Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
སྲེད་མེད་བུས་ཞུས་པའི་གཟུངས་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་སངས་རྒྱས་ཀླུ་བྱིན་གྱི་གཟུངས།
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲེད་མེད་བུས་ཞུས་པའི་གཟུངས་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་སངས་རྒྱས་ཀླུ་བྱིན་གྱི་གཟུངས། next

སྲེད་མེད་བུས་ཞུས་པའི་གཟུངས་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་སངས་རྒྱས་ཀླུ་བྱིན་གྱི་གཟུངས།

༄༅། །སྲེད་མེད་བུས་ཞུས་པའི་གཟུངས་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་སངས་རྒྱས་ཀླུ་བྱིན་གྱི་གཟུངས་བཞུགས། །

༈ རྒྱ་གར་སྐད་དུ། ནཱ་རཱ་ཡ་ཎ་པ་རི་པྲྀ་ཙྪཱ་ཨཱརྱ་མ་ཧཱ་མཱ་ཡཱ་བི་ཛ་ཡ་བཱ་ཏི་ནཱི་མ་དྷཱ་ར་ཎཱི། བོད་སྐད་དུ། སྲེད་མེད་ཀྱི་བུས་ཞུས་པ་འཕགས་པ་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་གསེར་གྱི་རྭ་ཞེས་བྱ་བའི་རི་བོའི་རྩེ་ན་རྣམ་ཐོས་བུའི་ཁང་པ་ན་བཞུགས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་རིག་པ་འཛིན་པ་དང་ཆུ་སྐྱེས་མ་ལ་སོགས་པ་མང་པོ་རྣམས་ཀྱིས་བསྟོད་པར་བྱེད་པའི་ཆོས་སྣང་བའི་སྒོ་ཞེས་བའི་ཆོས་ཀྱི་རྣམ་གྲངས་བསྟན་པར་མཛད་དོ། དེ་ནས་ལྷ་མ་ཡིན་རྣམས་ཀྱིས་བཅོམ་པ་ཕ་མ་ཀུན་ཏུ་ཉམས་པ་གཟི་བརྗིད་ཀྱི་སྟོབས་དམན་པའི་སྲེད་མེད་ཀྱི་བུ་གང་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཉེ་བར་འོངས་སོ། །ཉེ་བར་འོངས་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་མངོན་པར་བཏུད་ནས་མཐའ་གཅིག་ཏུ་འདུག་གོ །མཐའ་གཅིག་ཏུ་འདུག་ནས་དེ་ཉིད་དུ་གསོལ་བ། འདི་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ་སེམས་ཅན་ཐམས་ཅད་ལ་རྗེས་སུ་བརྩེ་བ་ཅན། ཆོས་ཀྱི་རྣམ་གྲངས་གང་གིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་རྣམས་སམ་མི་རྣམས་ཀྱང་རུང་སྟེ་གཡུལ་འཁྲུགས་པའི་ཚེ་མཚོན་ཆ་ཆེན་ལྟུང་བའམ་ཉེ་བར་འཚེ་བའམ་རྩོད་པ་ཐམས་ཅད་ལས་ཐམས་ཅད་དུ་རྣམ་པར་རྒྱལ་བར་འགྱུར་བ་དེ་ལྟ་བུ་བསྟན་པར་མཛད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྲེད་མེད་ཀྱི་བུ་སྒྱུ་མ་འཆང་བ་ཁྱོད། སྲེད་མེད་ཀྱི་བུ་སྒྱུ་མ་དང་ལྡན་པ། སྟོབས་ཆེན་པོ་མཆིས་པ་གཡོ་སྒྱུ་མང་པོས་སེམས་ཅན་རྣམས་བསླུ་བར་བྱེད་པ་ཁྱོད་འདིར་འཇིགས་ནས་གཡུལ་དུ་རྣམ་པར་རྒྱལ་བ་འདྲི་ཞིང་ཡོངས་སུ་འདྲི་བར་བྱེད་པ་ཅི་ཡིན། སྲེད་མེད་ཀྱི་བུས་འདི་སྐད་གསོལ་བ། བཅོམ་ལྡན་འདས་འདོད་པའི་ལྷ་མ་ཡིན་གྱི་དབང་པོས་ལྷ་མ་ཡིན་གྱི་སྒྱུུ་མ་འདིར་བདག་བཅོམ་སྟེ་ལྷ་རྣམས་འགའ་ཞིག་ནི་འཆི་བར་གྱུར། འགའ་ཞིག་ནི་ཕམ་པར་གྱུར། འགའ་ཞིག་ནི་བཅོམས་པར་གྱུར་ལགས་སོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་གང་གིས་སེམས་ཅན་རྣམས་གཡུལ་དུ་རྣམ་པར་རྒྱལ་པར་བྱེད་པ་འགྱུར་བ། ལྷ་མ་ཡིན་རྣམས་ཕམ་པར་བྱེད་པར་འགྱུར་བ། ལྷ་མ་ཡིན་གྱི་དྲེགས་པ་སྙིལ་བར་བྱེད་པར་འགྱུར་བ་དེ་ལྟ་བུ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། སྲེད་མེད་ཀྱི་བུ། སྔོན་བྱུང་བ་འདས་པའི་དུས་སུ་མ་ག་དྷཱ་རོ་ཧི་ཏའི་