Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  collapse section
སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད།next

སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད།

རྟེན་འབྲེལ་བརྟགས་པ་དུས་གསུམ་གསལ་བྱེད།

༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ རྟེན་འབྲེལ་བརྟགས་པ་དུས་གསུམ་གསལ་བྱེད་ནིཿ

ན་མོ་ཨརྻཱ་ཏཱ་ར་ཡེཿ རྫས་དང་དུས་དང་བསྙེན་པ་གསུམཿ དང་པོ་ཉིད་ནས་འགྲིག་བྱས་ཏེཿ བདེན་པ་བརྗོད་ཅིང་དམིགས་པ་ཡིསཿ གཟིར་ན་དུས་གསུམ་ས་ལེར་སྟོནཿ དེ་ལ་རྫས་ཀྱི་དབྱེ་བ་དང་ཿ གོང་གི་ལས་རུང་བསྙེན་པ་དང་ཿ ལས་ལ་སྦྱོར་བའི་བསྙེན་པ་དང་ཿ རྟེན་འབྲེལ་འཕྲལ་དུ་བརྟགས་པ་སོགསཿ དུ་མ་ཡོད་ལས་དང་པོ་ནིཿ རྟེན་བྲེལ་རྫས་རྣམས་འདུ་བྱ་ལཿ སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་ཤིང་ཿ འགུགས་རྟེན་མེ་ལོང་དྲི་མེད་གཅིགཿ དར་སྣ་ལྔས་བརྒྱན་མདའ་དར་གཉིསཿ བླ་རྟེན་གྲོན་བུ་མིག་མེད་གསུམཿ སིནྡྷུ་ར་ཡི་མཎྜལ་བཞིཿ མཁའ་འགྲོའི་སྲོག་གི་འཁོར་ལོ་ལྔཿ མེད་ཐབས་མེད་པའི་རྫས་མཆོག་ཡིནཿ བསང་རྫས་སྤོས་སྣ་སྦྱར་བ་དང་ཿ བསྐྲད་རྫས་ཡུང་དཀར་ནུས་ལྡན་དངཿ བསྐང་རྫས་མཆོད་གཏོར་ཚང་བར་དགོསཿ རྩ་བའི་རྫས་ནི་གུར་གུམ་དངཿ ག་བུར་ཙནྡན་དཀར་མར་དངཿ ཨ་གར་གི་ཝཾ་གླ་རྩི་དངཿ ན་གི་བརྒྱད་པོ་འཛོམས་པར་བྱཿ པྲ་རྫས་མིག་སྨན་སྦྱོར་བ་ནིཿ ཕ་ཝཾ་དང་ནི་བྱི་ལའི་མིགཿ འུག་པའི་འཕྲུ་དང་ཁྱི་ནག་མིགཿ བྱ་ནག་སྒོང་ངའི་སེ་ཐིག་དངཿ ལུང་ཐང་སྐྱོན་མེད་རྟག་ངུ་གཅིགཿ གླ་རྩི་ཕ་ཝཾ་ལོང་བུར་བཅསཿ སྦྱར་བའི་རིལ་བུ་ཆེས་ཟབ་ལཿ འགའ་རེས་རྫས་མ་ཡོད་ཀྱང་འགྲུབཿ དུས་ནི་ར་བ་བཞི་ཡི་བརྒྱདཿ ཡར་མར་ཚེས་བཅུ་གནམ་གང་དངཿ ཚེས་གཅིག་བཅོ་ལྔ་དག་ལ་ཤིསཿ རྒྱལ་དང་ཕུར་བུ་འཛོམས་པའམཿ རང་གི་བླ་གཟའ་དར་བའི་དུསཿ ཞི་གཟའ་རྣམས་ལ་ལྷག་པར་བཟངཿ གཤེད་གཟའ་དག་ཏུ་མ་ཁེལ་ནཿ མིག་དམར་ལྷག་པ་ཕུར་བུ་གསུམཿ ཞི་དྲག་གང་ཡིན་དཔྱད་མི་དགོསཿ རྟེན་འབྲེལ་བརྟགས་ལ་ཁྱད་པར་ཆེཿ བསྙེན་པ་དང་པོ་མ་བཏང་ནཿ ལས་གཉེར་བྱིས་པའི་རྩེད་མོ་ཡིནཿ ཐོག་མར་ཆོ་གའི་གཞུང་བསྲིང་ཞིངཿ སྒྲོལ་བའི་རྩ་བའི་ཡིག་འབྲུ་བཅུཿ འབྲུ་འབུམ་ཁ་སྐོངས་ཐེམས་པ་དགོསཿ དེ་ནས་མཇུག་གི་སྭཱཧཱ་དོརཿ ཨ་ཝེ་ཤ་ཡ་ཨ་ཨཿབཏགསཿ འབུམ་ཕྲག་ཁ་སྐོངས་ལྡན་པ་བཟླཿ མཛོད་སྤུའི་འོད་ཟེར་འཁྱུགས་པར་བསྒོམ། ཨོཾ་ཡོ་ག་ཨཱ་བེ་ཤ་ཨཿ འབུམ་གྱིས་གཞན་གྱི་ཁོང་དུ་འཇུགཿ བལྟས་པ་ཙམ་གྱིས་ཡེ་ཤེས་འབེབསཿ ཕ་རོལ་པོ་ཡི་སེམས་ཤེས་འགྱུརཿ མང་པོའི་ནང་དུ་བཟླ་མི་བྱཿ ཨོཾ་ཏཱ་རེ་ཏུཏཱ་རེ་ཏུ་རེ་ཧྲི་མ་ཧ་རི་ནི་ས་ར་ཙ་ཧྲི་ཡ་ཛ་ཛ་ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ འདི་ཡང་ཁྲི་ཕྲག་ཙམ་དུ་བཟླཿ ཨོཾ་མ་ན་གྷུ་རུ་གྷུ་རུ་གྷྲི་ཏི་ཙི་ལི་ཙི་ལི་ཧཱུཾ་ཧཱུཾ་ཕཊཿ གོང་བསྙེན་འབུམ་ཕྲག་འགྲུབ་པ་ནཿ གང་ལ་ཕབ་ཀྱང་འབེབས་པར་འགྱུརཿ པྲ་ལ་ལུས་པྲ་ངག་པྲ་དང་ཿ ཡིད་པྲ་གསུམ་དུ་དབྱེ་བ་ཡིནཿ རྨི་ལམ་ཡིད་པྲའི་ཁོངས་སུ་བསྡུཿ ཁྱད་པར་མཆོག་གི་དམ་ཚིག་ནིཿ སྒྲུབ་ཚེ་གཞན་དང་མི་འཕྲད་ཅིང་ཿ ཟས་གོས་ལ་སོགས་ལེན་མི་བྱཿ བརྟགས་པའི་ཚེ་ན་གཏམ་མི་སྨྲཿ ཁྱད་པར་རྨི་ལམ་བརྟགས་པ་ལཿ གསོལ་བཏབ་ངག་བཅད་དམ་པོ་དངཿ བཟླས་བརྗོད་ལྟ་བའི་ངང་དུ་ཉལཿ ཆོ་གཿ གསོལ་འདེབསཿ ལུས་བཀྲ་རང་དང་གཞན་གྱི་ལུས་དང་ནམ་མཁའ་མེ་ལོང་སོགས་ལ་བརྟགས་པཿ ངག་བཀྲ་ཡི་གེ་བྲིས་ཤིང་སྒྲ་ལ་ཉན་པཿ ཡིད་བཀྲ་མངོན་ཤེས་སྒྲུབ་ཐབས་དང་རྨི་ལམ་བརྟགས་ཐབས་སོགས་ཡོད་དོཿ ཨྠྀི

ཀླུ་མཆོད་བདུད་རྩིའི་བུམ་བཟང་།

༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ ཀླུ་མཆོད་བདུད་རྩིའི་བུམ་བཟང་ནིཿ

