེད་བཟླས་པའི་བར་བཏང་། ལས་བུམ་ལ་དམིགས། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཕཊ༔ བརྒྱ་རྩ་བརྒྱད་བཟླ། མཆོད་གཏོར་རྣམས་ལས་བྱང་ལྟར་བྱིན་བརླབས། ཐབ། ཨ་མྲྀ་ཏས་བསང་། སྭཱ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་དབང་གི་ཐབ་ཁུང་མཚན་ཉིད་དང་ལྡན་པ་ཡེ་ཤེས་ཀྱི་མེ་འབར་བར་གྱུར། ཧྲཱིཿཛྭ་ལ་རྃ་ཝཱ་ཤཾ་ཀུ་རུ་ཧོ༔ མེ་འབར་བའི་དབུས་སུ་དབང་གི་མེ་ལྷ་དྲང་སྲོང་ཆགས་པའི་ཉམས་ཅན་ཕྱག་བཞིའི་དང་པོ་གཉིས་ཧོ་མ་གཟར་དང་མེ་དཔུང་། འོག་མས་ལྕགས་ཀྱུ་དང་ཞགས་པ་འཛིན་པ་རྒྱན་གོས་མཆོད་ཕྱིར་ཐོགས་ཁ་དོག་དམར་པོ་ཅན་ར་སྐྱེས་ལ་པདྨའི་འདུག་སྟངས་ཀྱིས་གནས་པ། སྤྱི་བོར་ཨོཾ། མགྲོན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲངས་ཨགྣ་ཡེ་བཛྲ་ས་མ་ཡ་ཛ༔ སྤྲོ་ན། དད་པ་དང་ནི་སོགས་ཀྱི་མཐར། ཛཿཧཱུྃ་བྃ་ཧོ༔ དམ་ཡེ་དབྱེར་མེད་བསམ། དགང་བླུགས་བྱོན་སྐྱེམས་མར་ཁུ་ལན་བདུན་འབུལ། ཨོཾ་ཨགྷ་ཡ། ཨ་དི་པྱ། ཨཱ་ཝེ་ཤ་ཡ། མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་མ་ཧཱ་ན་ཡེ་སྭཱ་ཧཱ། མེ་ལྷ་ཐབ་ཀྱི་ཁ་ཁྱེར་ལ་འཁོད་པར་བསམ། མེ་རབ་ཏུ་འབར་བའི་དབུས་སུ་གསང་སྒྲུབ་ལྟར་བསྐྱེད། སྤྱན་དྲངས། དབང་བསྐུར། རྒྱས་གདབ་ཀྱི་སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པར་གྱུར། ཞེས་པ་ཡན་སོང་ནས་མཆོད། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨགྣེ་དྷེ་ཝ་སརྦ་ཏྲཻ་ལོ་ཀ་ཤྲཱི་གུ་ན་ལ་ཀྵྨི་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། ཐུན་མོང་དག་གིས་རྫས་རྣམས་རེ་རེ་བཞིན་ནམ། བསྲེས་པ་བརྒྱ་ལྔ་བཅུ། ཉེར་གཅིག་སོགས་ཕུལ་བ་སྟེ། དེ་ཡང་གཙོ་བོ་སྒྲོལ་མ་དང་མེ་ལྷ་བཀའ་སྡོད་ཀྱི་ཚུལ་ཐུན་མོང་དུ་ཕུལ། ཁྱད་པར་རྫས། གང་དབང་དུ་བྱ་བའི་རཱུ་པ་གཞུང་གསལ་ལྟར་བྲིས་ལ་ཆེ་གེ་མོ། བདག་གི་ཡིད་བསྒྱུར་ནས་རྗེས་སུ་ཆགས་དབང་དུ་འདུ་བར་མཛད་དུ་གསོལ། ཆེ་གེ་མོ་ཝ་ཤཾ་ཀུ་རུ་སྭཱ་ཧཱ༔ ལི་ཁྲི། ཆགས་བསྐྱེད་དྷ་དྷུར་ཡིད་བསྒྱུར་སོགས་རྫས་འབུལ། ལས་བྱང་ལྟར་སྒྲོལ་མའི་བསྟོད་པ་དང་། །མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཅེས་བསྟོད། སྒྲོལ་མའི་བཟླས་པ་ཅུང་ཟད་བྱ། གོང་གི་དམིགས་པ་གཞུང་ལྟར་ཅུང་ཟད་འཕྲུལ་ཤེས་པར་བྱ། འདོད་གསོལ། ཧོཿ བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་མེ་ལྷའི་རྒྱལ་པོ་འཁོར་དང་བཅས་པ་ལ་ཕྲིན་ལས་སུ་གསོལ་བ་ནི་ཁམས་གསུམ་བརྟན་གཡོའི་ཡོ་བྱད་དཔལ་དང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་བདག་གི་དབང་དུ་འདུ་བར་མཛད་དུ་གསོལ། དང་ཁྱད་པར་དམིགས་བྱ་འདི་ཡི་ལུས་ངག་ཡིད་གསུམ་ཟས་ནོར་ཐམས་ཅད་བདག་གི་དབང་དུ་སརྦ་ཝ་ཤིཾ་ཀུ་རུ་ཧོ༔ ཞེས་བརྗོད་སྒྲོལ་མ་དང་མེ་ལྷར་བྱོན་སྐྱེམས། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨགྷ་ཡེ་སྭཱ་ཧཱ༔ ལན་བདུན་ཉེར་སྤྱོད་སྔར་ཙམ་གྱིས་མཆོད། ཡིག་བརྒྱས་ལྷག་ཆད་ཁ་བསྐང་། མ་འབྱོར་པ་དང་། སོགས་ཀྱིས་བཟོད་གསོལ་བྱ། མདུན་གྱི་བཅོན་ལྡན་འདས་མ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་གི་སྙིང་ཁར་བསྡུ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་སོགས་བརྗོད། འཇིག་རྟེན་མེ་ལྷ་སརྦ་གཙྪས་གཤེགས། དབང་དུ་བྱ་བའི་ངོ་བོ་ཐིག་ལེ་དཀར་དམར་རང་གི་སྣ་བུག་ནས་རླུང་རྔུབས་པ་དང་འགྲོགས་ཏེ། རོ་རྐྱང་གི་ལམ་ནས་མར་ཞུགས་ལྟེ་བར་གཏུམ་མོའི་མེ་ལ་ཐིམ་པར་བསམ། བཀྲ་ཤིས་བརྗོད། རྫས་ལྷག་མ་རང་གི་མཛོད་དུ་སྦ། སོལ་བའི་མཐོ་སར་རླུང་ལ་བསྐྱལ། ཆུ་ལའང་ཕུལ། དེ་ལྟར་སྒྲོལ་མ་གསང་སྒྲུབ་ཀྱི་སྦྱིན་སྲེག་འདི་ཡང་འདོད་དཔལ་མཁན་རིན་པོ་ཆེའི་བཞེད་པ་ལྟར། རྡོ་རྗེ་དྲག་པོས་མཚུར་ཕུའི་གཟིམ་ཆུང་བཀའ་རྒྱ་མར་བྲིས་པ་དགེའོ། །