རིལ་ཆེན་དཔལ་ཞེས་བྱ་བའི་རྒྱལ་པོ་བྱུང་ངོ་། །དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་བླ་ན་མེད་པ་སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དབང་ཕྱུག་ཅེས་བྱ་བ་བྱུང་ངོ་། །བཅོམ་ལྡན་འདས་ཐམས་ཅད་དང་དབང་ཕྱུག་དེའི་ཞལ་སྔ་ནས་སྒྱུ་མ་ཆེན་པོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་རིག་སྔགས་ཀྱི་ཚིག་འདི་རྣམས་བདག་གིས་ལེགས་པར་མནོས་ཏེ་འཛིན་པ་དང་ཀློག་པ་དང་ཀུན་ཆུབ་པ་དང་རྗེ་སུ་ཡི་རང་བར་བྱས་ཏེ་གཞན་རྣམས་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །སྲེད་མེད་ཀྱི་བུ་གཟུངས་འདིའི་མཐུས་ནམ་དུའང་དགྲའི་འཇིགས་མེད་པ་དང་མི་འཕྲོད་པའི་འཇིགས་པ་མེད་པ་དང་ཆོས་རྐུན་གྱི་འཇིགས་པའང་འབྱུང་བ་མེད་པར་ལོ་སྟོང་ཕྲག་བརྒྱའི་བར་དུ་ཆོས་བཞིན་གྱི་རྒྱལ་སྲིད་བྱས་ནས། སླད་མར་ཡང་གྲོང་ཁྱེར་དང་གྲོང་ཁྱེར་གཞན་དང་སྐྱེད་མོས་ཚལ་རྣམས་སུ་གཟུངས་ཀྱི་མཐུས་ལྟད་མོ་བཞིན་དུ་བདེ་བར་རྒྱུ་བར་བྱེད་དོ། །སྐྱེ་བ་རྗེས་ནས་མཱ་དྷཱ་ཏཱ་ཞེས་བྱ་བའི་བྱང་ཆུབ་སེམས་དཔའ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་བདུན་དང་ཡང་དག་པར་ལྡན་པ། འཇིག་རྟེན་གསུམ་པོ་མཐའ་དག་ལ་བཀའི་ལུང་བསྒྱུར་བ་བྱུང་ངོ་། །སྔོན་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་པས་སེམས་ཅན་ཐམས་ཅད་ལ་ཇི་ལྟར་འདོད་པ་བཞིན་དུ་ཕན་འདོགས་པར་བྱེད་པའི་ཕྱིར་ཕུན་སུམ་ཚོགས་པའི་སྐལ་བ་ཅན་ནོར་གྱི་རྒྱུན་འབེབས་པར་བྱེད་པ། སེམས་ཅན་ཐམས་ཅད་བདེ་བར་བྱེད་པ། ཐམས་ཅད་ལ་ཕན་འདོགས་པར་བྱེད་པ་བྱུང་ངོ་། །སྲེད་མེད་ཀྱི་བུ། དེ་ལྟར་གཟུངས་འདིའི་མཐུས་བསྐལ་པ་བརྒྱ་ཕྲག་མང་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་ཚོགས་ཡོངས་སུ་རྫོགས་པར་བྱས་སོ། །གང་ཡང་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་རིག་འཛིན་དང་མི་དང་མི་མ་ཡིན་པ་རྣམས་བཀའ་བཞིན་དུ་གནས་པར་བྱེད་དེ། དེ་རྣམས་བཀའ་ལས་ཕྱིར་ཕྱོགས་པར་མི་བྱེད་དོ། །བསྐལ་པ་སྟོང་ཕྲག་དྲུག་ཅུ་རྩ་བཞི་རྣམས་སུ་སྔོན་ཕྱོགས་བར་བྱས་ཏེ་ཕྱི་ནས་སྐྱེ་བ་གཅིག་ཏུ་མཁའ་ལྡིང་གི་འཇིགས་པ་ལས་ཐར་པའི་ཀླུ་དབང་པོ་ཡང་དག་པར་གནས་པ་བཞིན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་ན་བླ་ན་མེད་པའི་དགྲ་བཅོམ་པ་ལྷའི་བླ་མར་གྱུར་ཏོ། །སྲེད་མེད་ཀྱི་བུ། དེའི་ཕྱིར་སྒྱུ་མ་ཆེན་པོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས་ཀྱི་ཚིག་རྣམས་ཁྱོད་ཀྱིས་ཟུངས་ཤིག །ཏདྱཐཱ། ན་མ་སྟྱ་དྷྭ་ན་ག་ཧ་པྲ་ཏིཥྛི་ཏེ་བྷྱ༔ སརྦ་བུདྷ་བི་དྷི་ས་ཏྭ་བྷྱ༔ སརྦ་མུ་དྲཱ་མ་ནྟྲ་པ་དེ་བྷྱུ༔ ཨོཾ་མཱ་ཡེ་མ་ཧཱ་མཱ་ཡེ་མ་ཧཱ་མཱ་དྷཱ་ར་ཎི་ཨི་ཨཾ་སཱ་མ་ཧཱ་མཱ་ཡཱ་མནྡེ་ཎ་མ་ཧཱ་མཱ་ཡཱ་རཱ་པེ་ཎ། བྷཱ་མ་བྷཱ་མ་མ་མ་སརྦ་ས་ཏྭ་ནཱཉྩ་ཡེ་བི་ཪྵུ་དྷ་ཀཾ་ཙིནྟ་ཡནྟི་ས་ཐ་དུཥྚ་ས་ཏྭ་སྟཱནྟཱ། མ་ཡ་མ་ཡ། མོ་ཧ་ཡ་མོ་ཧ་ཡ། མུརྩྪཱ་ཡ་མུ་རྩྪཱ་ཡ། མཱ་ར་ཡ་མཱ་ར་ཡ། བིདྷཱཾ་ས་ཡ་བིདྷཱཾ་ས་ཡ། མ་ར་མ་ར། མ་ཧཱ་མཱ་ཡེ་ཨ་ལ་ལ་ལ་ལ་མ་ཧཱ་མཱ་ཡཱ་ཛཱ་ལས་ཧ་སྲ་མུ་ཁི་ས་ཧ་སྲ་ཤི་རི་ས་ཧ་སྲ་བྷུ་ཛེ་ཛྭ་ལི་ཏ་ནེ་ཏྲེ་སརྦ་ཏཱ་ཐཱ་ག་ཏ་ཧྲི་ད་ཡ་གནྡྷེ། ཨ་སི་དྷ་ནུ་པ་ར་ཤུ་པཱ་ཤ་ཏོ་མ་ར་ཀ་ན་ཡ་ཤཀྟི