ན་མོ་ཨརྻཱ་ཏཱ་ར་ཡེཿ རྟེན་འབྲེལ་ཐབས་ལ་མཁས་པ་ཡིཿ ཀླུ་ཡི་ནད་དང་གྲིབ་བསལ་ནསཿ ཡོ་བྱད་ཕུན་སུམ་ཚོགས་པའི་ཐབསཿ ཀླུ་མཆོད་བདུད་རྩིའི་བུམ་བཟང་བསྟནཿ ཐོག་མར་རྫས་རིགས་བསགས་པ་ནིཿ ར་དཀར་དང་ནི་བ་དམར་གྱིཿ འོ་མ་ཁྲག་དང་མ་འདྲེས་པཿ ཛཱ་ཏི་འོམ་བུ་ཉ་སྦྲིད་དངཿ ཆུ་སྲིན་སྡེར་མོ་རྣམ་པ་ལྔཿ རྩ་བའི་རྫས་ཡིན་མེད་ཐབས་བྲལཿ ཡང་ན་བཟང་བོ་དྲུག་གི་ཁརཿ འོ་མ་ཆུ་སྲིན་སྡེར་མོ་སྦྱརཿ ཡང་ན་ལྔ་ཚན་ལྔ་སྦྱོར་ནིཿ གསེར་དངུལ་མུ་ཏིག་བྱུ་རུ་དངཿ མུ་མེན་རིན་ཆེན་རྣམ་པ་ལྔཿ ནས་འབྲས་གྲོ་དང་སྲན་མ་དང་ཿ ཏིལ་བཅས་སྦྱར་བ་འབྲུ་ལྔ་དངཿ སྦྲང་དཀར་འོ་མ་དང་ནི་ཞོཿ མར་བཅས་སྦྱར་བ་བདུད་རྩི་ལྔཿ ཤུ་དག་སླེ་ཏྲིས་རྒྱ་མཚོའི་རྦུཿ ཀནྜ་ཀ་རི་དབང་བོ་ལགཿ སྦྱར་བ་སྨན་སྣ་རྣམ་པ་ལྔཿ ཙནྡན་དཀར་དམར་ཛཱ་ཏི་དངཿ ག་བུར་གུར་གུམ་བཅས་དྲི་ལྔཿ ཤིན་ཏུ་སྤྲོས་པའི་སྡེབ་སྦྱོར་ནིཿ གཟི་རིགས་དུང་དང་ཨུད་པལ་སྔོཿ མགྲོན་བུ་གུར་གུམ་རྣམ་པ་ལྔཿ དབང་ལྔ་གསོ་བའི་རྫས་མཆོག་ཡིནཿ སུག་སྨེལ་ལི་ཤི་ཀ་ཀོ་ལཿ སྙིང་ཞོ་ཤ་དང་མཁལ་ཞོ་ཤཿ གླ་གོར་ཞོ་ཤ་རིགས་གསུམ་པོཿ ཀླུ་ཡི་ཁྱད་པར་རྫས་གསུམ་སྟེཿ གློ་སྙིང་མཁལ་མ་གསོ་བ་ཡིནཿ སེ་བ་དང་ནི་སྤང་རྒྱན་དང་ཿ ལུག་མིག་ལུག་རུ་རྟག་ཏུ་ངུཿ ཧ་ལོ་ཤིང་དྲིལ་དཀར་དམར་དང་ཿ ད་ལི་སྤེན་མ་ཤུ་དག་དཀརཿ སྤང་སྤོས་སྨྱུག་ལོ་རྩྭ་རྨ་བྱཿ ཐང་དཀར་ལོ་མ་རྒྱ་མཚོའི་ལྦུཿ ཆུ་ཤེལ་དང་ནི་སྤུ་ཤེལ་རྩེཿ རྡོ་རྒྱུས་སླེ་ཏྲིས་བྱི་ཏང་ཀརཿ ཙནྡན་དཀར་དམར་ལི་ཁྲི་མཚལཿ ཆག་ཚང་ཀུ་བ་ལ་སོགས་པསཿ ཀླུ་ཡི་ནད་རིགས་ཐམས་ཅད་གསོཿ ཨ་རུའི་སྙིང་པོ་འདུམ་པུ་དཀརཿ གནས་ཁང་ཉམས་པ་གསོ་བའི་རྫསཿ རིན་ཆེན་ལྔ་དང་འབྲུ་ལྔ་ཡིསཿ ཀླུ་ཡི་བང་མཛོད་ཉམས་པ་གསོཿ རྫས་ལ་རྒྱས་བསྡུས་མང་འབྱུང་ཡངཿ གོང་འོག་ཐམས་ཅད་ལྟོ་སྦྱར་ཏེཿ སྡེབས་པ་ཚད་དང་ལྡན་ན་ཡངཿ གནས་དུས་དབང་གིས་མ་རྙེད་ནཿ རྩ་བའི་རྫས་ལྔ་འཛོམས་པའི་སྟེངསཿ གཞན་རྣམས་གང་ཐོབ་སྦྱར་བར་བྱཿ མང་ཉུང་སྲང་ཚད་མེད་ཀྱང་རུཿ སྤྲོས་པ་ཆུང་ལ་འོ་མ་དང་ཿ ཛཱ་ཏི་འོ་མ་སྦྱར་བས་འགྲུབཿ རྫས་རྣམས་ཁྱི་དང་བྱི་ལ་དངཿ བྱ་ཁྱུང་གླག་དང་རྨ་བྱ་དངཿ གླ་བ་དང་ནི་ཡུག་ས་མོའིཿ དྲི་མས་ཆ་ཙམ་མ་གོས་ཤིངཿ རྨེ་ཤན་ཉ་བའི་ལག་ལ་མ་བརྒྱུདཿ ཤ་ཆང་སྒོག་པ་མ་སྦགས་པཿ སྔགས་དང་ཕྱག་རྒྱས་གཙང་མར་སྦྱངཿ ཉམས་ན་འཕྲལ་ཕུག་གཉིས་ལ་གནོདཿ དེ་ཕྱིར་ལག་ལེན་མ་འཛོལ་གཅེསཿ སྐབས་དོན་ལག་ཏུ་བླང་བ་ནིཿ ཀླུ་གཏོར་སྦྲུལ་ཀྱིས་དཀྲིས་པའི་མཐརཿ དཀར་གསུམ་མངར་གསུམ་རིལ་བུ་དངཿ འོ་ཕུད་ཅི་འབྱོར་བཤམ་བྱས་ལཿ སྒྲོལ་མའི་རྩ་བའི་ཆོ་ག་བསྲིང་ཿ རྩ་བསྙེན་ཅུང་ཟད་བཟླས་པའི་མཐརཿ ཧྲཱིཿ རང་ཉིད་སྒྲོལ་མ་འོད་དུ་ཞུ་བ་ལསཿ ཧྲཱིཿཡིག་ཡོངས་གྱུར་དབང་མཛད་རིག་བྱེད་མཿ པདྨ་ཉི་མ་འབར་བའི་གདན་གྱི་སྟེངཿ དམར་མོ་ཞལ་གཅིག་ཕྱག་བཞི་ཁྲོ་ཆགས་ཉམསཿ དང་པོའི་ཕྱག་གཉིས་མདའ་གཞུ་འགེང་ཞིང་འཕེནཿ འོག་མའི་གཡས་ཀྱི་ལྕགས་ཀྱུ་གཡོན་ཞགས་པཿ རུས་པའི་རྒྱན་ལྔ་སྟག་གི་ཤམ་ཤབས་གསོལཿ ཧྲཱིཾ་གི་སྒྲ་སྒྲོག་ཁམས་གསུམ་དབང་དུ་བྱེདཿ ཐུགས་གའི་འོད་ཀྱིས་ཁམས་གསུམ་སྡེ་བརྒྱད་དང་ཿ ཁྱད་པར་དམིགས་པའི་ཡུལ་ཀུན་དབང་མེད་བཀུགསཿ བདག་ལ་གུས་ཤིང་སྣང་བ་དགེ་ལ་བསྒྱུརཿ སྣང་གྲགས་རྟོགས་ཚོགས་འཕགས་མའི་སྐུ་གསུང་ཐུགསཿ ཀུན་གྱིས་སྔགས་སྒྲ་འབྲུག་སྟོང་གྲགས་ལྟར་སྒྲོགཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ ཞེས་བཟླས་བདག་ཉིད་ནུས་ལྡན་བྱཿ ཁྱད་པར་ཀླུ་རྣམས་འགུགས་པ་ནིཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཝ་རུ་ཎཿ པདྨཿ ཀརྐོ་ཊཿ བ་སུ་ཀིཿ ཤངྒ་པཱ་ལཿ ཏཀྵ་ཀཿ མ་ཧཱ་པདྨཿ བུ་ལི་ཀཿ ཨ་ནནྟ་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཧཱུཾཿ བརྒྱ་འམ་ཉི་ཤུ་རྩ་གཅིག་བཟླཿ ཛ་ཧཱུཾ་བཾ་ཧོཿས་གཉིས་མེད་བསྟིམཿ འཕགས་མཆོག་སེངྒའི་སྒྲ་དཀར་པོསཿ ཀླུ་རྣམས་དབུ་ལ་བརྒྱན་པར་དམིགསཿ ཨོཾ་ཨཱཿཧྲཱི་སིངྷ་ནཱ་ད་ཧཱུཾ་ཕཊཿ ཨ་བྷི་ཥཉྩ་ཧཱུཾཿ དེ་ནས་རང་གི་གནས་གསུམ་དངཿ ཀླུ་ཡི་རིགས་བདག་སེངྒེའི་སྒྲའིཿ སྐུ་ལས་འོད་འཕྲོས་ཀླུ་དུག་དང་ཿ རྫས་ཀྱི་དྲི་མ་སྦྱང་བར་བསྒོམཿ ཨོཾ་ཨཱཿཧྲཱི་སིངྷ་ནཱ་ད་ཧཱུཾ་ཕཊཿཨོཾ་ཨཱཿ་ཧཱུཾཿ ཨ་ཨ་ཤུདྡྷེ་ཤུདྡྷེ་ཨཿ མང་དུ་བརྗོད་ཀྱང་རྫས་རྣམས་སྦྱངཿ ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབསཿ དེ་ནས་འབུལ་བའི་རྫས་མཆོག་འོ་ཆོལ་བཅས་ཿ ཆུ་ལ་གཤེགས་བཞིན་འདི་སྐད་བརྗོདཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཝ་རུ་ཎཿ པདྨཿ ཀརྐོ་ཊཿ བ་སུ་ཀིཿ ཤངྑ་པཱ་ལཿ ཏཀྵ་ཀཿ མ་ཧཱ་པདྨཿ ཀུ་ལི་ཀཿ ཨ་ནནྟ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་ཨ་ཧཱུཾཿ ཅེས་པས་ལན་མང་འབུལ་བར་བྱཿ མཐའ་མར་མཆོད་བསྟོད་ནོངས་པ་བཤགསཿ ཨོཾ་སརྦ་ནཱ་ག་བཛྲ་མུཿ སེ་གོལ་བཏོགས་ཅིང་གཤེགས་གསོལ་བྱཿ དགེ་བ་གཞན་དོན་སྨོན་ལམ་གདབསཿ འདི་ཡི་ཀླུ་ཡི་དུག་སེལ་ཞིངཿ ཚོགས་རྫོགས་བསོད་ནམས་དར་ཞིང་རྒྱསཿ བང་མཛོད་ཀླུ་དང་མཉམ་པར་འགྱུརཿ ས་མ་ཡཿ ཨྠྀི