སྒྲོལ་མའི་རླུང་འཁོར། མུ་ཁྱུད་བརྒྱད་བསྐོར༔ ལྟེ་བར་ཏཱཾ་མུ་ཁྱུད་ལ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཚར་གང་ཚུད༔ དེ་རྒྱབ་རྩིབས་བཞིར༔ ཨོཾ་ཏཱ་རེ་སརྦ་སིདྡྷི་ཝཱ་ཤཾ་ཀུ་རུ་སྭཱ་ཧཱ། དེ་རྒྱབ་མུ་ཁྱུད་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་རུ་དྷེ་ཝ་ཌ་ཀི་ནི་ཀཱ་ཡ་ཝཱཀ་ཙིཏྟ་སིདྡྷི་ཝ་ཤཾ་ཀུ་རུ་ཛཿཧཱུྃ༔ དེ་རྒྱབ་སརྦ་ཏྲཻ་ལོ་ཀ་དེ་ཝ་ནཱ་ག་སོགས། ཝཱ་ཤཾ་ཀུ་རུ་ཛཿཧཱུྃ༔ ཁྱད་པར་དམིགས་བྱ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་ཧོ༔ ཞེས་བྲི། དེ་རྒྱབ་དབྱངས་གསལ༔ དེ་རྒྱབ་ལྕགས་ཀྱུ༔ ཨུཏྤལ་ཞགས་པ་སྦྲེལ༔ ཕྱི་རུ་རླུང་བྲི༔ སྟེང་འཁོར་ཡིག་འགོ་ཕྱིར་ལྟ་སྟངས་ནས་བརྩམས་ཏེ་བྲི༔ འོད་འཁོར་ཡིག་འགོ་ནང་བསྟན༔ གཞན་གོང་དང་འདྲ༔ བར་དུ་རྩེ་གསུམ་མུ་ཁྱུད་བཞི་པ།ལྟེ་བར་རཱུ་པ་མིང་བྲི༔ ཡན་ལག་བཞིར་ཛ༔ མུ་ཁྱུད་ལ་ཆེ་གེ་མོ་ཨཱཀཪྴ་ཡ་ཛ༔ ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་གང་མང་དང་༔ དེའི་ཕྱིར་དབང་དུ་བྱེད་པའི་སྔགས༔ དེ་རྒྱབ་ཆེ་གེ་མོ་བདག་གི་དབང་དུ་འདུས་པར་གྱུར་ཅིག༔ ཡིད་བསྒྱུར་རྗེས་སུ་ཆགས་ནས་མཛའ་གྲོགས་དང་མངའ་འབངས་སུ་གྱུར་ཅིག་བྲི༔ ཕྱིར་ཛཿཧཱུྃ་གིས་བསྐོར༔ འཁོར་ལོ་གཉིས་ཀྱི་བར་དུ་འདི་བཅུག༔ ཁ་དོག་དམར་པོ་ལི་ཁྲི༔ ཕོ་ལ་པདྨ་རཀྟ༔ མོ་ལ་བྱང་སེམས༔ ཆགས་སྐྱེད་རྫས་དང་༔ ཡིད་འཁྲུལ་ཐང་ཕྲོམ་འབྲུ༔ སྤྱིར་ལི་ཁྲི་བཞག༔ ཤིང་ཟླུམ་པོ་ལ་འཁོར་ལོ་བུག་པ་དང་སྲོག་ཤིང་མི་དགོས་པར་རླུང་ལ་བསྐོར་བས་ལས་མྱུར༔ མངྒ་ལཾ་བྷ་ཝནྟུ།

སྒྲོལ་མ་གསང་སྒྲུབ་ཀྱི་སད་སྲུང་སྤྲིན་ཕྲེང་གཞོན་ནུ་ཕན་བདེའི་གྲུ་ཆར་མྱུར་སྩོལ།

༄༅། །སྒྲོལ་མ་གསང་སྒྲུབ་ཀྱི་སད་སྲུང་སྤྲིན་ཕྲེང་གཞོན་ནུ་ཕན་བདེའི་གྲུ་ཆར་མྱུར་སྩོལ་ཞེས་བྱ་བ་བཞུགས་སོ། །

༈ འཕགས་མ་སྒྲོལ་མར་གུས་པས་ཕྱག་འཚལ་ལོ༔ དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་ལོ་ཏོག་ལ་ཕན་ཕྱིར་སད་བསྲུང་བ་ལ༔ བྲིས་སྐུ་བཀྲམ་པའི་མདུན༔ སྟེགས་རིམ་པ་གཉིས་ཀྱི་སྟེང་ལ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ༔ ཉི་གདན་ཚོམ་བུ་དམར་པོ་བཀོད་པའམ༔ ཡང་ན་མཎྜལ་སྟེང་འབྲས་དཀར་རྒྱ་སྐྱེགས་ཀྱི་སེ་ཁ་དོག་བསྒྱུར་བའི་ཚོམ་བུ་བརྒྱད་བཀོད༔ དེའི་སྟེང་དུ་མཉྫི་ལ་བུམ་པ་ཆས་སུ་བཅུག༔ ཆུ་སྣས་སུམ་གཉིས་བཀང་༔ མདུན་དུ་གཏོར་མ་ཉེར་སྤྱོད་བདུན༔ ཆད་ཐོ༔ བརྟན་མ༔ ཚོགས༔ སྔོན་འགྲོ་གཏོར་མ་སོགས་འདུ་བྱ༔ སྟེགས་འོག་མའི་ཁར་ལྕགས་ཀྱི་མཉྫི་ལྟ་བུའི་ཁར་ཟངས་སྣོད་གཙང་མའི་ནང་ལ་ས་སྣ་རྡེའུ་སོགས་བླུགས་ལ་ཆུ་སྣས་བཀང་། ནང་དུ་སྤྲ་ཚིལ་ལམ༔ རྡོ་ལ་ཀླུ་གཟུགས་སོར་བཞི༔ ནང་དུ་ཀླུ་བཅུའི་སྔགས་ཤམ་དུ༔ མ་ཧཱ་མེ་གྷ་སྭཱ་ཧཱ༔ ཞེས་སྤྲིན་སྡུད་སྔགས་དར་རམ་རྒྱ་ཤོག་ལ་བྲི༔ མཇུག་ནས་ཡར་དྲིལ༔ སྨྱུག་སྦུབས་སུ་ཀླུ་སྨན་བཅས་བཅུག ཁ་སྤྲ་ཚིལ་གྱིས་བསྡམས༔དེ་ཀླུའི་ནང་དུ་བཅུག་ཆུ་མི་འགྲོ་བར་བྱ༔ཀླུ་གཟུགས་ཆུ་ནང་དུ་མགོ་ཞབས་མ་ལྡོག་པ་དྲང་པོར་གཞུག༔ ཟངས་ཀྱི་ཞབས་སུ་མར་མེ་སྦར༔ རླངས་པ་མ་ཆད་པར་བྱ༔ དེ་ནས་སྐྱབས་སེམས་ནས་བཟུང་ལས་བྱང་བཟླས་པའི་བར་བཏང་༔ བཟླས་པ་ཟིན་ནས༔ མདུན་བསྐྱེད༔ ཨ་མྲྀ་ཏས་བསང་། སྭ་བྷ་ཝས་བསང་སྦྱང་། རང་ཉིད་འཕགས་མ་སྒྲོལ་མར་གསལ་བའི་མདུན༔ རཏྣའི་བྲག་རི་བྱ་སྐྱིབས་བྱང་ཤར་ལྟ༔ དེ་ཡི་མདུན་ངོས་པདྨ་ཆེན་པོ་ཡི༔ དེ་ཡི་ལྟེ་བར་དབུས་དང་ཕྱོགས་མཚམས་དང་༔ སྟེང་འོག་ཕུཿཡིག་རང་རང་མདོག་གནས་པ༔ ཡོངས་གྱུར་ལྟེ་བར་ཆུ་ལྷ་ཟླ་བའི་མདོག༔ སྦྲུལ་ཞགས་རིན་ཆེན་འབར་བ་འཛིན་པ་དང་༔ ཤར་དུ་མཐའ་ཡས་དཀར་པོ་ཨུཏྤལ་འཛིན༔ ལྷོ་རུ་འཇོག་པོ་དམར་པོ་དགྲ་སྟྭ་འཆང་༔ ནུབ་ཏུ་སྟོབས་རྒྱུ་ནག་པོ་སྦྲུལ་ཞགས་འཛིན༔ བྱང་དུ་རིགས་ལྡན་དཀར་པོ་ནོར་རྐྱལ་འཛིན༔ ཤར་ལྷོ་ནོར་རྒྱས་སེར་པོ་བུམ་པ་ཐོགས༔ ལྷོ་ནུབ་དུང་སྐྱོང་སེར་པོ་དུང་འཛིན་པ༔ ནུབ་བྱང་པདྨ་དམར་པོ་པུཥྤེ་འཛིན༔ བྱང་ཤར་པདྨ་ཆེན་པོ་ཀུ་མུད་འཛིན༔ སྟེང་དུ་རྒྱལ་བ་ལྗང་གུ་ནོར་བུ་འཛིན༔ འོག་ཏུ་རྣམ་རྒྱལ་སྔོན་པོ་སྦྲུལ་འཛིན་པ༔ ཀུན་ཀྱང་སྐུ་སྟོད་ལྷ་ཡི་བུ་ལྟ་བུ༔ ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་དུ་མ༔ དར་ཟབ་རབ་ཏུ་མཛེས་པའི་ན་བཟའ་ཅན༔ སྦྲུལ་མགོའི་གདེངས་ཀ་བདུན་ལྡན་སྦྲུལ་མཇུག་འཁྱིལ༔ རང་རང་ཆུང་མ་བུ་དང་བུ་མོ་དང་༔ མ་དྲོས་སོགས་མ་མེད་སོགས་ཀླུ་ཡི་འཁོར༔ བྱེ་བ་ཁྲག་ཁྲིག་དཔག་ཏུ་མེད་པས་བསྐོར༔ རང་གི་ཐུགས་ཀའི་འོད་ཀྱིས་མདུན་བསྐྱེད་བསྐུལ༔ དེ་རྣམས་ཐུགས་ཀའི་ཕུཿལས་འོད་འཕྲོས་པས༔ ཀླུ་རྒྱལ་འཁོར་དང་བཅས་པ་སྤྱན་དྲངས་ནས༔ མདུན་གྱི་རྟེན་དང་དབྱེར་མེད་གྱུར་པར་བསམ༔ སྤྱན་དྲངས་པ༔ ཨོཾ༔ གདེངས་ཀ་ནོར་བུ་འབར་བའི་འོད་ཀྱིས་ནི༔ ས་འོག་མུན་པ་མ་ལུས་སེལ་མཛད་པ༔ བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ༔ ཀླུ་རྒྱལ་འཁོར་བཅས་གནས་འདིར་གཤེགས་སུ་གསོལ༔ ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ས་པ་རི་ཝཱ་ར་ཨཱཀཪྵ་ཡ་ཛ༔ ཛ༔ཧཱུྃ་བྃ་ཧོ༔ མཆོད་པ༔ གཙང་ཞིང་ཡིད་འོང་ལྟ་ན་སྡུག༔ ལྷ་རྫས་མཆོད་ཡོན་ཞབས་བསིལ་དང་༔ མེ་ཏོག་སྤོས་དང་སྣང་གསལ་མཆོག༔ དྲི་ཆབ་ཞལ་ཟས་རོལ་མོ་དང་༔ ཁང་བཟང་སྐྱེད་ཚལ་ཁྲུས་ཀྱི་རྫིང་༔ ཡིད་མཐུན་འདབ་ཆགས་རི་སྐྱེས་དང་༔ རྟ་དང་དྲེའུ་བ་ཕྱུགས་ཁྱུ༔ ནོར་བུ་རིན་ཆེན་རྨད་བྱུང་རྣམས༔ འབྲུ་སྣ་ཀླུ་སྨན་སྣ་ཚོགས་པ༔ དར་ཟབ་དཀར་གསུམ་མངར་གསུམ་དང་༔ གདན་ཁྲི་མལ་སྟན་གོས་དང་རྒྱན༔ བཞེད་པའི་འདོད་ཡོན་རྣམ་པ་དྲུག༔ རིན་ཆེན་གཏེར་གྱི་བུམ་པ་བཟང་༔ དངོས་སུ་ཇི་ལྟར་འབྱོར་བ་དང་༔ ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཚོགས༔ ཀླུ་རྒྱུལ་འཁོར་དང་བཅས་ལ་འབུལ༔ ཨོཾ་ནཱ་ག་རཱ་ཛ་སརྦ་ནཱ་ག་ནཱ་གི་ས་པཱ་རི་ཝཱ་ར་ཨརྒྷཾ་ནས༔ ཤབྡ་པུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ བསྟོད་པ༔ ཐུབ་པའི་སྤྱན་སྔར་བསྟན་པ་བསྲུང་བ་དང་༔ འགྲོ་བའི་ཕན་བདེ་སྤེལ་བའི་གཡར་དམ་ཅན༔ དམ་ལྡན་བུ་བཞིན་སྐྱོང་བའི་ཀླུ་རྒྱལ་ཚོགས༔ ཡབ་ཡུམ་སྲས་འཁོར་བཅས་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད༔ དེ་ནས་ཀླུ་རྒྱལ་བཅུ་གཅིག་འཁོར་བཅས་ཀྱི་ཐུགས་ཀར་རང་མདོག་ཕུ༔ཡིག་རེ་རེ་གནས་པ་དེ་མཐར་སྔགས་ཕྲེང་མེ་ལོང་ནང་དུ་གཟུགས་བརྙན་ཤར་ལྟར་བསམ་པ་ལ༔ ཨོཾ་ཕུཿཛ་ལི་ཀ་སྭཱ་ཧཱ༔ ཨོཾ་ཕུཿཨཱ་ནན་ཏཱ་སྭཱ་ཧཱ༔ ཨོཾ་ཕུཿཏཀྵ་ཀ་སྭཱ་ཧཱ༔ ཨོཾ་ཕུཿཀརྐོ་ཊ་སྭཱ་ཧ༔ ཨོཾ་ཕུཿཀུ་ལི་ཀི་སྭཱ་ཧཱ༔ ཨོཾ་ཕུཿབཱ་སུ་ཀ་སྭཱ་ཧཱ༔ ཨོཾ་ཕུཿཤངྑ་པཱ་ལ་སྭཱ་ཧཱ༔ ཨོཾ་ཕུཿཔདྨ་སྭཱ་ཧཱ༔ ཨོཾ་ཕུཿམ་ཧཱ་པདྨ་སྭཱ་ཧཱ༔ ཨོཾ་ཕུཿཛ་ཡ་སྭཱ་ཧཱ༔ ཨོཾ་ཕུཿབི་ཛ་ཡ་སྭཱ་ཧཱ༔ ཨོཾ་ཕུཿསརྦ་ནཱ་ག་ནཱ་གི་ཛཿསྭཱ་ཧཱ༔ སྤྲིན་ཆེན་སྔགས་འདི་བཏགས༔ སརྦ་མ་ཧཱ་མེ་གྷ་སྭཱ་ཧཱ༔ ཞེས་བཟླ༔ དམིགས་པ་འོག་གཞི་འབྱུང་བ་རླུང་གཡོས་མེའི་དཀྱིལ་འཁོར་ཆེར་སྦར་རྒྱ་མཚོ་དྲོས༔ དེའི་རླངས་པས་ས་གཞི་དྲོད་དང་ལྡན་པར་བསྒོམ༔ རང་ཉིད་སྒྲོལ་མའི་ཐུགས་ཀའི་ཏཱཾ་ལས་འོད་འཕྲོས༔ མདུན་གྱི་ཀླུ་རྒྱལ་འཁོར་བཅས་ཀྱི་ས་བོན་སྔགས་ཕྲེང་ལ་ཕོག༔ རྒྱུད་བསྐུལ་དམ་ཚིག་བརྟན་ནས་སོ་སོའི་ས་བོན་སྔགས་དང་༔ ཁ་སྣ་གདེངས་ཀ་ནས་རླངས་པ་སྤྲིན་ཆེན་པོར་གྱུར༔ ནམ་མཁའི་ཁྱོན་ཁེབས་པར་བསམ་མོ༔ སྐབས་སུ་གཞུང་གི་དམིགས་པ་ཡང་སྦྱར༔ དགོང་མོ་སྤྲིན་བྱེར་ན་སྤྲིན་སྡུད་སྔགས་བཟླ༔ ཐུན་མཚམས་སུ༔ སྤྲིན་ཆེན་མདོ་བཀླག༔ དཀར་གསུམ་མངར་གསུམ་སྦྱར་བའི་གཏོར་མ་ལྷ་གྲངས་གཅིག་གིས་རུང་༔ ཨོཾ་ཨ་མྲྀ་ཏས་བསང་༔ སྭ་བྷྭ་ཝས་སྦྱང་༔ སྟོང་པའི་ངང་ལས་རིན་པོ་ཆེའི༔ སྣོད་དུ་གཙང་སྦྱར་གཏོར་མ་ནི༔ རྣམ་པ་དཀར་གསུམ་མངར་གསུམ་ལ༔ ངོ་བོ་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཛ་ལི་ཀ་ནཱ་ག་རཱ་ཛ་ནཱ་གི་ས་པ་རི་ཝཱ་ར་ཨི་དམ་བྷཱ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་གྱིས་འབུལ༔ ཀླུ་རྒྱལ་འཁོར་བཅས་གཏོར་མ་ནི༔ བཞེས་ལ་སངས་རྒྱས་བསྟན་པ་སྲུངས༔ འགྲོ་ལ་བདེ་སྐྱིད་འབྱུང་བ་དང་༔ བདག་ལ་དགྱེས་བཞིན་ལས་རྣམས་སྒྲུབས༔ ནམ་མཁའ་འདི་ལ་སྤྲིན་ཅིག་སྡུས༔ བར་སྣང་འདི་ལ་མདངས་ཤིག་ཕྱུང་༔ ས་གཞི་འདི་ལ་དྲོད་ཅིག་ཕོབས༔ སད་ཀྱི་གནོད་པ་ཞི་བ་དང་༔ འབྲུ་རྣམས་འཕེལ་ཞིང་རྒྱས་པར་མཛོད༔ འགལ་རྐྱེན་ཀུན་ལས་སྲུང་བ་དང་༔ མཐུན་རྐྱེན་ཐམས་ཅད་སྒྲུབ་མཛོད་ཅིག༔ གཞི་བདག་ལ་གཏོར་མ་བསྔོ་བ་ནི་གཞན་ལྟར་རོ༔ སྐབས་སུ་བདེན་པ་བརྗོད་པ་ནི༔ ཤཱཀྱ་ཐུབ་པ་ལ་སོགས་པ༔ ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་འདུས་ཤིག༔ ས་གཞི་ལ་དྲོད་ཕོབས་ཤིག༔ ཐུགས་རྗེ་ཆེན་པོ་ལ་སོགས་པ༔ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བདེན་པས་ནམ་མཁར་བྱིན་གྱིས་རློབས་ཤིག བར་སྣང་ལ་སྤྲིན་འདུས་ཤིག༔ ས་གཞི་ལ་དྲོད་ཕོབས་ཤིག༔ ཉན་ཐོས་ཆེན་པོ་མཆོག་བརྒྱད༔ གནས་བརྟན་བཅུ་དྲུག་ལ་སོགས་པ་དགྲ་བཅོམ་པ་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་དྲོད་ཕོབས་ཤིག༔ ལྷ་ཆེན་པོ་བརྒྱད༔ ཀླུ་ཆེན་པོ་བརྒྱད༔ གཟའ་ཆེན་པོ་བརྒྱད༔ ཕྱོགས་སྐྱོང་བཅུ༔ རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དཀར་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་བདེན་པས་ནམ་མཁའ་བྱིན་གྱིས་རློབས་ཤིག༔ བར་སྣང་ལ་སྤྲིན་སྡུས་ཤིག༔ ས་གཞི་ལ་དྲོད་ཕོབས་ཤིག༔ ཅེས་དང་༔ ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན༔ བླ་མ་ཡི་དམ་མཁའ་འགྲོ༔ ཆོས་སྐྱོང་སྲུང་མའི་བཀའ་བདེནཔ་དང་༔ ཁྱད་པར་འཕགས་པ་སྤྱན་རས་གཟིགས་དང་༔ འཕགས་མ་སྒྲོལ་མའི་བཀའ་བདེན་པ་དང་༔ རྒྱལ་པོ་ཆེན་པོ་སྡེ་བཞི༔ ལྷ་ཆེན་པོ་བརྒྱད༔ ཀླུ་ཆེན་པོ་བརྒྱད༔ གཟའ་ཆེན་པོ་བརྒྱད༔ རྒྱུ་སྐར་ཉེར་བརྒྱད༔ ཕྱོགས་སྐྱོང་བཅུ༔ འཇིགས་བྱེད་དགུ༔ དྲེགས་པའི་སྡེ་དཔོན་རྣམས་དང་༔ ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་ས་བདག་ཀླུ་གཉན་དཀར་པོའི་ཕྱོགས་སྐྱོང་བ་ཐམས་ཅད་ཀྱི་བདེན་པས་རླུང་ནོན༔ སྤྲིན་གཏིབས་ལ་ས་གཞི་ལ་དྲོད་ཕོབས༔ བ་མོ་གྲང་རེག་གི་གནོད་པ་མི་འབྱུང་ཞིང་༔ ལོ་ལེགས་འབྲུ་འཕེལ་སྐྱེ་འགྲོ་བདེ་སྐྱིད་དང་ལྡན་པར་གྱུར་ཅིག༔ ཅེས་བརྗོད༔ མཐར་ཉེར་སྤྱོད་དང་༔ བསྟོད་པ་གོང་ལྟར་བྱ༔ སྒྲོལ་མའི་ཚོགས་སོགས་རྗེས་ཆོག་བྱ༔ དེ་ལྟར་རབ་ཐུན་དྲུག༔ བཞི་སོགས་འབད་ན་སད་ཀྱིས་མི་ཚུགས་སོ༔ སྒྲུབ་པ་ཚར་ནས་རྗེས་མི་མངོན་པར་བྱ༔ སྨྲས་པ༔ དེང་སང་དུས་ཀྱིས་བསླད་པའི་གང་ཟག་འགས༔ ཚད་ཐུབ་རྒྱུད་དང་བླ་མའི་མན་ངག་བཞིན༔ ཉམས་སུ་མི་ལེན་བཅོས་པའི་གདོལ་ཆོས་དང་༔ ཅི་དྲན་ལག་ཏུ་བཀལ་ནས་གཞན་སེམས་བསླུ༔ འདི་ནི་པདྨ་འབྱུང་གནས་བྱིན་རླབས་ཀྱི༔ མཐུས་བསྐྲུན་རྨད་བྱུང་དགོངས་གཏེར་རྩོད་མེད་དེ༔ ཉམས་སུ་བླངས་ཚེ་ཡིད་ཆེས་ངེས་ཤེས་འཆར༔ དགོས་འདོད་འབྱུང་བ་ཡིད་བཞིན་ནོར་བུ་འདྲ༔ དེ་ཕྱིར་སྐལ་ལྡན་གུས་པས་དོན་གཉེར་གྱི༔ རེ་བ་བསྐང་སླད་གཞན་ཕན་བསམ་པ་ཡིས༔ ཡི་གེར་བྲིས་འདི་ནོངས་ན་འཕགས་མར་བཤགས༔ དགེ་བས་འགྲོ་ཀུན་བྱང་ཆེན་ལ་རེག་ཤོག༔ ཅེས་དོན་གཉེར་འགས་བསྐུལ་ཀྱང་སྙོམ་ལས་ཀྱིས་གཡེང་བས། སླར་ཡང་འགྱུར་མེད་པ་བདེ་ཆེན་ནས་བསྐུལ་ངོར་རྡོ་རྗེ་དྲག་པོས་བྲིས་པ་བཀྲ་ཤིས་དགེ་ལེགས་འཕེལ། །

རླུང་ནོན་རྫས་ལ་རླུང་ལྷ་དཔེའུ་རིས་ལྟར་བཟོ༔ སོ་བཏང་༔ ནང་དུ༔ ཨོཾ་ཡྃ་ཡྃ་བཱ་ཡུ་དེ་ཝ་ཆར་ཡ་ཆུར་ཆ་སྟྭམ་བྷ་ཡ་ནན༔ ཆར་ཡ་ནན༔ ཆུར་ཡ་ནན༔ བཱ་ཡུ་ནན་སྭཱ་ཧཱ༔ ཚག་མེད་པར་བྲི༔ མགོ་ནས་དྲིལ༔ སྙིང་ཁར་བཅུག༔ དོང་གྲུ་གསུམ་ནང་དུ་མནན༔ དེའི་ཞབས་ལིང་ག་སྤྱི་ལྟར་ལ་འགུགས་གཞུག་བྱ༔ དོང་ཁ་བཅད༔ འཇིག་རྟེན་གྱི་རླུང་ཐམས་ཅད་མནན་པར་བསམ༔ དེ་སྟེང་སཱཙྪ་བཞག༔ ཕྱག་ན་རྡོ་རྗེ་བསྒོམ་མོ༔ ཟབ།

དགོངས་གཏེར་སྒྲོལ་མ་དམར་མོའི་ལས་ཚོགས་རླུང་འཁོར་གྱི་ཟིན་བྲིས་དངོས་གྲུབ་མྱུར་སྩོལ།

༄༅། །དགོངས་གཏེར་སྒྲོལ་མ་དམར་མོའི་ལས་ཚོགས་རླུང་འཁོར་གྱི་ཟིན་བྲིས་དངོས་གྲུབ་མྱུར་སྩོལ་བཞུགས་སོ། །

༈ སྭ་སྟི། པད་འབྱུང་རྡོ་རྗེ་དྲག་པོ་དབྱེར་མེད་པ། །རང་སེམས་གདོད་ནས་ལྷུན་གྲུབ་ངེས་པ་ལ། །གསོལ་འདེབས་སྔོན་ཆད་བཀའ་རྒྱས་བཏབ་ན་ཡང་། །འགྲོ་བའི་དོན་ཆེན་ཟིན་ཐོ་གཞན་ཕན་གྱི། །ཆེད་དུ་བཀོད་ལ་བཀའ་གནང་བྱིན་རླབས་སྩོལ། །དེའང་དང་པོ་རྒྱ་ཤོག་འདྲ་དུག་ཤོག་མ་ཡིན་པར་གཙང་མ་ལ་རྒྱ་སྣག་གཙང་མས་བྲི་བའམ། སྤར་བཏབ་ལ། ཕྲེང་གོང་མར་རྣམ་འཇོམས་ཀྱི་ཉེ་སྙིང་དང་། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ བར་ཆད་བགེགས་རྣམས་ཨུ་ཙ་ཡ་ཕཊ༔ ཨོཾ་ཨ་ཀ་ནི། ནི་ཀ་ནི། ཨ་བྱི་ལ། མན་དྷ་ལ། མཎྜལ་ལེ་སྭཱ་ཧཱ། འཁོར་ལོ་འདི་བསྐོར་བ་ལ་ལོ་ཟླ་ཞག་དུས་མི་རུང་བ་དང་ཕོག་ཕུབ་འགྲམ་འཁྲུག་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་ཕྲེང་གཅིག དེ་འོག་སྒྲོལ་མའི་སྔགས་ཡི་གེ་བཅུ་པ་ཕྲེང་གང་ཤོད་བྲི། དེ་འོག་ཀླུ་ཆེན་བཅུའི་སྔགས་ལ་སྤྲིན་སྡུད་སརྦ་མ་ཧཱ་མེ་གྷ་སྭཱ་ཧཱ། སྦྱར་བ་དང་། ན་མོ། སངས་རྒྱས་ཆོས་དང་དགེ་འདུན་སོགས་བདེན་སྟོབས་བརྗོད་པ་ཕྲེང་གཅིག་བཅས་དག་པར་བྲི་བཀོད་བྱས་ལ། སྲོག་ཐུར་ལ་མཇུག་ནས་ཡིག་ངོ་ཕྱིར་བསྟན་དྲིལ། གཡོགས་དཀར་པོ་བྱེད་ནས་རླུང་འཁོར་དང་ཆུ་འཁོར་སོགས་གང་བདེ་ཆོག་པར་གཡས་སུ་བསྐོར་དགོས། གཟའ་སྐར་བཟང་པོ་བགེགས་བསྐྲད་དང་རབ་གནས་བྱ། གཞི་བདག་ལ་དཀར་གཏོར་སྤྱི་ལྟར་འབུལ། ཀླུ་གཏོར་དང་། ཀླུ་བསང་བཏང་། སྤྲིན་ཆེན་མདོ་བཀླག །བཀྲ་ཤིས་བརྗོད་ལ་ལེགས་པར་འཛུག་པས་རང་གཞན་ཐམས་ཅད་ཕན་བདེའི་བཙས་སུ་འགྱུར་བར་ངེས། ཚུལ་འདིར་ཉེས་བཤགས་དགེ་བ་བྱང་ཆུབ་བསྔོ། །འདིར་འབྲེལ་སེམས་ཅན་འབྱུང་བཞིའི་གནོད་པ་ཞི། །ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་པའང་རིག་འཛིན་རྗེའི་ཞལ་སློབ་གུ་རུ་མ་ཎི་ཞེས་པའི་རྒྱལ་ཁམས་པས་ཡོངས་ལ་སྨན་ཕྱིར། སྐལ་ལྡན་མོས་པ་ཅན་རྣམས་ཀྱི་ངོར་བཀོད་པ་དགེའོ། །ཤུབྷཾ།

དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་དབང་མཆོག་ཀུན་ཕན་སྙིང་གི་བདུད་རྩི།

༄༅། །དགོངས་གཏེར་སྒྲོལ་མ་གསང་སྒྲུབ་ཀྱི་དབང་མཆོག་ཀུན་ཕན་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །

༈ ན་མོ་གུ་རུ་ཨཱཪྻ་ཏཱ་ར་ཡེ། ཀུན་རྟོག་ཡེ་ཤེས་ཐིག་ལེ་ཡིས། །འཁོར་འདས་དབང་བྱེད་མྱུར་མཛད་མ། །རྒྱལ་བའི་ཡུམ་དེར་གུས་བཏུད་ནས། །ཀུན་ཕན་དབང་གི་མཚམས་སྦྱོར་དགོད། །སྒྲོལ་མ་གསང་སྒྲུབ་ཀྱི་སྨིན་བྱེད་ཟབ་མོས་སྐལ་ལྡན་རྗེས་སུ་འཛིན་པ་ལ། སྦྱོར་བ་ཡོ་བྱད་ཀྱི་གཤོམ། དངོས་གཞི་དབང་གི་ལམ་རིམ་གཉིས་ལས། དང་པོ་ནི། གནས་དབེན་པར་བྲིས་འབུར་གྱི་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་དྲི་བཟང་དང་། མྱོས་བྱེད་ཀྱིས་ཆག་ཆག་བཏབ་པ་ལ་མཎྜལ། པདྨ་དམར་པོ་རྡོར་མེ་རིས་བསྐོར་བའི་ལྟེ་བར་ཚོམ་བུ་དམར་པོ་གཅིག་བཀོད། དེ་སྟེང་མཉྫི་བུམ་པ་ཉེར་ལྔའི་རྫས་ལྡན་མགུལ་ཆིངས་དམར་པོ་ཁ་རྒྱན་གཟུངས་ཐག་ལྡན་པ་བཀོད། མདུན་དུ་སྐུ་གཟུགས་དངོས་སམ་ཙཀླི། གཡས་སུ་བྷན་དྷར་ཆང་ལ་སྦྲང་དང་ཀ་ར་སྦྱར་བའི་ཁར་མེ་ལོང་སིནྡྷུ་རས་བྱུགས་པ་ལ་ཆོས་འབྱུང་ལྟེ་བར་ཏཱཾ་ཡིག་དང་མཐར་བསྐོར་ཡིག་བཅུ་བྲིས་པས་བཀབ། གཡོན་ཏུ་སྔགས་བྱང་། བྱུ་རུའམ་ཙན་དན་ཕྲེང་བ། ཤེལ་རྡོ། རྨ་བྱའི་སྒྲོ་མདོངས། རྒྱབ་ཏུ་དབང་གཏོར་དམར་པོ་དར་དམར་གྱི་གདུགས་ཕུབ་པ། མདུན་དུ་མཆོད་གཏོར་ཟླུམ་པོ་དང་ནང་མཆོད། ཉེར་སྤྱོད་སྦྲེང་ཚར་རམ་སྐོར་བཤམ། གཞན་ཡང་ལས་བུམ། ཚོགས་ཀྱི་ཡོ་བྱད། སྔོན་གཏོར་སོགས་ཕྲིན་ལས་ལ་དགོས་པ་རྣམས་འདུ་བྱའོ། །གཉིས་པ་དངོས་གཞིའི་དོན་དུ་བདག་མདུན་སྒྲུབ་མཆོད་བྱ་བ་ནི། རིག་འཛིན་ཉིད་ཀྱིས་མཛད་པའི་བརྒྱུད་འདེབས་དང་། ལས་བྱང་དངོས་གྲུབ་འདོད་འཇོའི་སྐྱབས་སེམས་ཙམ་མཐར་ཆགས་སུ་བཏང་། བདག་མདུན་སོ་སོར་དམིགས་པའི་སྤྲོ་བསྡུ་བཅས་བཟླས་པ་ཅི་འགྲུབ་བྱ། བུམ་བཟླས་ཟུར་དུ་བྱས་ནད་དམིགས་རྣམ་ཕྱེད་ཅིང་ལེགས་པས། བུམ་པ་རང་བྱུང་གི་གཞལ་ཡས་ཁང་གི་ནང་དུ་འཕགས་མ་སྒྲོལ་མ་དམར་མོ་སྐད་ཅིག་གིས་གསལ་བར་གྱུར། བདག་བསྐྱེད་ཀྱི་ཐུགས་སྲོག་ལས་འོད་འཕྲོས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩི་དམར་པོའི་རྒྱུན་བབས་བུམ་པ་གང་བར་གྱུར། ཅེས་པའི་ཏིང་ངེ་འཛིན་དང་ལྡན་པས་གཟུངས་ཐག་བླངས་ལ་ཡིག་བཅུ་བཟླས། གཞུང་འདིར་གཏོར་འབུལ་བྱ་བ་མ་གསུངས་པས་སྤྲོ་ན་སྐབས་འདིར་སྤྱི་མཐུན་སྦྱར། མཐར་མཆོད་བསྟོད་བྱ་ཞིང་ཡིག་བརྒྱ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བས་བུམ་ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར། ཅེས་དམིགས། ལས་བུམ་དུ་རྟ་མགྲིན་བསྐྱེད་བཟླས་བྱ། ཚོགས་བྱིན་རླབས་ནས་བསྒྲལ་བསྟབས་ཡན་བཏང་། སྤྲོ་ན་ཚོགས་པར་བའི་དབུར་སྐོང་བཤགས་ཟུར་གསལ་སྦྱར། ཏིང་ངེ་འཛིན་གྱི་དབང་བླངས་ལ་སློབ་མ་གཞུག་པར་གནང་བ་ནོད་དོ། །དེ་ནས་དབང་དངོས་ཀྱི་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་གཏོར་བཏང་། བཀའ་བསྒོ་བགེགས་བསྐྲད་སྲུང་འཁོར་བསྒོམ་པ་བཅས་སོང་ནས། སེམས་བསྐྱེད་གསལ་གཏབ། ཆོས་བཤད་ལོ་རྒྱུས་ཅི་རིགས་པ་དང་ཁྱད་པར། འདིར་སྐབས་སུ་བབས་པའི་འཆད་བྱ། རྗེ་བཙུན་འཕགས་མ་སྒྲོལ་མ་འདི་ཉིད་ངེས་པའི་དོན་དུ་འཕགས་བཞི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐ་དད་མི་མངའ་ཡང་། གདུལ་བྱ་དྲང་བའི་དོན་དུ་འཇིག་རྟེན་གྱི་ཁམས་སྣ་ཚོགས་འོད་དུ་རྒྱལ་བའི་སྲས་མོ་ཡེ་ཤེས་ཟླ་བ་ཞེས་བྱ་བའི་སྐྱེ་སྲིད་བཟུང་ནས་དེ་བཞིན་གཤེགས་པ་རྔ་སྒྲ་ལས་ཐུགས་བསྐྱེད་ཅིང་འཁོར་བ་ཇི་སྲིད་བར་དུ་བུད་མེད་ཀྱི་ལུས་རྟེན་ཁོ་ནས་འགྲོ་བ་རྣམས་སྒྲོལ་ཞིང་བདུད་རྣམས་འདུལ་བར་དམ་བཅའ་བའི་ཐུགས་བསྐྱེད་དང་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀུན་ལས་ཁྱད་པར་འཕགས་པ་དང་། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་ཀྱི་ཡེ་ཤེས་ཆེན་པོའི་ཆོ་འཕྲུལ་ལས་བྱུང་བར་བསྟན་པ་སོགས་བསམ་གྱིས་མི་ཁྱབ་པའི་རྣམ་པར་རོལ་པ་མཐའ་ཡས་པས་འགྲོ་བའི་དོན་མཛད་ཅིང་། སྒྲོལ་མའི་སྔགས་རྒྱུད་བསམ་གྱིས་མི་ཁྱབ་པ་འདས་པའི་སངས་རྒྱས་རྣམས་ཀྱིས་རིམ་པར་གསུངས་ཤིང་། ད་ལྟ་བདག་ཅག་གི་སྟོན་པའི་བསྟན་པ་ལའང་མདོ་རྒྱུད་རྟོགས་པའི་རིགས་མང་དུ་བྱོན་པ་བདེ་དང་འབྲེལ་བའི་སྒྲུབ་ཐབས་སློབ་དཔོན་རྣམས་ཀྱི་བཀའ་སྲོལ་ལས་བྱུང་བ་འཕགས་བོད་གཉིས་སུ་མཐའ་ཡས་པ་བྱོན་པ་ལས། འདིར་འོད་དཔག་མེད་དངོས་གུ་རུ་པདྨ་འབྱུང་གནས་ཀྱིས་མངའ་བདག་རྗེ་འབངས་རྣམས་ལ་བསྩལ་བའི་གདམས་ཟབ་རྣམས་མ་འོངས་གདུལ་བྱའི་དོན་དུ་གཏེར་རིགས་བཅོ་བརྒྱད་དུ་སྦས་པ་དུས་ཕེབས་གཏེར་སྟོན་སྤྲུལ་པའི་སྐྱེས་མཆོག་རྣམས་ཀྱིས་རིམ་པར་བཏོན་ཅིང་འགྲོ་དོན་མཛད་པ་ལས། མངའ་བདག་ཆོས་རྒྱལ་ཆེན་པོ་སྐྱེ་བ་བཅུ་བཞིའི་མཐར་བཅོམ་ལྡན་འདས་པདྨའི་སྤྱན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྗོངས་འདིར་གཏེར་ཁ་གོང་འོག་གཙོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཕྲག་ལྔ། དེ་ལས་ཡང་སྤྲུལ་ཉིང་སྤྲུལ་དཔག་ཏུ་མེད་པས་གང་ལ་གང་འདུལ་གྱི་ཕྲིན་ལས་རྒྱུན་མི་འཆད་པར་མཛད་པའི་ནང་ཚན། རིག་འཛིན་རྡོ་རྗེ་དྲག་པོ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་གྱི་དགོངས་པའི་ཀློང་ནས་བརྡོལ་བའི་ཟབ་ཆོས་བྱིན་རླབས་ཀྱི་ཚན་ཁ་མཆོག་དང་ལྡན་པ་སྒྲོལ་མ་གསང་སྒྲུབ་བཀའ་གཏེར་ཆུ་བོ་གཅིག་དྲིལ་གྱི་སྨིན་བྱེད་ཟབ་མོ་བསྒྲུབ་པ་ལ་སོགས་ཀྱིས་མཚམས་སྦྱོར་ནས་མཎྜལ་འབལ་དུ་གཞུག །སློབ་དཔོན་དང་བཅོམ་ལྡན་འདས་མ་དབྱེར་མེད་པའི་སྤྱན་སྔར་ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དཔལ་ལྡན་བླ་མ་རྡོ་རྗེ་ཅན༔ སྲིད་པའི་འཇིགས་ལས་སྒྲོལ་བ་པོ༔ ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ རྒྱུད་དག་པར་བྱ་བའི་སླད་དུ༔ བླ་མ་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ། དེ་ནས་དད་མོས་གུས་པའི་གདུང་ཤུགས་བསྐྱེད་ལ་ཁྱད་པར་གྱི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ༔ མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ༔ རྡོ་རྗེ་རྣལ་འབྱོར་ལས་བྱུང་བ༔ ཇི་ལྟར་ཁྱེད་ནི་བདག་ཉིད་ཆེ༔ མངའ་བདག་བདག་ལའང་དེ་ལྟར་མཛོད༔ འཁོར་བ་འདམ་གྱི་མཚོ་ནང་དུ༔ བྱིང་བ་སྐྱབས་མེད་བདག་ལ་སྐྱོབ༔ ལན་གསུམ། དེ་ནས་དབང་གི་གཞི་དགོད་ཅིང་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་ངག་ཡིད་གསུམ་གྱི་གནད་གཅུན་ལ་གཞན་ཏུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །རྣམ་པར་རྟོགས་པའི་ཆོས་ཐམས་ཅད༔ སོགས་གཞུང་ལྟར་བརྗོད། འོད་དཔག་རིགས་ཀྱི་ཅོད་པཎ་ཅན༔ དེ་ལྟར་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་ཟླ་བའི་དཀྱིལ་འཁོར་ལ་ཏཱཾ་ཡིག་དམར་པོས་མཚན་པ་དང་། སློབ་དཔོན་གྱི་ཐུགས་ཀ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་གཡུ་ལོ་བཀོད་དང་པོ་ཊ་ལ་སོགས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ན་བཞུགས་པའི་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་སྔགས་ཕྲེང་ཕྱག་མཚན་འོད་ཟེར་གྱི་རྣམ་པར་ཆབ་བབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལ་ཐིམ་པས་དམ་ཚིག་ཡེ་ཤེས་དབྱེར་མེད་དུ་གྱུར་པའི་མོས་པ་བརྟན་པོ་མཛོད་ཅིག༔ པོ་ཊ་ལ་ཡི་སོགས་དང་། ཡིག་བཅུའི་ཤམ་དུ། བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་བརྗོད། སྤོས་དུད་རོལ་མོ་བཅས་བྱིན་དབབ། མགོ་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་པར་མོས་ཤིག །ཏིཥྛ་བཛྲ། དེ་ལྟར་དབང་དོན་གྱི་ཡེ་ཤེས་སྐྱེད་པར་བྱེད་པའི་དབང་བཞི་རིམ་པར་བསྐུལ་བའི་བུམ་པའི་དབང་གི་དོན་དུ། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་གདན་སུམ་ཚང་བའི་ལྷ་ནམ་མཁའ་གང་བ་སྤྱན་དྲངས་པ་རྣམས་ཀྱིས་དབང་བསྐུར་བའི་ཕྲིན་ལས་མཛད་ཅིང་། རྡོ་རྗེའི་གཏོར་བླུགས་ཀྱི་ཆོ་ག་སྦྱིན་པར་མོས་ཤིག །རྣམ་དུམ་གྱིས་དབང་བསྐུར་ལ། བུམ་པ་དག་ལ་ཆོས་དབྱིངས་གཞལ་ཡས་ཁང་། བུམ་རྫས་ལོངས་སྐུ་འཕགས་མ་སྒྲོལ་མ་ཡི༔ སྤྲུལ་སྐུ་བདདུ་རྩིའི་རྒྱུན་གྱིས་དབང་བསྐུར་བས༔ སྣང་སྟོང་སྐུ་ཡི་བྱིན་རླབས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། བུམ་ཆུ་བླུད། དེས་ཕྱི་མཚན་མའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། རགས་པ་ཕུང་ཁམས་སྐྱེ་མཆེད་ཀྱི་དྲི་མ་སྦྱང་། སྣོད་བཅུད་དཀྱིལ་འཁོར་འཁོར་ལོ་བསྒོམ་པ་ལ་དབང་། འབྲས་བུ་སྐུ་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསུམ་པའི་དབང་གི་སླད་དུ། བླ་མ་དམ་ཚིག་སྒྲོལ་མ་རང་འོད་ཀྱི་ཡབ་འཇིག་རྟེན་དབང་ཕྱུག་དང་མཉམ་པར་སྦྱོར་བའི་ལྷག་པ་བྱང་ཆུབ་ཀྱི་སེམས་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་མཁའ་གསང་ནས་ཕྱུང་སྟེ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་སྦྱར་ནས་ལྗགས་ལ་བྱིན་པར་མོས་ཤིག །ཐོད་པའི་བདུད་རྩི་མགྲིན་པར་བཞག་ཅིང་ཁར་སྦྱིན་ལ། འཕགས་པ་མཆོག་དང་དམ་ཚིག་སྒྲོལ་མ་ཡུམ༔ སྦྱོར་བའི་མཁའ་གསང་བྱང་ཆུབ་སེམས་རྒྱུན་གྱིས༔ གསང་བའི་དབང་མཆོག་དམ་པ་འདི་བསྐུར་བས༔ གྲགས་སྟོང་གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུའི་མཐར། གུ་ཧྱེ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་འདིའི་རྗེས་ཟློས་བཅས་ཏེ་མྱང་བས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །ཨ་ཧོ་མ་ཧཱ་སུ་ཁ་ཧོ༔ དེས་ནང་ལུས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ༔ ཕྲ་བ་རྩ་དང་རླུང་གི་དྲི་མ་སྦྱོང་། རང་བྱིན་བརླབས་ཀྱི་ཐབས་ལམ་བསྒོམ་པ་ལ་དབང་། འབྲས་བུ་གསུམ་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། སིནྡྷཱ་རའི་དཀྱིལ་འཁོར་ལས་མཚན་ཉིད་དང་ལྡན་པའི་རིག་མ་དམ་ཚིག་སྒྲོལ་མའི་ངོ་བོར་སྤྲོས་པ། ཁྱེད་རང་རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཏུ་གསལ་བ་དང་སྙོམས་པར་ཞུགས་པས་ཡབ་བབས་རྒྱུ་དང་མས་བརྟན་འབྲས་བུའི་དགའ་བཅུ་དྲུག་གི་མཐར་ལྷན་སྐྱེས་དཔེའི་ཡེ་ཤེས་མངོན་དུ་མཐོང་བར་མོས་ཤིག །སིནྡྷ་རའི་ཐིག་གིས་གནས་གསུམ་དུ་དགའ་བ་འཁྱིལ་བ་བྲིས་ལ། བདེ་བ་སྙིང་རྗེ་ཆེན་པོའི་ཐབས་ཀྱི་གསང་༔ རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཡུམ་གྱི་མཁའ༔ མཉམ་སྦྱོར་བྱང་སེམས་ལུགས་འབྱུང་ལུགས་ལྡོག་གི༔ དགའ་བཞི་ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཡིག་བཅུའི་མཐར། ཨེ་བཾ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ དེས་གསང་བ་སིནྡྷུ་རའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཤིན་ཏུ་ཕྲ་བ་ཐིག་ལེའི་སྒྲིབ་པ་སྦྱང་། གཞན་ལུས་ཕོ་ཉའི་ལམ་བསྒོམ་པ་ལ་དབང་། འབྲས་བུ་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །བུམ་དབང་གི་མཐའ་རྟེན་དང་སྐུའི་བྱིན་རླབས་བྱ་བ་ལ། མདུན་བསྐྱེད་ཀྱི་སྐུ་ལ་ཡེ་ཤེས་ཀྱི་ཕྱག་རྒྱ་གཉིས་པ་སྤྲོས་སྤྱི་བོ་ནས་ཐིམ་པར་མོས་ཤིག །སྒྲོལ་མའི་སྐུ་སྤྱི་བོར་བཞག །རྒྱལ་བ་ཀུན་ཡུལ་འཕགས་མའི་འཁོར་ལོས་སྒྱུར༔ ཕྲིན་ལས་རང་གཟུགས་དམ་ཚིག་སྒྲོལ་མ་ཡི༔ ལྷ་སྐུ་ཕྱག་རྒྱས་ཁྱོད་ལ་དབང་བསྐུར་བས༔ སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཐོབ་པར་ཤོག༔ ཡིག་བཅུ། ཀཱ་ལ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཨ་བྷི་ཥིཉྩ་ཧཱུྃ༔ དེང་ནས་བཟུང་སྟེ་འཕགས་མའི་བསྐྱེད་རིམ་རྟག་ཏུ་བསྒོམ་པ་དང་འདི་ལྟར་སྣང་བ་ཐམས་ཅད་ལྷ་སྐུ་ཕྱག་རྒྱའི་གཟེར་གྱིས་ཐེབས་པར་གྱིས་ཤིག །གསང་དབང་གི་མཐའ་རྟེན་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ལ་དམིགས་པ་འདི་ལྟར་མཛོད། མདུན་བསྐྱེད་བཅོམ་ལྡན་འདས་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན་ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་སྲོག་ཏཱྃ་ཡིག་གི་མཐར་འཁོད། འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་པར་མོས་ལ་སྔགས་འདིའི་རྗེས་ཟློས། ཕྲེང་བ་སྦྲེལ་ལ་ཡིག་བཅུ་ལན་གསུམ། དེ་ཉིད་བརྟན་པར་བྱས་པར་མོས་ཤིག །སྔགས་བྱང་དང་ཕྲེང་བ་མགྲིན་པར་བཞག་ལ། བསྐྱེད་རིམ་སྣང་སྟོང་སྒྱུ་མའི་སྐུར་གསལ་ཞིང་། གྲངས་སྟོང་རིག་སྔགས་ཆུ་བོའི་རྒྱུན་ལྟར་ཟློས༔ སྒྲ་རུ་གྲགས་ཀུན་འཕགས་མའི་གསུང་རྡོ་རྗེ༔ མངོན་གྱུར་བྱིན་རླབས་ནུས་པའི་དབང་ཐོབ་ཤོག༔ དེང་ནས་བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན་པས་གྲགས་པ་ཐམས་ཅད་སྙིང་པོ་སྔགས་དང་འཕྲོ་འདུ་ཏིང་ངེ་འཛིན་གྱིས་ཐེབས་པར་གྱིས་ཤིག །ཤེར་དབང་གི་མཐའ་རྟེན་དུ་རང་བྱུང་དོན་དམ་པའི་ཡེ་ཤེས་ངོ་སྤྲོད་པ་ནི། ཤེལ་གཞི་ཀ་དག་ནང་གསལ་གྱི་དབྱིངས། རྨ་བྱའི་མདངས་ནི་ལམ་ལྷུན་གྲུབ་འོད་གསལ་གྱི་གདངས། ཡིག་བཅུ་ཟུང་འཇུག་དབྱིངས་རིག་འདུ་འབྲལ་མེད་པ་སྟེ། བརྡ་འདི་དག་གིས་མཚོན་ནས་རང་རིག་ཀ་དག་སྤྲོས་བྲལ་འོད་གསལ་ལྷུན་རྫོགས་ཕྱམ་བརྡལ་ཆེན་པོའི་དབྱིངས་སུ་མཉམ་པར་ཞོག་ཅིག །ཡིག་བཅུ་ཤེལ་རྡོ་རྨ་བྱའི་མདངས་བསྟན་ཨཱ༔ རང་རིག་མཚན་བྲལ་ཀ་དག་སྟོང་པ་ཉིད༔ ལྷུན་གྱིས་གྲུབ་པའི་ཡེ་ཤེས་འཇའ་ཚོན་བཞིན༔ སྣང་སྟོང་དབྱེར་མེད་བདེ་ཆེན་འདུས་མ་བྱས༔ རིག་པའི་རྩལ་གྱི་དབང་མཆོག་ཐོབ་པར་ཤོག༔ ཡིག་བཅུའི་མཐར། དྷརྨཱ་དྷ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ༔ དེང་ནས་གནས་ལུགས་ཀྱི་དོན་ལ་མཉམ་པར་འཇོག་སྟེ་རྟོག་ཚོགས་ཐམས་ཅད་ལ་དགོངས་པ་མི་གཡོ་བའི་གཟེར་གྱིས་ཐེབས་པར་གྱིས་ཤིག །དེས་སྣང་སྲིད་རྫོགས་པ་ཆེན་པོའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། རབ་ཏུ་ཕྲ་བ་འཕོ་བའི་དྲི་མ་སྦྱང་། ཁྲེགས་ཆོད་ཐོད་རྒལ་གྱི་ལམ་བསྒོམས་པ་ལ་དབང་། འབྲས་བུ་ཡེ་ཤེས་རྡོ་རྗེ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །མཐའ་རྟེན་གཏོར་མའི་བཀའ་བསྒོ་བྱ་བར་གསུངས་པས་དབང་གཏོར་ཐོགས་ལ། གཏོར་སྣོད་པདྨ་དབང་གི་གཞལ་ཡས་ཁང་ཆེན་པོར་གཏོར་མ་ཉིད་མྱུར་མཛད་འཕགས་མ་སྒྲོལ་མ་རྒྱལ་བ་སྲས་དང་བཅས་པས་བསྐོར་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། སྐུ་གསུང་ཐུགས་ལས་འོད་ཟེར་བདུད་རྩིའི་རྒྱུན་བབས། སྤྱི་བོ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་གང་བས་སྒྲིབ་པ་བཞི་དག །དབང་བཞི་སྟན་ཐོག་གཅིག་ཏུ་ཐོབ་པར་བྱས་པའི་མོས་པ་མཛོད་ཅིག །བཅོམ་ལྡན་འདས་འཕགས་མ་སྒྲོལ་མ། གུ་རུ་པདྨ་སཾ་བྷ་ཝ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཚངས་པ་ལྷའི་མེ་ཏོག །རིག་འཛིན་ཐུགས་ཀྱི་རྡོ་རྗེ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་དང་། ཡི་དམ་རྒྱལ་བ་ཞི་ཁྲོ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བའི་སྲུང་མ་དང་བཅས་པས། རྡོ་རྗེའི་སློབ་མ་འདི་རྣམས་ལ་དབང་བསྐུར་བར་མཛུད་དུ་གསོལ། ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བ་དང་ཚེ་བསོད་དཔལ་འབྱོར་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། སྣང་སྲིད་འཁོར་འདས་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བ་དང་དགྲ་གདོན་བགེགས་ཚོགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་ཐུན་མོང་དང་མཆོག་གི་ལས་དང་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་མཛད་དུ་གསོལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་ཤིང་། །དངོས་གྲུབ་རྣམ་གཉིས་འབྱུང་བའི་གནས། །གཏོར་མའི་དབང་བསྐུར་ཆེན་པོར་སྦྱིན། །ཡིག་བཅུའི་ཤམ་དུ། ཀཱ་ལ་ཝཱ་ཀི་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་ཧྲཱིཿ ཞེས་གཏོར་མ་གནས་བཞིར་བཞག །གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་མོས་ཤིག །མཚམས་སྦྱོར་སྤྱི་མཐུན་བཅས་ཤིས་བརྗོད་སྤེལ། གཙོ་བོས་ཇི་ལྟར་སོགས་དམ་བཟུང་བ། གཏང་རག་མཎྜལ། ལུས་འབུལ། དགེ་བསྔོ་བྱས་པས་དབང་རིམ་གྲུབ། རྗེས་སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་ནས་དགེ་བསྔོ་བཀྲ་ཤིས་ཀྱི་བར་ཡང་ལས་བྱང་གི་དཀྱུས་ལྟར་བྱའོ། །གསར་རྙིང་བཀའ་སྲོལ་མང་མཆིས་ཀྱང་། །འདི་ཉིད་བྱིན་ནུས་མྱུར་བར་གྲགས། །དེང་སང་འདི་དོན་གཉེར་མང་བས། དེ་དོན་འཇུག་སྒོར་བསམ་ནས་བཀོད། །སྣང་བའི་གཡེང་བས་ཕྱི་རུ་མི་བསླུ་བར། །ནང་དུ་བདག་འཛིན་རྩད་གཅོད་བག་མེད་རྟོགས། །རང་སྣང་དབང་དུ་འདུས་ནས་གཞན་དག་ཀྱང་། །སྒྲོལ་ལ་དབང་མཛད་སྒྲོལ་མ་འདི་མཚུངས་ཤོག །ཅེས་དགོངས་གཏེར་བདག་དབང་གི་མཚམས་སྦྱོར་ཡབ་སྲས་གོང་མས་མཛད་པ་མང་ལ་འདི་ལ་བཞུགས་པས་རྒྱལ་བ་སྲས་པདྨ་དབང་དྲག་གིས་རིང་ནས་གསུང་བསྐུལ་མཛད་ཅིང་སྙོམས་ལས་སུ་ལུས་པ་སླད་ནས་ཉེར་མཁོའི་ཆེད་དུ། པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱིས་རྫོང་ཤོད་བདེ་གཤེགས་འདུས་པའི་ངོ་ཐད་དུ་བགྱིས་པ་དགེ་ལེགས་འཕེལ། །


previousཐུགས་ཀྱི་རྡོ་རྗེའི་དགོངས་གཏེར་སྒྲོལ་མ་དམར་མོའི་སྐོར།next