་མུ་གུཎྜཱི་ཏ་སྟེ་མུངྒ་ར་ཙ་ཀྲ་ཧ་སྟེ་ཨེ་ཧྱེ་ཧི་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏ་ས་ཏྱེ་ན་དེ་པ་ཪྵི་ག་ཎ་ས་ཏྱེ་ན་མ་ཧཱ་མཱ་ཡཱ་བི་ཛ་ཡ་བཱ་ཧི་ནཱི། སྨ་ར་སྨ་ར་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་རཱུ་པེ་ཎ། གཙྪ་གཙྪ་སརྦཱ་བ་ར་ཎ་ཀྵ་ཡཾ་ཀ་རི་པ་ར་སཻ་ནྱ་བི་དྲཱ་བ་ཎི་མོ་ཧ་ཡ་མོ་ཧ་ཡ་མ་མ་སརྦ་སཏྭཱ་ཎཱཥྩ་སརྦ་དུཥྚཱན། རཀྵ་རཀྵ་མཱཾ་སརྦ་ས་ཏྭཱཉྩ་སཀྴ་བྷ་ཡོ་པ་དྲ་བེ་བྷྱཿསྭཱ་ཧཱ། ཨོཾ་མ་ཧཱ་མཱ་ཡཱ་དྷཱ་ར་ཎཱི་ཡེ་སྭཱ་ཧཱ། ཨོཾ་མ་ཏཱི་མཎྜ་ལཱ་དྷི་ཥྚཱ་ནཱ་དྷིཥྛི་ཏེ་སྭཱ་ཧཱ། ཨོཾ་བཛྲ་དྷ་ར་བདྷི་ཏ་པཱུ་ཛི་ཏཱ་ཡེ་སྭཱ་ཧཱ། ཨོཾ་པདྨ་ཡཱ་ཎི་པྲི་ཡཱ་ལ་སྭཱ་ཧཱ། ཨོཾ་སརྦ་དེ་བ་ན་མ་སྐྲྀ་ཏེ་སྭཱ་ཧཱ། ཨོཾ་མཱ་ཏྲྀ་ག་ཎ་བདྷི་ཏ་པཱུ་ཛི་ཏཱ་ཡེ་སྭཱ་ཧཱ། ཨོཾ་ཛ་ཡེ་སྭཱ་ཧཱ། ཨོཾ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་སྭཱ་ཧཱ། ཨོཾ་ཨ་བི་དྷི་ཏེ་སྭཱ་ཧཱ། ཨོཾ་ཨ་པ་རཱ་ཛི་ཏེ་སྭཱ་ཧཱ། ཨོཾ་མོ་ཧ་ནཱི་ཡེ་སྭཱ་ཧཱ། ཨོཾསྟ་མྦྷ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཛམྦྷ་ནཱི་ཡེ་སྭཱ་ཧཱ། ཨོཾ་ཛ་ཡནྟཱི་ཡེ་སྭཱ་ཧཱ། ཨོཾ་བྷྲ་མ་ཎཱི་ཡེ་སྭཱ་ཧཱ། ཨོཾ་བྷྲ་མ་ཎཱི་ཡེ་སྭཱ་ཧཱ། ཨོཾ་སརྦཱ་སུ་ར་ད་ནཱི་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་བདྷི་ཏ་པཱུ་ཛི་ཏཱ་ཡེ་སྭཱ་ཧཱ། ཨོཾ་ཀཱ་མ་རཱུ་པི་ཎཱི་ཡེ་སྭཱ་ཧཱ། ཨོཾ་མཱ་ཡཱ་རཱཀྵ་སཱི་ཡེ་སྭཱ་ཧཱ། ཨོཾ་ར་ར་སྭཱ་ཧཱ། ཨོཾ་རཱུ་རཱུ་ཧཱུྃ་ཧཱུྃ་ཕཊ྄་ཧེ་ཛ་ཡེ་མཱ་ཡཱ་བྷ་ག་བ་ཏི་མ་ཧཱ་མཱ་ཡཱ་བི་ཛ་ཡ་པཱ་ཧི་ནཱི་གྲྀཧྣ་གྲྀཧྣ་ཤཱི་གྷྲ་མཱ་མི་ལམྦ་སཱ་མ་མ་སརྦ་ས་ཏྭཱ་ནཱཉྩ་སརྦ་ཀཱཪྻྻཾ་ཀུ་རུ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ྄་ཕཊ྄་སྭཱ་ཧཱ། སྲེད་མེད་ཀྱི་བུ། འདི་ལྟར་སྒྱུ་མ་ཆེན་མོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ཟུངས་ཤིག་ཀློགས་ཤིག་གཞན་རྣམས་ལའང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག །སྲེད་མེད་ཀྱི་བུ། དེ་ནས་གཡུལ་འགྱེད་པ་དེའི་ཚེ་དམག་དཔུང་གཉིས་ཀྱི་བར་དུ་གནས་ལྔ་རྣམས་སུ་གཟུངས་འདིའི་འཁོར་ལོ་ཤིང་རྟའི་དབྱིབས་སུ་སྦྱར་བར་བྱའོ། །སྲེད་མེད་བུ། གང་གི་ཚེ་གཉིས་ཀའི་ནང་གི་དབུས་སུ་ཕ་རོལ་གྱི་དཔུང་གི་སྤྱི་བོར་ཤིང་རྟའི་དབུས་དེར་སྒྱུ་མ་ཆེན་པོ་རྣམ་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་རིག་པའི་རྒྱལ་མོ་བརྒྱ་སྟོང་ཕྲག་དུ་མའི་ཕྱག་དང་ལྡན་པ་སྤྱན་གསུམ་པ་དམར་ནག་འབར་བའི་ཞལ་བཞི་རྣམས་ཀྱིས་ཕ་རོལ་གྱི་དམག་དཔུང་ཟ་བར་བྱེད་པ་བཞིན་དུ་བསམ་པར་བྱའོ། །རང་ཉིད་འཁོར་ལོས་སྒྱུར་བའི་རྣམ་པར་བྱས་ནས་གདུགས་ལ་གཟུངས་གུར་གུམ་གྱིས་བྲི་བར་བྱས་ཏེ་རྒྱལ་པོ་དང་ཕ་རོལ་གྱི་དམག་དཔུང་རང་བཞིན་གཅིག་པ་སྒྱུ་མ་ལྟ་བུས་རབ་ཏུ་སྒྲིབ་པར་བྱེད་ཅིང་སྙིང་པོ་དུ་མས་རྒྱལ་པོར་འགྱུར་རོ། །སྲེད་མེད་ཀྱི་བུ། ཕ་རོལ་གྱི་དམག་དཔུང་རྣམས་བཅོམས་ཤིང་ཕམ་སྟེ་ཁ་ཅིག་ནི་བརྒྱལ་ནས་ས་གཞིར་ལྟུང་བར་སྨྲའོ། །སྲེད་མེད་ཀྱི་བུ། དེ་ལྟར་ལྟུང་བའང་ཇི་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཆད་པས་དྲང་པར་བྱ་བ་སྟེ། དེ་རྣམས་ཀྱི་འཚོ་བ་ལ་བར་དུ་གཅོད་པའི་འབྲས་བུ་ཅན་ནི་མ་ཡིན་ནོ། །སྲེད་མེད་ཀྱི་བུ། བསྔགས་པར་འོས་པའི་གཟུངས་ཀྱི་མཐུ་ནི་དེ་ལྟ་བུའོ། །སྲེད་མེད་ཀྱི་བུ། ཡང་གང་ཞིག་གཟུངས་སྔགས་ཀྱི་ཚིག་འདི་རྣམས་གཙང་བར་བྱས་པས་སམ་གཙང་བར་མ་བྱས་པར་ཀྱང་རུང་། བསྙུང་བར་བྱས་བས་སམ་བསྙུང་བར་མ་བྱས་པས་ཀྱང་རུང་ཉི་མ་སོ་སོ་ལ་ལན་གསུམ་དུ་བརྗོད་པར་བྱེད་པ་དེ་ཉིད་ནི་མཚམས་མེད་པ་ལྔ་བྱས་པའང་སྡིག་པའི་ཕུང་པོ་ཟད་པར་བྱས་ནས་བསོད་ནམས་ཀྱི་ཕུང་པོ་ཐོབ་ཅིང་སྐྱེ་བ་དྲན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀུན་ཏུ་ཁྱབ་པའི་ནོར་ལ་ཉེ་བར་ལོངས་སྤྱོད་ཅིང་དགེ་བའི་ཆོས་རྣམས་མངོན་པར་དགའ་སྟེ་མི་དགེ་བ་ལོག་པར་ལྟུང་བ་རྣམས་ལ་ནི་མ་ཡིན་ནོ། །སྲེད་མེད་ཀྱི་བུ། ཡང་གང་ཞིག་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མའམ་རྒྱལ་པོའམ་རྒྱལ་པོའི་བུའམ་བྲམ་ཟེའང་རུང་གཟུངས་འདི་འཛིན་པར་བྱེད་པ་འཆི་བའི་དུས་ལ་བབ་པ་ན་དམ་པའི་ཆོས་ཀྱི་སྣང་བ་ཅན་དུ་འགྱུར་ཞིང་ཚིག་པའམ་ཐལ་བར་གྱུར་པ་ལའང་སྐྱེས་པའམ་བུད་མེད་གང་ལ་ལ་ཞིག་གིས་རེག་པར་བགྱིད་པ་དེ་ཉིད་ངེས་པར་སྐྱེ་བ་དྲན་པར་འགྱུར་རོ། །དེ་ནས་སྲེད་མེད་ཀྱི་བུས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ཀྱེ་མའོ་ཞེས་ངོ་མཚར་བར་བྱས་ནས་དུང་དང་འཁོར་ལོ་དང་དབྱུག་པ་དང་མེ་ཏོག་གི་ཕྲེང་བ་རྣམས་བཞག་སྟེ་སྟན་ལས་ལངས་ནས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་ཞིང་ཕྱག་བྱས་ཏེ་རབ་ཏུ་འཛུམ་པ་དང་བཅས་པའི་བཞིན་གྱིས་བཅོམ་ལྡན་འདས་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་པ། ཨེ་མ་ལྷ་དང་ལྷ་མིན་འཇིག་རྟེན་གྱི། །གཙོ་བོ་མཆོག་གྱུར་བླ་ན་མེད་པ་སྟེ། །ཞི་བ་ཞི་བར་གྱུར་པ་ལེགས་བཟུང་ནས། །འཇིག་རྟེན་འདས་ལ་ཕྱག་འཚལ་བསྟོད་པར་བགྱི། །ཆོས་རྣམས་ཐམས་ཅད་དངོས་མེད་པར། །བྱུང་བའི་ཆོས་ནི་རབ་ཏུ་སྟོན། །ཆོས་དང་ཆོས་མིན་རྣམ་པར་གྲོལ། །ཆོས་བདེན་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་སྲེད་མེད་ཀྱི་བུས་བཅོམ་ལྡན་འདས་ལ་རབ་ཏུ་བཏུད་ནས་བཅོམ་ལྡན་འདས་ཁྱེད་ནི་བདག་གི་ཁྱབ་བདག་གོ་ཞེས་བྱས་ནས་སོང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ཐོས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་རིག་པ་འཛིན་པ་དང་ཆུ་སྐྱེས་མ་ལ་སོགས་པ་ཐམས་ཅད་དང་ལྡན་པའི་འཁོར་དེ་རྣམས་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །སྲེད་མེད་ཀྱི་བུས་ཞུས་པའི་འཕགས་པ་སྒྱུ་མ་ཆེན་པོ་རྣམས་པར་རྒྱལ་བ་ཐོབ་པར་བྱེད་པ་ཞེས་བྱ་བའི་གཟུངས་རྫོགས་སོ། །

འདི་ནི་སྔར་བོད་དུ་བསྒྱུར་བར་མ་གྲགས་པའི་གཟུངས་རིག་བྱེད་ཀྱི་ལོ་རྒྱུས་ལ་བརྟེན་པའི་ལོག་རྟོག་སེལ་བྱེད་ཁྱད་པར་དུ་འཕགས་པ་སྟེ་རབ་བྱུང་བཅུ་གསུམ་པའི་དངོས་པོའི་ལོར། རྗེ་བཙུན་བླ་མ་དཔལ་རིག་པ་འཛིན་པ་གང་གིས་ནེ་པཱ་ལའི་ཡུལ་ནས་རྒྱ་དཔེ་བཙལ་ཏེ་བསྒྱུར་དགོས་པའི་བཀའ་ལུང་རྟ་ཟམ་བརྒྱུད་ཕེབས་པར་བརྟེན་ལོ་དེའི་ཁྲུམས་ཟླའི་ཡར་ཚེ་བཟང་པོར་མདོ་སྨད་སྡེ་དགེའི་མངའ་རིས་དཔལ་སྤུངས་དགོན་པར་ཆོས་སྨྲ་བ་བསྟན་པའི་ཉིན་བྱེད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ཤུ་བྷཾ་ཛནྟུ།།

རྒྱ་གར་སྐད་དུ། ཨཱཪྻ་ཏཱ་ར་བྷ་ཊྚཱ་རི་ཀཱ་ན་མཱ་ཥྚ་ཤ་ཏ་ཀཾ །བོད་སྐད་དུ། རྗེ་བཙུན་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ཡིད་འོང་པོ་ཊ་ལ། །སྣ་ཚོགས་ཁམས་ཀྱིས་རྣམ་པར་སྤྲས། །སྣ་ཚོགས་ལྗོན་པ་འཁྲི་ཤིང་བཀྲམ། །འདབ་ཆགས་དུ་མ་སྒྲ་འབྱིན་པ། །འབབ་ཆུ་སྣ་ཚོགས་ལྷུང་ལྷུང་སྒྲོགས། །རི་དྭགས་མང་པོས་ཀུན་ཏུ་དཀྲིས། །མེ་ཏོག་སྣ་ཚོགས་རིགས་རྣམས་ཀྱིས། །ཀུན་ཏུ་དྲི་ཡིས་བཀང་བ་སྟེ། །སྣ་ཚོགས་ཡིད་འོང་འབྲས་བུར་ལྡན། །རྐང་དྲུག་པ་རྣམས་གླུ་སྒྲ་འབྱིན། །མིའམ་ཅི་རྣམས་དབྱངས་སྙན་ལེན། །གླང་པོ་མྱོས་པས་རབ་ཏུ་གཏམས། །གྲུབ་པ་རིག་འཛིན་ཚོགས་དང་ནི། །དྲི་བ་རྣམས་ཀྱིས་གླུ་བླངས་པ། །ཐུབ་པ་འདོད་ཆགས་བྲལ་རྣམས་ཀྱིས། །རྟག་ཏུ་ལེགས་པར་བསྟེན་པ་ན། །བྱང་ཆུབ་སེམས་དཔའི་ཚོགས་གཞན་དང་། །ས་བཅུའི་དབང་ཕྱུག་རྣམས་ཀྱང་སྟེ། །འཕགས་མ་སྒྲོལ་སོགས་ལྷ་མོ་རྣམས། །རིག་པའི་རྒྱལ་པོ་སྟོང་རྣམས་དང་། །ཁྲོ་བོའི་རྒྱལ་པོའི་ཚོགས་གཞན་དང་། །རྟ་མགྲིན་ལ་སོགས་ཀྱིས་བསྐོར་བའི། །སེམས་ཅན་ཀུན་ལ་ཕན་བརྩོན་པ། །བཅོན་ལྡན་འདས་ནི་སྤྱན་རས་གཟིགས། །བཞུགས་ཏེ་དེ་ནས་དཔལ་དང་ལྡན། །པདྨའི་སྙིང་པོའི་གདན་བཞུགས་པའི། །དཀའ་ཐུབ་ཆེན་པོ་དང་ལྡན་པ། །བྱམས་དང་སྙིང་རྗེ་ལྡན་པ་ཡིས། །ལྷ་ཡི་འཁོར་ནི་རིན་པོ་ལ། །དེ་ཡི་ཆོས་ནི་སྟོན་པར་བཞེངས། །ལག་ན་རྡོ་རྗེ་སྟོབས་ཆེན་པོ། །དེར་ནི་ཉེ་བར་འོང་ནས་སུ། །མཆོག་ཏུ་སྙིང་རྗེ་དང་ལྡན་པ། །དེས་ནི་སྤྱན་རས་གཟིགས་ལ་ཞུས། །རྐུན་པོ་སྦྲུལ་དང་སེངྒེ་མེ། །གླང་པོ་སྟག་དང་ཆུས་དཀྲིགས་པར། །འཕྱན་པའི་སེམས་ཅན་འདི་དག་རྣམས། །འཁོར་བའི་རྒྱ་མཚོར་བྱིང་བ་རྣམས། །འཁོར་བའི་ཞགས་པས་བཅིངས་པ་རྣམས། །ཆགས་སྡང་གཏི་མུག་རང་བཞིན་ལས། །གང་གིས་སེམས་ཅན་གྲོལ་བྱེད་པ། །ཐུབ་ཆེན་བདག་ལ་དེ་གསུངས་ཤིག །དཔལ་ལྡན་དེ་ནི་སྤྱན་རས་གཟིགས། །འཇིག་རྟེན་མགོན་པོས་འདི་སྐད་གསུངས། །ཕྱག་ན་རྡོ་རྗེས་རྟོགས་བྱེད་པ། །སྙན་པའི་ཚིག་ནི་གསུངས་པའོ། །ཉོན་ཅིག་གསང་བའི་རྒྱལ་དབང་པོ། །སྐྱོབས་པ་འོད་དཔག་མེད་པ་ཡི། །སྨོན་ལམ་དབང་གིས་བྱུང་བ་སྟེ། །བདག་གི་བཀའ་ཡིས་འཇིག་རྟེན་མ། །སྙིང་རྗེ་ཆེ་དང་ལྡན་པ་ཡིས། །འགྲོ་བ་འདོན་པར་བརྩོན་པ་པོ། །ཉི་མ་ཤར་བ་དང་འདྲ་བ། །ཟླ་བ་ཉ་འདྲ་བྱད་ཀྱི་འོང་། །ལྷ་དང་ལྷ་མིན་མིར་བཅས་པ། །འདི་རྣམས་སྒྲོལ་ཞིང་སྣང་བར་བྱེད། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད། །གནོད་སྦྱིན་སྲིན་པོ་འཇིགས་པར་བྱེད། །ལྷ་མོ་ཨུཏྤལ་སྔོན་པོའི་ཕྱག །མ་འཇིགས་མ་འཇིགས་ཞེས་བརྗོད་མ། །འགྲོ་བ་ཡང་དག་བསྲུང་དོན་དུ། །རྒྱལ་བ་རྣམས་ཀྱིས་བདག་བསྐྱེད་པས། །འབྲོག་དགོན་མཚོན་ཆ་ལྟུང་བ་དང་། །སྣ་ཚོགས་འཇིགས་པ་འཁྲུགས་པའི་ཚེ། །མིང་རྣམས་དྲན་པ་ཉིད་ཀྱིས་ནི། །བདག་གིས་རྟག་ཏུ་སེམས་ཅན་བསྲུང་། །སྣ་ཚོགས་འཇིགས་པའི་རྒྱ་མཚོ་ལས། །སེམས་ཅན་ཐམས་ཅད་བདག་གིས་བསྒྲལ། །དེས་ན་བདག་ལ་འཇིག་རྟེན་དུ། །ཐུབ་པའི་ཚོགས་ཀྱིས་སྒྲོལ་མར་སྒྲོགས། །དེ་ནས་གུས་བཅས་ལེགས་གནས་ཤིང་། །ཐལ་མོ་སྦྱར་བར་བྱས་ནས་ནི། །འབར་བཞིན་བར་སྣང་ལ་གནས་ཏེ། །འདི་སྐད་ཚིག་ནི་གསོལ་བར་གྱུར། །གང་ཞིག་རྒྱལ་དང་ས་བཅུ་ཡི། །དབང་ཕྱུག་མགོན་པོ་བྱང་ཆུབ་སེམས། །རྫུ་འཕྲུལ་ཆེ་རྣམས་སྔོན་བསྒྲགས་པའི། །སྡིག་ཀུན་འཕྲོག་ཅིང་བསོད་ནམས་དང་། །བཀྲ་ཤིས་གྲགས་པ་འཕེལ་བྱེད་པ། །ནོར་དང་འབྲུ་དང་དཔྱ་ཉིད་དང་། །ནད་མེད་འབྱོར་པ་འཕེལ་བར་བྱེད། །ཚེ་དང་ནད་མེད་བདེ་སྐྱིད་པ། །སེམས་ཅན་ཐམས་ཅད་བདེ་ཐོབ་ཅིང་། །སེམས་ཅན་ཀུན་གྱི་དཔལ་དང་ནི། །ཤིས་པ་འཇོག་ཅིང་རྣམ་སྤེལ་བ། །མཚན་བརྒྱ་རྩ་བརྒྱད་པ་གསུངས་ཤིང་། །སེམས་ཅན་རྣམས་ལ་བྱམས་མཛད་ནས། །ཐུབ་པ་ཆེན་པོ་དེ་སྒྲོགས་ཤིག །འདི་སྐད་ཞུས་ལ་བཅོམ་ལྡན་འདས། །སྤྱན་རས་གཟིགས་ནི་རབ་ཏུ་བཞད། །བྱམས་པ་འཕྲོ་བའི་སྤྱན་རས་ཀྱིས། །ཕྱོགས་རྣམས་ཀུན་ཏུ་རྣམ་གཟིགས་ནས། །བསོད་ནམས་མཚན་གྱིས་བརྒྱན་པ་ཡི། །གཡས་པའི་ཕྱག་ནི་བསྐྱོད་མཛད་ནས། །དེ་གསུང་ཤེས་རབ་ཤིན་ཏུ་ཆེ། །ལེགས་སོ་ལེགས་སོ་དཀའ་ཐུབ་ཆེ། །སེམས་ཅན་ཀུན་ལ་གཅིག་ཏུ་བརྩེ། །བསྐལ་པ་ཆེན་པོའི་མིང་རྣམས་ཉོན། །མི་རྣམས་གང་ཞིག་འདི་སྒྲོགས་པ། །ནོར་གྱི་དབང་ཕྱུག་ཡང་དག་འགྱུར། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །དབང་ཕྱུག་ཡོན་ཏན་ཐམས་ཅད་ལྡན། །དུས་མིན་འཆི་བ་ངེས་པར་བསྲེགས། །ཤི་བ་བདེ་བ་ཅན་འགྲོ་བ། །དེ་རྣམས་བདག་གིས་བཤད་པར་བྱ། །ལྷ་ཡི་དགེ་འདུན་བདག་ལ་ཉོན། །འདིར་ཁྱོད་རྗེས་སུ་ཡི་རང་བྱོས། །ལེགས་པར་བསྡམས་པ་མཆིས་པར་མཛོད། །ཨོཾ་ལོ་ཙ་ནི་སུ་ལོ་ཙ་ནི། ཏཱ་རེ། ཏཱ་རོ་དྦྷ་བེ། སརྦྦ་སཏྭཱ་ནུ་ཀམྤི་ནི། སརྦྦ་ས་ཏྭོ་ཏྟ་རི་ཎི། ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ནེ་ཏྲེ། ཨོཾ་ན་མོ་བྷ་ག་བ་ཏཱི་ཨ་པ་ལོ་ཀ་ཡ། ཨ་བ་ལོ་ཀ་ཡ། མཱཾ་སརྦ་ས་ཏྭྃ་ཤྩ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་སིདྡྷེ་སུ་སིདྡྷེ། སུ་ག་ཏཱ་ཏྨ་ཛེ་མི་ཏཱི་ཀྲྀ་པཱ་ནི་རྨྨ་ལེ། ཤྱཱ་མེ་ཤྱཱ་མ་རཱུ་པེ་མ་ཧཱ་པྲཛྙེ་བ་ར་བ་ར་བྷཱུ་ཥི་ཏེ། ཨོཾ་ཨ་པ་རུ་ཛི་ཏཱ་མ་ཧཱ་རཽ་དྲཱི་བི་ཤྭ་རཱུ་པཱི་མ་ཧཱ་བ་ལཱ། ཨོཾ་སཿཤྲཱི་ཏ་དྱ་ཐཱ། ཨོཾ་དགེ་བ་མ་ནི་གཟི་བརྗིད་ཆེ། །འཇིག་རྟེན་གསོ་བྱེད་སྙན་པ་ཆེ། །མཚོ་ལྡན་མ་དང་སྤྱན་ཡངས་མ། །ཤེས་རབ་དཔལ་དང་བློ་འཕེལ་མ། །བརྟན་སྦྱིན་གསོ་སྦྱིན་མ་སྭཱ་ཧ། །ཨོཾ་ཡིག་འདོད་པའི་གཟུགས་ཅན་མ། །སེམས་ཅན་ཀུན་ལ་ཕན་བརྩོན་མ། །གཡུལ་ལས་སྒྲོལ་བྱེད་རྒྱལ་བ་མོ། །ལྷ་མོ་ཤེས་རབ་ཕར་ཕྱིན་མ། །འཕགས་མ་སྒྲོལ་མ་ཡིད་འོང་མ། །གང་མ་རྔ་ཆེན་དུང་ཅན་མ། །རིག་པའི་རྒྱལ་མོ་ཚིག་སྙན་མ། །ཟླ་བའི་གདོང་ཅན་དཀར་མོ་ཆེ། །མི་ཕམ་མ་དང་གོས་སེར་མ། །སྒྱུ་མ་ཆེན་མོ་དཀར་ཆེན་མོ། །སྟོབས་ཆེན་ཕ་རོལ་གནོན་པ་མོ། །དྲག་མོ་ཆེན་མོ་གཏུམ་ཆེན་མོ། །སྡང་བའི་སེམས་ཅན་རླག་བྱེད་མ། །རབ་ཏུ་ཞི་མ་ཞི་གཟུགས་མ། །རྣམ་པར་རྒྱལ་མ་འབར་འོད་མ། །གློག་གི་ཕྲེང་མ་རྒྱལ་མཚན་མ། །རལ་གྲི་འཁོར་ལོ་གཞུ་ཐོགས་མཚོན། །རྨུགས་བྱེད་རེངས་བྱེད་ནག་མོ་དང་། །དུས་མཚན་མ་དང་མཚན་སྤྱོད་མ། །སྲུང་བྱེད་རྨོངས་བྱེད་ཞི་བ་མོ། །ཞུ་མ་དགེ་མ་སུ་སྒྲོལ་མ། །ཚངས་རིག་མ་དང་རིག་བྱེད་ཡུམ། །གསང་ལེན་མ་དང་ཕུག་གནས་མ། །བཀྲ་ཤིས་བདེ་བྱེད་ཞི་བྱེད་མ། །སྐྱེས་པ་རིག་བྱེད་ཡིད་མགྱོགས་མ། །ཐོད་པ་ཅན་མ་ཤུགས་ཆེན་མ། །མཚམས་མ་བདེན་མ་གཞན་ལས་རྒྱལ། །དེད་དཔོན་ཆེན་མོ་སྙིང་རྗེས་འཇུག །ཆུད་མ་ཟ་བ། ཉམས་ལ་ལམ་ནི་རབ་སྟོན་མ། །མཆོག་སྟེར་འཆོས་བྱེད་སྟོན་པ་མོ། །བུད་མེད་གཟུགས་ལ་དཔག་མེད་གནོན། །གྲུབ་མ་རི་ཁྲོད་རྣལ་འབྱོར་མ། །གདོལ་མ་ངེས་མ་བདུད་རྩི་མ། །ནོར་ཅན་བསོད་ནམས་སྐལ་ཆེན་མ། །སྐལ་བཟང་མ་དང་གྲོགས་སྟོན་མ། །གཤིན་རྗེ་སྐྲག་བྱེད་འཇིག་བྱེད་མ། །དྲག་ཤུལ་དྲག་ཤུལ་དཀའ་ཐུབ་ཆེ། །འགྲོ་ལ་གཅིག་ཏུ་ཕན་བརྩོན་མ། །སྐྱོབ་མ་གུས་ལ་མཉེན་གཤིན་མ། །ཞི་མ་ཕྲ་མོ་ངག་དབང་ཕྱུག །རྟག་མ་ཀུན་ཅི་མར་གྱུར་མ། །དོན་ཀུན་སྒྲུབ་བྱེད་བཟང་ངོ་མ། །སྦས་མ་མ་ནོར་སྦྱིན་མ། །འཇིགས་མེད་གཽ་ཏ་མཱ་རབ་བཤད། །དཔལ་ལྡན་འཇིག་རྟེན་དབང་སྲས་མོ། །ཡོན་ཏན་མཐའ་ཡས་སྒྲོལ་མའི་མཚན། །བསམ་པ་ཐམས་ཅད་རྫོགས་བྱེད་པའོ། །ཨོཾ་ཏཱ་ རེ་ཀྲྀ་པཱ པ་ལཾ་བ་ན། །མི་ཏྱཱ་ཏྭ་ཀེ་ཤྲ་པ་ཎྰི་ཡེ་སྭཱ་ཧཱ། མཚན་བརྒྱ་བརྒྱད་འདི་དག་ནི། ཕན་པར་འདོད་པས་བསྒྲགས་པ་སྟེ། །གསང་བ་ལས་ནི་མཆོག་ཏུ་གསང་། །ལྷས་ཀྱང་རྙེད་པར་ཤིན་ཏུ་དཀའ། །སྐལ་བཟང་སྐལ་བ་ཅན་དུ་བྱེད། །སེམས་ཅན་ཐམས་ཅད་བདེ་བར་འཇུག །སྡིག་པ་ཀུན་འཕྲོག་བསོད་ནམས་ཏེ། །ཉེས་པ་ཐམས་ཅད་འཇོམས་བྱེད་པའོ། །བློ་ལྡན་གང་ཞིག་གཙང་བྱས་ནས། །མཉམ་བཞག་དུས་གསུམ་ཀློག་བྱེད་པ། །དེ་ནི་མི་རིང་དུས་ཉིད་དུ། །རྒྱལ་སྲིད་དཔལ་ནི་ཐོབ་པར་འགྱུར། །སྡུག་ཅན་རྟག་ཏུ་བདེ་བར་འགྱུར། །དབུལ་པོ་རྣམས་ནི་ནོར་ལྡན་འགྱུར། །འདིར་ནི་བླུན་པོ་ཤེས་རབ་ཆེ། །ཡིད་གཞུངས་ཅན་འགྱུར་ཐེ་ཚོམ་མེད། །བཅིངས་པ་འཆིང་ལས་གྲོལ་བར་འགྱུར། །ཐ་སྙད་ལས་ནི་རྒྱལ་བར་འགྱུར། །དགྲ་བོ་རྣམས་ནི་བཤེས་སུ་འགྱུར། །རྭ་ཅན་དང་ནི་མཆེ་བ་ཅན། །བགྲོད་དཀའ་དོགས་དང་འཐབ་མོ་ཡང་། །སྣ་ཚོགས་འཇིགས་པ་འཁྲུགས་པའི་ཚེ། །མཚན་ནི་འདི་རྣམས་དྲན་པ་ཡིས། །འཇིགས་པ་ཐམས་ཅད་སེལ་བར་འགྱུར། །དུས་མིན་འཆི་ལས་སྒྲོལ་བར་བྱེད། །སྙན་གྲགས་རོལ་མོ་འཐོབ་པར་འགྱུར། །དེ་གཅིག་པུས་ནི་བདག་ཉིད་ཆེ། །མི་རྣམས་སྐྱེ་བ་འབྲས་བུར་བཅས། །གང་ཞིག་མི་ནི་སྔར་ལངས་ནས། །འདི་ཉིད་སྒྲོགས་པར་བྱེད་པ་དེ། །དུས་རིང་པོར་ཡང་ཚེ་དང་ལྡན། །མི་ཡི་དཔལ་ཡང་རྙེད་པར་འགྱུར། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དེ་བཞིན་དྲི་ཟ་ལུས་སྲུལ་པོ། །ཤ་ཟ་སྲིན་པོ་འཇིགས་རུང་དང་། །མ་མོ་དྲག་པོའི་སེམས་ལྡན་པ། །གནོན་པོ་འགྲོ་མ་ཡི་དྭགས། །སྐེམ་བྱེད་སྨྱོ་བྱེད་གཟའ་དེ་བཞིན། །རོ་ལངས་སེམས་སྒྱུར་སྦོད་གཏོང་གང་། །གདུག་པའི་སེམས་ལྡན་གཞན་གྱིས་ཀྱང་། །གྲིབ་མ་ཡང་ནི་འགོམ་མི་ནུས། །སླར་ཡང་དེ་ཡི་སྨོས་ཅི་དགོས། །སེམས་ཅན་གདུག་པས་གསོད་མི་འགྱུར། །གྲིབ་གནོན་དང་ནི་བརྗེད་བྱེད་ཉིད། །གཤེད་བྱེད་བྱད་ལྟེམ་ལ་སོགས་དང་། །ནད་རྣམས་ཀྱིས་ཀྱང་ཐེབ་མི་འགྱུར། །ལྷ་དང་ལྷ་མིན་འཐབ་པ་ཡང་། །རྫུ་འཕྲུལ་ཆེན་པོས་ཉམས་སུ་མྱོང་། །ལོངས་སྤྱོད་དབང་ཕྱུག་ཡོན་ཏན་ལྡན། །བུ་དང་ཚ་བོ་རྣམ་པར་འཕེལ། །བློ་ལྡན་སྐྱེ་བ་དྲན་པར་འགྱུར། །རིགས་དང་ལྡན་ཞིང་མཐོང་ན་དགའ། །གཉེན་དང་ལྡན་ཞིང་སྨྲ་མཁས་ཆེ། །བསྟན་བཅོས་ཀུན་ལ་འཇིགས་པ་མེད། །དགེ་བའི་བཤེས་ལ་ཡང་དག་བསྟེན། །བྱང་ཆུབ་སེམས་ཀྱི་རྒྱན་དང་ལྡན། །རྟག་ཏུ་སྐྱེ་བ་གང་གང་དུ། །སངས་རྒྱས་རྣམས་དང་མི་འབྲལ་ལོ། །རྗེ་བཙུན་འཕགས་མ་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ། །

ཞེས་པ་འདི་ནི་རྗེ་བཙུན་བླ་མ་རིག་པ་འཛིན་པ་ཆེན་པོས་ནེ་པཱ་ལའི་ཡུལ་ནས་བྱུང་བའི་རྒྱ་དཔེ་སྩལ་ནས་གསེར་གྱི་ཀཱཪྵཱ་པ་ཎའི་གནང་སྐྱེས་དང་བཅས་ཏེ་སྒྱུར་ཅིག་ཅེས་མངའ་རིས་སྟོད་ནས་བྱ་མ་རྟའི་ལམ་བརྒྱུད་དེ་བཀའ་ཕེབ་པ་བཞིན་སི་ཏུ་པ་བསྟན་པའི་ཉིན་བྱེད་ཀྱིས་དཔལ་གདོང་གི་ལོ་ཐ་སྐར་ཅན་གྱི་ཡར་ཚེས་བརྒྱད་ཀྱི་ཉིན་མདོ་སྨད་སྡེ་དགེའི་མངའ་རིས་ཐུབ་བསྟན་ཆོས་འཁོར་གླིང་གི་གཙུག་ལག་ཁང་དུ་བསྒྱུར་བ་སྟེ། སྔར་བསྒྱུར་པ་རྣམས་དང་མི་མཚུངས་པ་དང་ལྷག་པ་འགའ་ཞིག་འདུག་ཀྱང་ཚིག་དོན་གྱི་ཆར་འདི་ཉིད་ལེགས་ཚང་ཕུལ་དུ་བྱུང་བར་རྟོགས་སོ། །མངྒ་ལཾ། །

རྒྱ་གར་སྐད་དུ། ནཱ་ག་དཏྟ་དྷཱ་ར་ཎི་ནཱ་ག་ཧྲྀ་ཡ་ནཱ་མ། བོད་སྐད་དུ། ཀླུས་བྱིན་པའི་གཟུངས་ཀླུའི་སྙིང་པོ་ཞེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཀླུས་བྱིན་རྫོགས་པའི་སངས་རྒྱས་ཀྱིས། །གསུངས་པའི་རིག་པ་ཀློག་བྱེད་གང་། །སྐྱེས་བུ་དེ་ལ་ཀླུ་ཚོགས་ཀྱིས། །འཇིགས་པ་ཅུང་ཟད་འབྱུང་མི་འགྱུར། །ཏདྱ་ཐཱ། ཨོཾ་ཨ་རི་བ་རི་བི་བཱ་ར། ཤ་བ་རི། ཤརྦ་རི། མཱ་རི། མཱ་མ་ཊིོ། ཊི་ཊ། མཱ་མཱ་མ་ཊི། མཱ་བི་ཥ་མཱ། བནྣཱ་ག་ཕུཿ ཕུཿ ཤ་བ་རཱི་ཡི། ཕུཿཕུཿ གུ་མཱ་རཱ། ཤ་བ་རཱི་ཡེ། ཕུཿཕུཿ ཀུ་མཱ་རཱ། ཤ་བ་རཱི་ཡེ། ཕུཿཕུཿ ཀི་རཱ་ཏ། ཤ་བ་རཱི་ཡེ། ཕུཿཕུཿ ཋཿཋཿསྭཱ་ཧཱ། ཨོཾ་ཤ་བ་རི། ཤ་བ་རི། མ་ཧཱ་ཤ་བ་རི། བིནྡྷྱ་པརྦ་ཏ། བཱ་སི་ནིཾ། ཀ་ཐ་ཡ་ཏི། སརྦ་ནཱ་གཱ་ནཱཾ་བཱ་སུ་ཀི་ཤྩ། བ་ཙོ་ཡ་ཐཱ། མཱ་མཱཾ་ཧིནྶུ་ནྟུ། བནྣཱ་གཱཿཨི་དནྡྲྀ་ཥྚ་ས་མ་ཡཾ་ནཱ་གཱ་རྫྫ་ནཱི་ཡ་ཀཾ །ཨོཾ་བཾ་ནཱ་ག་རཱ་ཛཱ་ནཱཾ། ནཱ་གཱ་རྫྫ་ནོ། ཛྙཱ་པ་ཡ་ཏི། ཕུཿཕུཿཋཿཋཿསྭཱ་ཧཱ། ཨོཾ་ཨ་ཊི་མ་ཧཱ་བི་དྱེ་པི་ན་ཏེ་བི་བྱ་རཱུ་པི་ཎི་ཧ་ན་ཧ་ན་སརྦ་བི་ཥཱ་ན་དེ་བི་སཱུ་ཏྲ་ག་ཙྪཱི། ག་ཏི་རཱུ་པཾ་ཕུཿཕུཿ ཋཿཋཿསྭཱ་ཏྲ་བཱ་ཨོཾ་སཱུ་ཏྲ་བཱརྦྦྟེ་སུ་ཏི་ཥེ་སྭཱ་ཧཱ། ཨི་ཧྱེ་བཾ་ཀཱ་ཤྱ་བོ་ཛྙཱ་བ་ཨོཾ་ཏི། ཨ་ན་ཀུ་ལི་ན་ཀུ་ལི་མ་ཧཱ་ན་ཀུ་ལི་སརྦྦ་སྱ་མུ་ཁཾ་བནྡྷ་བནྡྷ། བི་ཥཾ་བྷ་ཀྵ་བྷཀྵ་ཕུཿཕུཿཋཿཋཿསྭཱ་ཧཱ། ཨོཾ་ཀ་དྲུ་ནཱ་གཱ་ནཱཾ། མཱ་ཏེ་མ་ཧཱ་བཱ་ཤེ་སཾ་ཧ་ར་སརྦ་བི་ཥཱ་ན་དེ་བི་བྷུ་ཏ། སྭཱ་བ་ར་ཛངྒ་མཱ་ཕུཿཕུཿཋཿཋཿསྭཱ་ཧཱ། ཨོཾ་ན་ཀུ་ལི་ན་ཀུ་ལི་མ་ཧཱ་ན་ཀུ་ལི་ཧ་ར་བི་ཥཾ། ཨཥྚཱ་ནཱཾ། ནཱ་ག་ཏ་ཛྙཱ་ནཱཾ། ན་བཱ་ནཱཾ། གྷོ་ཎ་སཱ་ནཱཾ། ཥོ་ཌ་ཤཱ་ནཱཾ། ཙི་ཏྲྀ་ཀཱ་ནཱཾ། ཨེ་ཀ་བིཾ་ཤ་ཏི་བྱནྟ་རཱ་ཎཱཾ་ཏུ། ཨཱ་ཧ་ར་བི་ཥཾ་བྷ་ཀྵ་ཡ་བི་ཥཾ་ཧྲཱིཿ ཀྵེ་མཾ་ཀ་རི་ཧཱུྃ་ཕཊ། ཨོཾ་ཀྲུ་སཿ ཨོ་བཱ་སུ་ཀི །ཨོཾ་ཨ་ནནྟ། ཨོཾ་ཏཀྵ་ཀ །ཨོཾ་ཀརྐོ་ཊ་ཀ །ཨོཾ་པདྨ། ཨོཾ་མ་ཧཱ་པདྨ། ཨོཾ་ཤཾ་ཁ་པཱ་ལ། ཨོཾ་ཀུ་ལི་ཀ །ཨོཾ་ཨཱ་སྟི་ཀ །ཨོཾ་བི་ན་ཏེ་ཡ་ཁ་ར་བུཙྪ། དྲཥྚ་གྟོ་ཎ་ས་ཁརྦ་རཱི་ཡ་ཀ །ཧནྶ་མཱ་ལཱ་ཙི་ལུ་ར་སཽ་ཎྜ་སུ་བརྞྞ་རེ་ཁ། ནཱ་ག་རཱ་ཛཱ་པུ་ཏྲཱ་ཎཱཾ་ཥ་ཌ་བིངྴ་ཏི་ནཱ་མ་གྲ་ཧ་ཎཱཾ་ཏྲ་བི་ཥ་ནཱ་སྟི། ཀཱ་ལ་བེ་ལཱ་ནཱ་སྟི་ཕུཿཕུཿཋཿཋཿསྭཱ་ཧཱ། གལ་ཏེ་ཉིན་དང་མཚན་མོ་རུ། །ཀུན་ཏུ་གནས་པས་འཇུག་པ་ན། །གང་ཞིག་རྟག་ཏུ་འདི་དྲན་པ། །སྦྲུལ་གྱི་འཇིགས་པས་འཇིགས་མི་འགྱུར། །ཀླུས་བྱིན་པའི་གཟུངས་ཀླུ་ཡི་སྙིང་པོ་རྫོགས་སོ། །ཀླུ་སྒྲུབ་ཞབས་ཀྱིས་ས་འོག་ནས་སྤྱན་དྲངས། ཞེས་པའང་ཀུན་ཁྱབ་ཀྱིས་བསྐུལ་བ་ལྟར་བསྟན་པའི་ཉིན་བྱེད་ཀྱིས་བསྒྱུར་བའོ། །


previousསྲེད་མེད་བུས་ཞུས་པའི་གཟུངས་སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་སངས་རྒྱས་ཀླུ་བྱིན་གྱི་གཟུངས། next