ཀླུའི་བུམ་གཏེར་གྱི་ཆོ་ག་འདོད་འབྱུང་ནམ་མཁའི་གཏེར་མཛོད།

༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ ཀླུའི་བུམ་གཏེར་གྱི་ཆོ་ག་འདོད་འབྱུང་ནམ་མཁའི་གཏེར་མཛོད་ནིཿ

ན་མོ་ཨརྻཱ་ཏཱ་ར་ཡེཿ ཀླུ་ལ་གཏེར་བུམ་སྦྱིན་པ་ལསཿ འཁོར་དང་ལོངས་སྤྱོད་རྒྱས་འདོད་ནཿ རབ་ནི་རིན་ཆེན་འབྲིང་ཤིང་བུམཿ ཐ་མ་རྡོ་དང་རྫ་བུམ་མམཿ ཡང་ན་ཟ་འོག་གོས་བཟང་གིཿ ཁུག་མར་ཀླུ་སྨན་ཅི་འབྱོར་དངཿ འབྲུ་སྣ་དཀར་གསུམ་བཅུད་ཀྱིས་བཀངཿ ནང་དུ་འཕགས་མ་རིག་བྱེད་མཿ རྟེན་འབྲེལ་གྲིབ་སེལ་འཁོར་ལོ་བཅུགཿ ཁྱུང་དང་དྲག་པོའི་སྔགས་མི་རུངཿ ཡང་ན་འཕགས་མའི་སྙིང་པོ་དང་ཿ རིག་བྱེད་རྟེན་སྙིང་བྲིས་ཀྱང་རུངཿ ཁ་ནི་དར་མཚོན་སྣ་ལྔས་བཅིངཿ དཀྱིལ་འཁོར་བཞེངས་པའི་རིམ་པ་ནིཿ སྟེགས་བུ་གྲུ་བཞི་བང་རིམ་གསུམཿ བ་ལྕི་དག་གིས་ལེགས་པར་བྱུགསཿ བཟང་པོ་དྲུག་གིས་ཆག་ཆག་གདབཿ བང་རིམ་དང་པོར་བསང་ཆས་དངཿ དཀར་གཏོར་ཀླུ་གཏོར་ཕྱོགས་སྐྱོངས་སོགསཿ སྔོན་འགྲོའི་གཏོར་བ་རྒྱས་པར་བཤམསཿ བང་རིམ་གཉིས་པར་སྟེགས་བུའི་ཁརཿ རྡུལ་མཚོན་ཡང་ན་རིས་བྲིས་ཀྱིསཿ ཀླུ་ཡི་དཀྱིལ་འཁོར་འདི་ལྟར་བྱཿ དབུས་སུ་པདྨ་འདབ་བརྒྱད་པཿ ཕྱོགས་བཞི་ཕྱོགས་མདོག་མཚམས་ལྗང་ཁྲརཿ ཀླུ་བརྒྱད་ས་བོན་ཚོན་སྤུང་བྱཿ དེ་མཐར་སྦྲུལ་རིགས་ལྔའི་མུ་འཁྱུདཿ དེ་ཕྱི་རྒྱ་མཚོ་སྔོན་པོའི་ནངཿ ཤར་དུ་འོ་མའི་རྫིང་བུ་དང་ཿ ལྷོ་རུ་གསེར་གྱི་རི་བོ་དངཿ ནུབ་ཏུ་པདྨའི་དགའ་ཚལ་དངཿ བྱང་དུ་སྨན་གྱི་སྡོང་བོ་བྱཿ དེ་མཐར་འོད་ལྔའི་མུ་འཁྱུད་ལཿ ཕྱོགས་མདོག་མཛེས་ཚོན་ལྡན་པས་གྲུབཿ དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ལཿ མུཉྫུ་ཉིས་བརྩེགས་ཐོག་མ་ལཿ ཆུ་བདག་ཝ་རུ་ཎའི་གཏོར་མཿ གདན་རིམ་གྲུ་བཞི་བརྩེགས་པའི་སྟེང་ཿ ཕྱོགས་བཞིར་གླང་མགོ་ཕྱིར་བསྟན་ལཿ དབུས་ཀྱི་གླང་མགོ་གྱེན་དུ་ངུརཿ གདན་རིམ་གཉིས་པའི་ཕྱོགས་མཚམས་སུཿ ཀླུ་བརྒྱད་མཚོན་པའི་་ཀླུ་གཏོར་བརྒྱདཿ གདན་རིམ་གསུམ་པ་སྦྲུལ་བཅུ་གཉིསཿ གཏི་མུག་ལས་སྐྱེས་རྟེན་འབྲེལ་མཚོནཿ གདན་རིམ་འོག་མར་ཉ་གཅོང་དང་ཿ སྦལ་སྦྲུལ་ལ་སོགས་ཆེ་དགུའི་གཟུགསཿ སྡོང་བུ་མེ་ཏོག་སྣ་ཚོགས་བཀོདཿ བལ་ཚོན་དར་གྱི་ལྡ་ལྡི་སྦྲེངཿ ཕག་དང་གླ་བ་བྱ་ཁྱུང་དངཿ རྨ་བྱ་བཞི་པོ་མི་རུང་ངོཿ གཞན་པའི་སྲོག་ཆགས་སྣ་ཚོགས་བཅའཿ དེ་ནི་ཀླུ་རིགས་བརྟེན་པའི་མཁརཿ དཀྱིལ་འཁོར་བང་རིམ་ཐོག་མ་ལཿ དབང་གི་སྒྲོལ་མའི་དཀྱིལ་འཁོར་ནིཿ པདྨ་འདབ་བཞི་ཕྱོགས་མདོག་ལཿ རང་རང་མདོག་གི་ཚོམ་བུ་སྤུང་ཿ དེ་མཐར་ཆོས་འབྱུང་ཉིས་བརྩེགས་དམརཿ ཟླ་གམ་དྲུག་ལ་ལྕགས་ཀྱུ་དངཿ ཞགས་པ་ལྕགས་སྒྲོག་དྲིལ་བུ་དངཿ དབང་གི་མདའ་གཞུ་ལེགས་པར་འབྲིཿ དེ་མཐར་ཨུཏྤལ་ལྕགས་ཀྱུ་བཀོདཿ དེ་ཕྱིར་ས་ཆུ་མེ་རླུང་གིཿ དཀྱིལ་འཁོར་ལེགས་པར་འབྲི་བར་བྱཿ སྒྲོལ་མ་རིག་བྱེད་མའི་སྐུ་བརྙནཿ ཁྱུང་ལས་གཞན་པའི་རྟེན་གསུམ་དངཿ རྡོར་དྲིལ་མཆོད་པ་རྣམ་ལྔས་བསྐོརཿ སྟེང་དུ་འཕགས་མའི་འཁོར་ལོ་དང་ཿ དབང་སྡུད་རིལ་བུ་བཞུགས་སུ་གསོལཿ བུམ་པ་རྣམས་དང་སྨན་སྒྲུབ་ཀྱངཿ གང་འོས་གནས་དེར་འཇོག་པར་བྱཿ བུམ་པའི་མཐའ་བར་གཟུངས་ཐག་བཏགསཿ སློབ་དཔོན་ཕྱག་ཏུ་གཏད་པར་བྱཿ དེ་ནི་བཤམ་བཀོད་རིམ་པའོཿ དེ་ནས་ཆོ་གའི་རིམ་པ་ནིཿ སྒྲོལ་བའི་ཆོ་ག་རྒྱས་པར་བཏངཿ རྩ་བསྙེན་སྟོང་རྩ་བཟླས་པའི་རྗེསཿ ཧྲཱིཿ རང་ཉིད་སྒྲོལ་མ་འོད་དུ་ཞུ་བ་ལསཿ ཧྲཱིཿཡིག་ཡོངས་གྱུར་དབང་མཛད་རིག་བྱེད་མཿ པདྨ་ཉི་མ་འབར་བའི་གདན་གྱི་སྟེངཿ དམར་མོ་ཞལ་གཅིག་ཕྱག་བཞི་ཁྲོ་ཆགས་ཉམསཿ དང་པོའི་ཕྱག་གཉིས་མདའ་གཞུ་འགེང་ཞིང་འཕེནཿ འོག་མའི་གཡས་ཀྱི་ལྕགས་ཀྱུ་གཡོན་ཞགས་པཿ རུས་པའི་རྒྱན་ལྔ་སྟག་གི་ཤམ་ཐབས་གསོལཿ ཧྲཱིཾ་གི་སྒྲ་སྒྲོག་ཁམས་གསུམ་དབང་དུ་བྱེདཿ ཐུགས་གའི་འོད་ཀྱིས་ཁམས་གསུམ་སྡེ་བརྒྱད་དང་ཿ ཁྱད་པར་དམིགས་པའི་ཡུལ་ཀུན་དབང་མེད་བཀུགསཿ བདག་ལ་གུས་ཤིང་སྣང་བ་དགེ་ལ་བསྒྱུརཿ སྣང་གྲགས་རྟོགས་ཚོགས་འཕགས་མའི་སྐུ་གསུང་ཐུགསཿ ཀུན་གྱིས་སྔགས་སྒྲ་འབྲུག་སྟོང་གྲགས་ལྟར་སྒྲོགཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ འོད་ཟེར་སྤྲོ་དང་བསྡུས་བ་ཡིསཿ དོན་གཉིས་འགྲུབ་པའི་རྟེན་འབྲེལ་བསྒྲིགཿ དེ་ནས་གཏེར་བུམ་སྒྲུབ་པ་ནིཿ ཧྲཱིཿ རང་ཉིད་ཡི་དམ་ཐུགས་ཀའི་སྔགས་ཕྲེང་ལསཿ འོད་ཟེར་ཕོ་ཉ་ལྟ་བུ་ཕྱོགས་བཅུར་འཕྲོསཿ མཆོག་གསུམ་བྱིན་རླབས་འབྱུང་བའི་བཅུད་བསྡུས་ཏེཿ རྫས་ལ་བསྟིམས་པས་བྱིན་རླབས་འོད་ཟེར་འབརཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱཧཱཿ དམིགས་པ་ཡེངས་མེད་ཐུན་དུ་བཅདཿ བུམ་པ་འཕགས་མ་རིག་བྱེད་མའིཿ དཀྱིལ་འཁོར་ཆེན་པོར་གྱུར་བར་མོསཿ ཐུན་མཇུག་རྣམ་སུ་ཀླུ་སྒྲུབ་ནིཿ ཧྲཱིཿ རང་ཉིད་རིག་བྱེད་དབང་མོའི་ཐུགས་སྲོག་ལསཿ འོད་དམར་ལྕགས་ཀྱུ་ལྟ་བུ་གྲངས་མེད་འཕྲོསཿ ཀླུ་རྒྱལ་འཁོར་བཅས་སྤྱན་དྲང་གཟུགས་ལ་བསྟིམཿ བཀའ་ཉན་གསུང་སྡོད་བསྟན་པ་སྲུང་བར་དམིགསཿ ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཨེ་ཧྱཻ་ཧི་ནཱ་ག་ར་ཛ་ས་པ་རི་ཝཱ་ར་ས་མཱ་ཛཿ རང་རང་སྲོག་ཡིག་ཕུཿ་དང་ནཱཿ དམིགས་རྟེན་ལ་བསྟིམ་རང་གཟུགས་གྱུརཿ ཛ་ཧཱུཾ་བཾ་ཧོཿ ཞེས་པའི་སྔགས་ཀྱིས་སྤྱན་དྲངས་ལཿ དབུས་ཀྱི་ཀླུ་རྒྱལ་ཐུགས་ཀ་ལཿ སྔགས་ཕྲེང་བཀོད་དེ་དྲག་ཏུ་བཟླཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཝ་རུ་ཎ་ཨཱ་ཧཱུཾཿ ཤར་དུ་ཀླུ་རྒྱལ་སྟོབས་རྒྱུ་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཀརྐོ་ཊ་ཨཱ་ཧཱུཾཿ ཤར་ལྷོར་ཀླུ་རྒྱལ་པདྨ་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་པདྨ་ཨཱ་ཧཱུཾཿ ལྷོ་རུ་ཀླུ་རྒྱལ་ནོར་རྒྱས་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་བ་སུ་ཀི་ཨཱ་ཧཱུཾཿ ལྷོ་ནུབ་ཀླུ་རྒྱལ་དུང་སྐྱོང་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཤངྑ་པཱ་ལ་ཨཱ་ཧཱུཾཿ ནུབ་ཏུ་ཀླུ་རྒྱལ་འཇོག་པོ་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཏཀྵ་ཀ་ཨཱ་ཧཱུཾཿ ནུབ་བྱང་པདྨ་ཆེན་པོ་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་མ་ཧཱ་པདྨ་ཨཱ་ཧཱུཾཿ བྱང་དུ་ཀླུ་རྒྱལ་མཐའ་ཡས་ལ་ཨཱ་ཧཱུཾཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཨ་ནནྟ་ཨཱ་ཧཱུཾཿ བྱང་ཤར་ཀླུ་རྒྱལ་རིགས་ལྡན་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཀུ་ལི་ཀ་ཨཱ་ཧཱུཾཿ ཀླུ་ཡི་འཁོར་ཚོགས་མ་ལུས་ལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་སརྦ་ནཱ་ག་ས་པ་རི་ཝཱ་ར་ཨཱཿཧཱུཾཿ ཞེས་སོགས་བདུན་ནམ་ཉེར་གཅིག་བརྗོདཿ ཀླུ་གཏོར་སྨན་སྣ་ཞལ་དུ་ཕུལཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཝ་རུ་ཎཿ པདྨཿ ཀརྐོ་ཊཿ བ་སུ་ཀིཿ ཤངྑ་པཱ་ལཿ ཏཀྵ་ཀཿ མ་ཧཱ་པདྨཿ ཀུ་ལི་ཀཿ ཨ་ནནྟ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་ཨ་ཧཱུཾཿ ཅེས་བརྗོད་དགའ་ཞིང་ཚིམ་པར་བསམཿ སངས་རྒྱས་བསྟན་པ་དར་བ་དངཿ ཆར་ཆུ་དུས་འབེབས་ལོ་ཕྱུག་ལེགསཿ མི་མཐུན་འགལ་འཁྲུགས་མ་ལུས་སེལཿ ལོངས་སྤྱོད་རྒྱས་པའི་འཕྲིན་ལས་མཛོདཿ ཅེས་བརྗོད་བསྟོད་ཅིང་རང་གནས་གཤེགསཿ ཞག་དང་བསྙེན་གྲངས་ཐེམ་པའི་སྐབསཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཀུ་རུ་ཀུལླེ་ཧ་རི་ནི་ས་སརྦ་སིདྡྷི་ཕ་ལ་ཧཱུཾཿ ཅེས་བཟླས་སྲུང་འཁོར་རིལ་བུ་གཉིསཿ དངོས་གྲུབ་ཚུལ་དུ་རང་གིས་བླངསཿ ལུས་དང་མི་འབྲལ་རྒྱུན་དུ་བཅིངཿ ལྷ་རྣམས་འོད་ཏུ་ཞུ་བ་ལསཿ གཏེར་བུམ་ཕྲ་རབ་རྡུལ་གྱི་གྲངསཿ འཕགས་མའི་དཀྱིལ་འཁོར་བྱིན་བརླབས་ནསཿ ཀླུ་ཡི་འགྲོ་དོན་མཛད་པར་མོསཿ ཀླུ་ཐེབ་འཕྲོད་པའི་དུས་བཟང་ལཿ མཚོ་དང་མཚེའུ་ཆུ་མིག་སོགསཿ གཏན་འཁྱིལ་ཆུ་ལ་སྦ་བ་ལསཿ མི་གཙང་ཁྲོན་པ་ལ་མི་བྱཿ མཆོད་འབུལ་མཁན་པོ་ཐམས་ཅད་ཀྱིཿ ཤ་ཁྲག་ཟས་སྣ་མི་ཟ་ལཿ དྲག་པོའི་སྔགས་ཀྱང་བགྲང་མི་བྱཿ ལུས་ཀྱི་ལས་གསུམ་ལེགས་པར་བསྲུངཿ གྲིབ་ཁྲུས་ཁ་བཤལ་གོས་གསར་གྱོནཿ གང་དུ་འབུལ་བའི་གནས་དེ་རུཿ སྡེ་བརྒྱད་སྤྱི་ལ་མཆོད་པ་དངཿ ནམ་མཁའ་མཛོད་ཀྱིས་གཏོར་མ་ཕུལཿ རང་སྲུང་རྡོ་རྗེའི་གོ་ཁྲབ་བགོཿ གཞན་ལ་བྱམས་པའི་ཏིང་འཛིན་བསྒོམཿ གོང་བཞིན་རྩ་བའི་རིགས་སྔགས་ཀྱིསཿ ཀླུ་འགུགས་བསྙེན་ཅིང་བཀའ་བགོས་མཐརཿ མཆོད་པ་དུ་མས་མཉེས་བྱས་ལཿ གཏེར་བུམ་ཀླུ་ལ་གཏད་པ་ནིཿ ཀྱཻཿ བླ་མ་ཡི་དམ་དཀོན་མཆོག་གསུམ་ཿ ལྷ་དང་དྲང་སྲོང་བདེན་པ་དངཿ སྟོང་དང་རྟེན་འབྱུང་བསླུ་མེད་པསཿ གང་བརྩམ་ཡིད་བཞིན་འགྲུབ་གྱུར་ཅིགཿ ཁྱད་པར་བླ་མ་སྒྲོལ་མ་ཡུམཿ དབང་མཛད་ཀུ་རུ་ཀུལླེ་ཡིསཿ སྡེ་བརྒྱད་སྤྱི་དང་ཁྱད་པར་དུཿ ཀླུ་དབང་འཁོར་བཅས་བྱིན་གྱིས་རློབསཿ དེ་རིང་རིག་འཛིན་བདག་ཅག་གིཿ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱིསཿ འཕགས་མའི་རྟེན་མཁར་གཏེར་བུམ་འདིཿ ཀླུ་རྒྱལ་འཁོར་དང་བཅས་ལ་གཏདཿ ཝ་རུ་ཎ་དང་སྟོབས་ཀྱི་རྒྱུཿ པདྨ་ནོར་རྒྱས་དུང་སྐྱོང་དངཿ འཇོག་པོ་དང་ནི་དབང་ཆེན་དངཿ མཐའ་ཡས་རིགས་ལྡན་ཀླུ་རྒྱལ་དགུཿ རྒྱལ་རིགས་དཀར་པོ་རྗེ་རིགས་སེརཿ བྲམ་ཟེ་སྔོན་པོ་དམངས་རིགས་ལྗང༔ གདོལ་བ་ནག་པོ་ཀླུ་ཡི་རིགསཿ རང་རང་སྡེ་དང་དཔུང་ཚོགས་བཅསཿ ཡིད་བཞིན་འདོད་འཇོའི་གཏེར་བུམ་འདིཿ དགའ་བཞིན་དྲོངས་ལ་གུས་པས་མཆོདཿ འཕགས་མའི་ཐུགས་རྗེ་བསླུ་བ་མེདཿ རྟེན་འབྱུང་རྫས་སྔགས་བསླུ་བ་མེདཿ སྟོང་དང་རྟེན་འབྱུང་བསླུ་བ་མེདཿ བསླུ་མེད་བདེན་པས་དོན་ཀུན་འགྲུབཿ བྱང་ཆུབ་སེམས་ཀྱི་བྱིན་རླབས་དངཿ ཏིང་འཛིན་ཟབ་མོའི་ནུས་པ་ཡིསཿ འདོད་པ་འཇོ་བའི་བུམ་པ་འདིཿ ཀླུ་ཡི་ཚོགས་ཀྱི་མགོན་གྱུར་ཅིགཿ སེར་སྣ་ཆེ་བའི་ཀླུ་རིགས་ལཿ གཏོང་བའི་ལྷག་བསམ་འབྱུང་གྱུར་ཅིག གཙང་རྨེའི་གདུང་བའི་ཀླུ་རིགས་ལཿ མཉམ་ཉིད་ཚུལ་ཁྲིམས་འགོ་འགྱུར་ཅིགཿ ཤ་འཁོན་དམ་པའི་ཀླུ་རིགས་ལཿ བཟོད་པའི་ཤེས་རབ་ཐོབ་གྱུར་ཅིག ལེ་ལོ་ཆེ་བའི་ཀླུ་རིགས་ལཿ དགེ་ལ་སྤྲོ་སེམས་སྐྱེ་གྱུར་ཅིག རྣམ་པར་གཡེང་པའི་ཀླུ་རིགས་ལཿ དགེ་སེམས་བརྟན་པ་འཁྲུངས་གྱུར་ཅིགཿ གཏི་མུག་འཐུག་པའི་ཀླུ་རིགས་ལཿ བླང་དོར་ཤེས་རབ་གསལ་གྱུར་ཅིགཿ གདུག་པ་ཀླུ་ཡི་ཤེས་རྒྱུད་ལཿ བྱམས་དང་སྙིང་རྗེ་སྐྱེ་གྱུར་ཅིགཿ བདག་ཅག་དཔོན་སློབ་འཁོར་བཅས་ཀྱིསཿ ཐོག་མེད་དུས་ནས་ད་ལྟའི་བརཿ སྔ་རབས་འདས་པའི་ཕ་མེས་དང་ཿ ད་ལྟའི་གཉེན་ཉེ་འཁོར་བཅས་ཀྱིསཿ ཀླུ་གཉན་ཚོགས་ལ་འགལ་བའི་ལསཿ འགལ་འཁྲུགས་མ་ལུས་ཞི་གྱུར་ཅིགཿ ཀླུ་ཡི་སྡེ་ཚན་མ་ལུས་པརཿ འཕགས་མའི་བྱིན་རླབས་ཐོབ་པ་དངཿ མཐོང་དུག་རེག་དུག་ཁ་རླངས་དུགཿ འཚེ་དུག་བསམ་པ་ངན་པའི་དུགཿ ཀླུ་དུག་མ་ལུས་ཞི་གྱུར་ཅིགཿ དུག་གསུམ་ལས་བྱུང་རླུང་མཁྲིས་དངཿ བན་ཀན་འདུས་དང་ལྡན་པའི་ནདཿ མཛེ་གཉན་རྨ་སྐྲངས་ལ་སོགས་པཿ ཀླུ་གཉན་ནད་རྣམས་སངས་གྱུར་ཅིགཿ ཀླུ་ཡི་དོན་ལྔ་སྣོད་དྲུག་ལཿ གདུང་བ་བསྐྱེད་པའི་ནད་རིགས་དངཿ བྱེ་ཚན་མཁའ་ལྡིང་འཇིགས་པ་སོགསཿ སྡུག་བསྔལ་མ་ལུས་ཞི་གྱུར་ཅིགཿ མ་རིག་ལས་ཉོན་གྱིས་བསྐྱེད་པའིཿ རྟག་ཏུ་འཁོན་ཞིང་སྡེ་ཚན་རྩོདཿ ཁས་ཞན་དབང་ཆུང་གནས་ལས་བསྐྲདཿ མི་མཐུན་མ་ལུས་ཞི་གྱུར་ཅིགཿ འཕགས་མའི་བྱིན་རླབས་གཏེར་བུམ་འདིཿ ཕམ་རྒྱལ་མེད་པར་ཀུན་ལ་དབངཿ མཐོང་ཐོས་དྲན་རེགས་མཆོད་པ་ཡིཿ ཀླུ་རྣམས་དགེ་ལ་འདུན་གྱུར་ཅིགཿ མགོན་མེད་རྣམས་ལ་སྐྱབས་སུ་གྱུརཿ དབུལ་བོ་རྣམས་ལ་གཏེར་དུ་གྱུརཿ ནད་པ་རྣམས་ལ་སྨན་དུ་གྱུརཿ ཆོས་མེད་དག་ལ་བཤེས་སུ་གྱུརཿ སོ་སོའི་འདོད་པ་མ་ལུས་པཿ བུམ་བཟང་འདི་ལས་འབྱུང་གྱུར་ཅིགཿ ཡངས་པའི་འཇིག་རྟེན་མ་ལུས་པརཿ ཆར་ཆ་དུས་སུ་འབེབས་པ་དངཿ ལོ་ཕྱུག་ལེགས་ཤིང་དཔལ་འབྱོར་རྒྱསཿ སྣོད་བཅུད་བདེ་དང་ལྡན་གྱུར་ཅིགཿ རྫུ་འཕྲུལ་ལྡན་པ་ཀླུ་ཡི་སྡེསཿ རྣལ་འབྱོར་གར་འགྲོ་གར་འདུག་ཀྱངཿ རྒྱུ་ནོར་ལོངས་སྤྱོད་ཆར་ལྟར་ཕོབསཿ འཁོར་དང་གདུལ་བྱ་རྒྱས་པར་མཛོདཿ རྒྱུ་སྦྱོར་ཡོན་ཀྱི་བདག་པོ་འདིའིཿ བུ་ཚ་རིགས་རྒྱུད་རྒྱས་པར་མཛོདཿ བང་མཛོད་གསེར་དངུལ་འབྲུ་ཡིས་གངཿ རྭ་བ་ཕྱུག་དང་གཡང་གིས་གངཿ མཐུན་རྐྱེན་ལེགས་ཚོགས་སྤྲིན་བཞིན་འདུཿ འགལ་རྐྱེན་རྩད་ནས་ཞི་གྱུར་ཅིགཿ འཛམ་གླིང་ཡུལ་གྲུ་གང་དུ་འངཿ ཀླུ་ཡི་གནོད་པའི་སེམས་སྤོང་ལཿ ས་གཡོ་རླུང་འཚུབས་ཆུ་དགྲ་སོགསཿ འབྱུང་བཞིའི་འཇིགས་པ་མ་གཏོང་ཅིགཿ ཀྱཻཿསྟོབས་ལྡན་ཀླུ་ཡི་ཚོགསཿ བདེན་པའི་གཏམ་ལ་ཁྱོད་ཀྱིས་ཉོནཿ མཛའ་བའི་གྲོགས་ཀྱི་ཕྱི་ཐག་སྲོངཿ དྲིན་ལན་འཁོན་གྱིས་མ་འཇལ་ཞིགཿ ཁྲོ་གཉེར་ཅན་གྱི་བཀའ་ལ་ཉོནཿ ཀུ་རུ་ཀུལླེའི་དམ་ལ་འདུསཿ གལ་ཏེ་དམ་ལས་འདས་གྱུར་ནཿ འབྲས་བུ་དམྱལ་བའི་མེ་རུ་འཚོཿ བདག་ནི་དཔལ་ཆེན་ཧེ་རུ་ཀའིཿ སྤྲུལ་བའི་ཁྱུང་ཆེན་ཆར་ལྟར་འབེབསཿ དམ་རྫས་རྣམས་ཀྱང་དུག་དུ་འགྱུརཿ ཀླུ་རིགས་རྩད་ནས་འཇོམས་ཏ་རེཿ དེ་བས་མནའ་མཛའ་མ་བོར་ལཿ རང་རང་ནུས་པ་ཅི་ཡོད་ཀྱིསཿ སངས་རྒྱས་བསྟན་པ་སྲུང་བ་དངཿ རྣལ་འབྱོར་སྡོང་གྲོགས་གཡེལ་མེད་མཛོདཿ བདག་གི་ལྷ་སྔགས་ཏིང་འཛིན་ལཿ གཞོལ་དང་དུས་གསུམ་དགེ་བའི་མཐུསཿ ཀླུ་ཡི་གདོན་དང་གནོད་པ་ཞིཿ ཀླུ་ཡུལ་བཀྲ་ཤིས་དཔལ་འབར་ཤོགཿ ཅེས་བརྗོད་གོང་གི་སྔགས་བཟླ་བཞིནཿ རྫས་རྣམས་རིམ་བཞིན་ཆུ་ལ་བསྐྱུརཿ སྐབས་སྐབས་འདོད་དོན་གསོལ་བ་གཏབཿ ཡོངས་སུ་འབུལ་བ་གྲུབ་པ་དངཿ ཨོཾ་ཀུ་རུ་ཀུལླེ་ཧྲཱི་ནཱ་ག་རཱ་ཛ་ཝ་རུ་ཎཿ པདྨཿ ཀརྐོ་ཊཿ བ་སུ་ཀིཿ ཤངྑ་པཱ་ལཿ ཏཀྵ་ཀཿ མ་ཧཱ་པདྨཿ ཀུ་ལི་ཀཿ ཨ་ནནྟ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྟ་ཨ་ཧཱུཾཿ ཧོཿ གདེང་ཀ་ནོར་བུ་འབར་བའི་འོད་ཟེར་གྱིསཿ ས་འོག་མུན་པ་མ་ལུས་སེལ་མཛད་ཅིངཿ བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབཿ ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོདཿ ཅེས་པས་མཆོད་བསྟོད་ནོངས་པ་བཤགསཿ ཨོཾ་སརྦ་ནཱ་ག་བཛྲ་མུཿ ཞེས་པས་རང་གནས་གཤེགས་དམིགས་ལཿ ཡུལ་འཁོར་སྲུང་བའི་དམིགས་པ་བྱཿ མཐའ་མར་རྟེན་སྙིང་བཀྲ་ཤིས་བརྗོདཿ སླར་ཡང་སྤྱན་མའི་སྔགས་བཟླས་ཏེཿ འོ་ཆུ་བྱིན་རླབས་བཏབ་པ་ཡིཿ ཉེས་པ་མ་ལུས་སེལ་བར་འགྱུརཿ ཀླུ་ཡི་རང་བཞིན་བསྒྱུར་དཀའ་བསཿ དགའ་ན་ནོར་གྱི་ཆར་བ་འབེབསཿ མི་རབས་བརྒྱུད་པ་བཅས་ལ་འགོཿ ཉེས་ན་ནད་ཀྱི་ཁ་རླངས་གཏོངཿ རང་ཉིད་ཤི་ཡང་གཏོང་མི་འགྱུརཿ གླེན་པ་ཀླུ་རིགས་མཆོད་ཤེས་ནཿ བུ་ཚ་རིགས་རྒྱུད་རྒྱས་ཤིང་འཕེལཿ གང་དུ་སོང་ཡང་ནོར་དང་འཕྲདཿ རིགས་གཟུགས་ལང་ཚོ་ལ་སོགས་པཿ འདོད་དོན་འབད་མེད་འགྲུབ་པར་འགྱུརཿ སྙིང་རྗེ་ཆེན་པོས་སྦྱིན་པ་ཡིསཿ བསོད་ནམས་ཚོགས་ཆེན་རྫོགས་པ་དངཿ རྒྱལ་སྲས་མཆོད་པ་མཐར་ཕྱིན་འགྱུརཿ བྱ་སླ་ཐབས་ཟབ་འདི་ཙམ་ཡང་ཿ སངས་རྒྱས་ཉེ་རྒྱུར་འགྱུར་བའི་ཚུལཿ སོམ་ལ་སྦྱིན་པ་ཐོངས་ཤིག་ཀྱེཿ དོན་གཉིས་འགྲུབ་པ་ཨེ་མ་ཧོཿ ས་མ་ཡཿཨྠྀི

སྟོབས་བསྐྱེད་རྣམ་རྒྱལ་བ་དན།

༄། ། སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ སྟོབས་བསྐྱེད་རྣམ་རྒྱལ་བ་དན་ནི༔

༼རླུང་རྟའི་ཀྭ་འཛུག་ཏུ་གྲགས་པ་བཞུགས༽ ན་མོ་ཨརྻཱ་ཏཱ་ར་ཡེཿ བསམ་མི་ཁྱབ་པའི་ཡེ་ཤེས་ལས༔ འགྲོ་ལ་ཕན་པའི་མན་ངག་ཆེ༔ བསོད་ནམས་དབང་ཐང་བསྐྱེད་པའི་ཐབས༔ རྣམ་རྒྱལ་བ་དན་འཛུག་ཚུལ་བསྟན༔ སྔོན་འགྲོ་སྟ་གོན་རྟེན་འབྲེལ་སྒྲིགས༔ དངོས་གཞི་ཏིང་འཛིན་སྔགས་ཀྱིས་གཟིར༔ རྗེས་སུ་དམ་ཚིག་དངོས་གྲུབ་ལེན༔ རྣམ་པ་གསུམ་གྱིས་མན་ངག་བསྡུ༔ དང་པོ་དཀྱིལ་འཁོར་བྱ་བ་ནི༔ འཕགས་མའི་སྐུ་གསུང་ཐུགས་རྟེན་བཤམ༔ ཁྲི་དང་གདུགས་དང་མཆོད་རྫས་བཀོད༔ གཙོ་བོ་སྒྲོལ་མའི་དཀྱིལ་འཁོར་དང་༔ རྣམ་པར་རྒྱལ་བའི་དཀྱིལ་འཁོར་ནི༔ དངོས་སམ་དམིགས་པ་མཚན་མ་བཤམས༔ ཤར་ལྗང་ལྷོ་དམར་ནུབ་དཀར་པོ༔ བྱང་ཕྱོགས་སྔོན་པོ་ཕྱོགས་བཞིར་བཀོདཿ ཡང་ན་མཚམས་བཞི་སེར་པོ་བྱ༔ དེ་ལ་འདའ་བཞི་འབྲུ་ཚོམ་བཞི༔ བུམ་པ་བཅུད་ལྡན་བཞི་རེ་དང་༔ སོ་སོའི་བྱང་བུ་མཆོད་པ་བཀྲམ༔ གསེར་རི་རོལ་མཚོས་འབྱུང་བ་བསྐྱེད༔ཁང་བཟང་བ་དན་ལུས་སྲོག་བསྐྱེད༔ སྟག་སེང་ཁྱུང་འབྲུག་རྟ་མཆོག་གིས༔ འགོ་བའི་ལྷ་ལྔ་དགྱེས་པ་བསྐྱེད༔ ནམ་མཁས་མཐུན་པའི་རྟེན་འབྲེལ་བསྐྱེད༔ གོ་ཁྲབ་མདའ་གཞུའི་ཕོ་ལྷ་བསྐྱེད༔ འཕང་དང་རྒྱན་གྱིས་མོ་ལྷ་བསྐྱེད༔ མེ་ལོང་བནྡྷེའི་དབང་ཐང་བསྐྱེད༔ རིན་ཆེན་འབྲུ་སྣས་བསོད་ནམས་བསྐྱེད༔ རྟེན་འབྲེལ་ཚོགས་པས་དབང་ཐང་དང་༔ རླུང་རྟ་ཉམས་པ་གསོ་བར་བྱེད༔ གཉིས་པ་རྫས་ཀྱི་སྦྱོར་བ་ནི༔ ༡གནས་ཆེན་བརྒྱ་ཡི་ས་ཆུ་དང་༔ ༢རི་ཆེན་བརྒྱ་ཡི་མེ་ཏོག་དང་༔ ༣བླ་ཆེན་བརྒྱ་ཡི་ནབ་བཟའ་དང་༔ ༤རབ་བྱུང་བརྒྱ་ཡི་བཞུགས་གདན་དང་༔ ༥སྔགས་པ་བརྒྱ་ཡི་དམ་རྫས་དང་༔ ༦གཞོན་ནུ་བརྒྱ་ཡི་ལྕང་ལོ་དང་༔ ༧ཕྱུག་ཆེན་བརྒྱ་ཡི་འབྲུ་སྣ་དང་༔ ༨རྒྱལ་ཁང་བརྒྱ་ཡི་ཁང་དྲེག་དང་༔ ༩འབྲུ་མོ་བརྒྱ་ཡི་འོ་མ་དང་༔ ༡༠རྟ་པོ་བརྒྱ་ཡི་རྔོག་མ་སྟེ༔ དབང་ཐང་བསྐྱེད་པའི་རྫས་སྣ་སྟོང་༔ ཕོ་གཡང་འགུགས་པར་དཔའ་བོའི་སྐྲ༔ མོ་གཡང་འགུགས་པར་མཁའ་འགྲོའི་སྐྲ༔ ཐབས་ཀྱི་རྫས་མཆོག་ཅུ་གང་དང་༔ ཤེས་རབ་སིནྡྷུ་ར་དམར་པོ༔ ཤར་ཕྱོགས་བྱི་འབྲུག་སྤྲེལ་གསུམ་ལ༔ བླ་ཤིང་ཤུག་པ་གཡུ་ལོ་དང་༔ སྲོག་འཛིན་ཨ་རུ་གསེར་མདོག་དང་༔ དབང་ཐང་མེ་ཏོག་ཆུ་སྲིན་སྡེར༔ བླ་རྡོ་མར་གད་ལྗང་ཁུ་བཀོད༔ ལྷོ་ཕྱོགས་ཕག་ལུག་ཡོས་གསུམ་ལ༔ བླ་ཤིང་སེང་ལྡིང་དམར་པོ་དང་༔ སྲོག་འཛིན་ཛཱ་ཏི་ཕ་ལ་དང་༔ དབང་ཐང་མེ་ཏོག་ཨུཏྤལ་དམར༔ བླ་རྡོ་པདྨ་རཱ་ག་བཀོད༔ ནུབ་ཕྱོགས་སྟག་རྟ་ཁྱི་གསུམ་ལ༔ བླ་ཤིང་ཙནྡན་དཀར་པོ་དང་༔ སྲོག་འཛིན་བ་རུ་དཀར་པོ་དང་༔ དབང་ཐང་མེ་ཏོག་སྤང་རྒྱན་དཀར༔ བླ་རྡོ་ཆུ་ཤེལ་དཀར་པོ་བཀོད༔ བྱང་ཕྱོགས་བྱ་གླང་སྦྲུལ་གསུམ་ལ༔ བླ་ཤིང་ཨ་གར་ནག་པོ་དང་༔ སྲོག་འཛིན་ཨ་རུ་ནག་ཆུང་དང་༔ དབང་ཐང་མེ་ཏོག་པདྨ་སྔོ༔ བླ་རྡོ་མུ་མེན་སྔོན་པོ་བཞག༔ སྤྱི་ལ་འགྲོ་བ་བུམ་པའི་རྫས༔ ཚད་དང་ལྡན་པས་ལས་ཀུན་བྱེད༔ ཐུན་མིན་སྣང་བ་དབང་སྡུད་ཀྱི༔ རིལ་བུ་འཛོམ་ན་རྟེན་ཏུ་བཞག༔ བསོད་ནམས་ལག་ཏུ་གཏད་པ་ལ༔ དཔལ་བསྐྱེད་གཡུང་དྲུང་ཐམ་ཀ་ལ༔ ཐབས་དང་ཤེས་རབ་རྫས་མཆོག་དང་༔ སྒ་སེར་གུམ་གུམ་ར་འོ་ལ༔ དམ་རྫས་སྦྱར་བ་ཉེར་ལྡོག་བྱ༔ གསུམ་པ་གཏོར་མ་བྱ་བ་ནི༔ གཙོ་བོ་འཕགས་མའི་སྒྲུབ་གཏོར་དང་༔ དཀྱིལ་འཁོར་བཞི་ཡི་གཏོར་མ་ནི༔ གཙོ་བོར་ཕྱོགས་འདྲ་གཡས་རིམ་བཞིན༔ ལྗང་དམར་མཐིང་དཀར་ཁ་དོག་ལ༔ མེ་ཏོག་དཀྱིལ་ཏུ་ཤིང་སྡོང་དང་༔ མེ་རི་རྡོ་རྗེ་ཆུ་བོ་བཞིའི༔ གདན་སྟེང་རང་སྲོག་ཡཾ་རཾ་ཌཾ༔ བཾ་ཡིག་བཞི་བོ་མ་འདྲེས་བཀོད༔ མཆོད་སྦྱིན་གཏོར་མ་སྐབས་དང་བསྟུན༔ གཡས་སུ་ནམ་མཁའ་གཡོན་བླ་ལུག༔ རྒྱབ་ཏུ་ཁང་བཟང་བཀོད་ལེགས་བྱ༔ རོལ་མོ་སིལ་སྙན་འཕན་གདུགས་སོགས༔ མཆོད་ཚོགས་ཀུན་གྱིས་ཕྱོགས་ཀུན་བཀང་༔ སྒྲུབ་པོས་རང་མདོག་གོས་བཟང་གྱོན༔ ཉམས་དགའ་བག་སྤྲོ་བྱིན་ཆགས་བྱ༔ དངོས་གཞི་སྒྲུབ་པའི་རིམ་པ་ནི༔ ཏཱྃ༔ དམིགས་མེད་སྤྲོས་བྲལ་ངང་ལས་སྙིང་རྗེའི་རྩལ༔ རྒྱུ་ཡི་ས་བོན་ཏཱྃ་ཡིག་ལྗང་ཁུ་ལས༔ འོད་ཟེར་འཕྲོ་འདུས་དོན་གཉིས་ལྷུན་གྲུབ་པའི༔ རྗེ་བཙུན་དོན་གྲུབ་སྒྲོལ་མའི་སྐུ་རུ་བཞེངས༔ སྔོ་ལྗང་ཞི་འཛུམ་སྒེག་ཉམས་བཞེངས་སྟབས་ཅན༔ ཞལ་གཅིག་ཕྱག་གཉིས་གཡས་པའི་མཆོག་སྦྱིན་རྒྱ༔ གཡོན་པ་མཆོག་གསུམ་ཕྱག་རྒྱས་ཨུཏྤལ་འཛིན༔ ལོངས་སྐུའི་ཆས་རྫོགས་ཞབས་གཉིས་གར་གྱི་འགྲོས༔ གནས་གསུམ་ཡི་གེ་ཏཱྃ༔ཡིག་འོད་ཟེར་གྱིས༔ སྐྱབས་ཡུལ་རྒྱལ་བ་རྒྱ་མཚོ་སྤྱན་དྲངས་བསྟིམ༔ བདག་མདུན་དབྱེར་མེད་ཡེ་ཤེས་གཟི་བྱིན་གྱིས༔ སྣོད་བཅུད་ཀུན་ལ་རྡོ་རྗེའི་བྱིན་ཆེན་འབེབས༔ སྙིང་དབུས་ཟླ་བའི་དཀྱིལ་དུ་ཏཱྃ༔ཡིག་མཐར༔ གཟུངས་སྔགས་འཁོར་བས་རྩ་གསུམ་ཡེ་ཤེས་འདྲེས༔ ཚེ་བསོད་དབང་ཐང་སྟོབས་དང་གཟི་བརྗིད་འབར༔ བདེ་སྟོང་དོན་གྱི་སྒྲོལ་མའི་ཞལ་ལ་བལྟ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ རྩ་བའི་སྙིང་པོ་ཅི་ནུས་བཟླ༔ ༀ་ཏཱ་རེ་ཏུཏཱ་རེ་ཏུ་རེ་ཛམྦྷེ་མོ་ཧེ་སྭཱ་ཧཱ༔ ཁྱད་པར་གཟུངས་ཀྱིས་གནད་ནས་བསྐུལ༔ དཀྱིལ་འཁོར་བྱིན་གྱིས་བརླབས་པ་ནི༔ རྟ་མཆོག་རོལ་བའི་སྔགས་ཀྱིས་བསང་༔ སྟོང་པ་ཉིད་ཀྱི་དབྱིངས་སུ་སྦྱང་༔ ༀ་ཨཱཿཧཱུྃ༔ བདེ་ཆེན་ཏིང་འཛིན་ངང་ལས་རང་ཤར་ཞིང་༔ རྫས་སྔགས་ཕྱག་རྒྱ་ཆེན་པོའི་རྩལ་འབར་བའི༔ ངོ་བོ་སྟོང་ཉིད་རྣམ་པ་བསྐང་བའི་རྫས༔ བྱེད་ལས་ཚེ་བསོད་སྟོབས་དང་དབང་ཐང་བསྐྱེད༔ མཐོང་ཐོས་དྲན་པས་ཐར་བའི་ས་བོན་ཐེབས༔ རྒྱལ་བ་རབ་འབྱམས་བྱིན་རླབས་གཅིག་འདུས་པའི༔ རྨད་བྱུང་དམ་ཚིག་གསང་བའི་རྫས་སུ་གྱུར༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་བ་ལོ་ཀ་ཨ་ཀརྵ་ཤ་ཧྲཱིཾ་ཛཿ ནྲྀ་ཨངྒུ་ཤ་ཡ་ཧཱུཾ་ཛཿ མཿཧཿརིཿནིཿསཿརཿཙཿཧྲཱིཿཡཿཙིཏྟ་ཧྲཱིཾཿཧྲཱིཾཿཛ་ཛཿ ཨ་ཝེ་ཤ་ཡ་ཕེཾ་ཕེཾཿ ཅེས་བརྗོད་བྱིན་དབབ་ཐུགས་དམ་བསྐུལ༔ འགྲོ་དོན་འགྲུབ་ཕྱིར་དམིགས་པས་གཟིར༔ སྒྲོལ་མའི་དམ་བཅའ་བསྐུལ་བའི་སྔགསཿ ན་མཿ་ཨཱརྻཱ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་ཡཿ མ་ཧཱ་ས་ཏྭཱ་ཡཿ མཧཱ་ཀ་རུ་ཎི་ཀ་ཡཿ ཏདྱ་ཐཱཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱནཿ པྲ་དུཥྚཱནཿ མ་མ་ཀྲྀ་ཏེཿ ཛཾ་བྷ་ཡཿ སྟཾ་བྷ་ཡཿ མོ་ཧ་ཡཿ བནྡྷ་ཡཿ སརྦ་དུཥྚཱན་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱཿ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་སོགས་དཔོན་སློབ་འཁོར་བཅས་ཀྱི་ཚེ་བསོད་དབང་ཐང་སྟོབས་དང་ནུས་པ་བསྐྱེད་ཅིག་པུཥྚཾ་ཀུ་རུ་སྭཱཧཱ༔ ཡང་ཡང་བཟླས་ཤིང་དམ་བཅའ་བསྐུལ༔ ཁྱད་པར་ནུས་སྟོབས་བསྐྱེད་པའི་སྔགས༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཝརྡྷ་ན་སྭཱཧཱ༔ ལོ་སྐོར་བཅུ་གཉིས་སྟོབས་བསྐྱེད་ཕྱིར༔ དང་པོ་ཤར་གྱི་དཀྱིལ་འཁོར་ལ༔ དམིགས་ཏེ་བསང་སྦྱང་དམུ་ཐག་འཐེན༔ གཏོར་མ་ཇ་ཆང་འོ་མས་མཆོད༔ ཀྱེ༔ ཤར་ཕྱོགས་རྒྱས་རྣམ་སྣང་མཛད༔ རིགས་ཀྱི་ཡུམ་མཆོག་མ་མ་ཀཱི༔ བྱང་སེམས་ས་སྙིང་བྱམས་པ་མགོན༔ སེམས་མ་སྒེག་མོ་བདུག་པ་མོ༔ ལྷ་མོ་རྒྱལ་དང་རྣམ་རྒྱལ་མ༔ དོན་གྲུབ་མ་དང་མི་ཕམ་མ༔ དགའ་མཆོག་མ་དང་དགའ་བདེ་མ༔ དགའ་ཅན་དགའ་འཕེལ་རྣམ་པ་བརྒྱད༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རྒྱུ་སྐར་སྨིན་དྲུག་སྣར་མ་དང་༔ མགོ་དང་ལག་ནབས་སོ་དང་༔ རྒྱལ་དང་སྐག་སྟེ་ཤར་སྐར་བདུན༔ ས་བདག་རྒྱལ་པོ་ཤིང་ཕོ་སྟག༔ ཤིང་གི་སྲོག་ལ་ཆུ་ཡི་ལུས༔ དབང་ཐང་ཤིང་གི་གོས་དང་ལྡན༔ གཅོད་བྱེད་ལྕགས་ཀྱི་རྟ་ལ་ཞོན༔ བྱི་འབྲུག་སྤྲེལ་གསུམ་སྟོབས་ཀྱི་ལྷ༔ མཆོད་པ་བཞེས་ལ་བཤགས་པ་ལོངས༔ མཁྱེན་པས་གཟིགས་ལ་བརྩེ་བས་དགོངས༔ ནུས་པས་བདག་སོགས་བསམ་དོན་སྒྲུབས༔ ཤར་ཕྱོགས་བྱི་འབྲུག་སྤྲེལ་གསུམ་ལ༔ བླ་ཤིང་ཤུག་པ་གཡུ་ལོ་དང་༔ སྲོག་འཛིན་ཨ་རུ་གསེར་མདོག་དང་༔ དབང་ཐང་མེ་ཏོག་ཆུ་སྲིན་སྡེར༔ བླ་རྡོ་མར་གད་ལྗང་ཁུ་བཀོད༔ ཕོ་རྟེན་མདའ་དང་མོ་རྟེན་འཕང་༔ བུ་རྟེན་མཁར་ལ་ཟས་རྟེན་འབྲུ༔ ནོར་རྟེན་རིན་ཆེན་ཚེ་རྟེན་སྨན༔ ཁམས་མཐུན་ནམ་མཁའ་རྣམ་ཤེས་རྟེན༔ བླ་ལུག་མུན་སེལ་སྒྲོན་མེ་དང་༔ སྒྲིབ་བྲལ་མེ་ལོང་ཤེས་རབ་རྟེན༔ ཕྱོགས་འདིའི་སངས་རྒྱས་བྱང་སེམས་དང་༔ ལྷ་དང་དྲང་སྲོང་བདེན་ཚིག་ཅན༔ ཕྱོགས་སྐྱོང་ཞིང་སྐྱོང་གཟའ་སྐར་ལྷ༔ རྣམ་དག་མཆོད་པ་འདི་བཞེས་ཤིག༔ ཉེས་བྱས་མ་ལུས་དག་པར་མཛོད༔ བདག་སོགས་ལུས་སྲོག་དབང་ཐང་བསྐྱེད༔ སྣོད་བཅུད་སྟོབས་དང་ནུས་པ་གསོས༔ འདོད་དོན་ལྷུན་གྲུབ་རླུང་རྟ་བསྐྱེད༔ བསོད་ནམས་གཟི་བརྗིད་སྙན་གྲགས་སྤེལ༔ དེ་ལྟར་བསྐྱར་ཏེ་མཆོད་པ་དང་༔ འདོད་དོན་གསོལ་བ་ནན་གྱིས་གདབ༔ སྔགས་ཀྱིས་གཟི་བྱིན་བསྐྱེད་པ་ནི༔ རང་ཉིད་དོན་འགྲུབ་སྒྲོལ་མའི་ཐུགས་སྲོག་ལས༔ འོད་འཕྲོས་མདུན་བསྐྱེད་ལྷ་ཚོགས་ཐུགས་རྒྱུད་བསྐུལ༔ འཕགས་པའི་བྱིན་རླབས་འབྱུང་བའི་དྭངས་བཅུད་ཀུན༔ འོད་ལྔའི་རྣམ་པས་དཀྱིལ་འཁོར་རྟེན་ལ་བསྟིམས༔ འཕགས་མའི་གསང་བ་གསུམ་གྱི་དངོས་གྲུབ་ཐོབ༔ གཟི་བྱིན་ནུས་སྟོབས་བསམ་མི་ཁྱབ་པ་འབར༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧ་རི་ནི་ས་བཛྲ་ཌཱཀྐི་ནི་ཧཱུཾ་ཛཿ བྱིན་དབབ་བརྟན་བཞུགས་སྨོན་ལམ་བཏབ༔ ༈ ལྷོ་ཕྱོགས་མཆོད་བསྟོད་འདི་སྐད་བརྗོད༔ ཀྱེ༔ ལྷོ་ཕྱོགས་སངས་རྒྱས་རིན་ཆེན་འབྱུང་༔ རིགས་ཀྱི་ཡུམ་མཆོག་སངས་རྒྱས་སྤྱན༔ བྱང་སེམས་ཀུན་བཟང་ནམ་མཁའི་སྙིང་༔ སེམས་མ་མར་མེ་ཕྲེང་བ་མོ༔ ལྷ་མོ་དཔལ་ལྡན་གྲགས་ལྡན་མ༔ གྲགས་པ་ཐོབ་དང་གྲགས་འཛིན་མ༔ ལེགས་པར་ལངས་དང་རབ་སྔ་མ༔ ལེགས་སད་བདེ་སྒྲུབ་རྣམ་པ་བརྒྱད༔ རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྒྱུ་སྐར་མཆུ་དང་གྲེ་དང་དབོ༔ མེ་བཞི་དང་ནི་ནག་པ་དང་༔ ས་རི་ས་ག་ལྷོ་སྐར་བདུན༔ ས་བདག་རྒྱལ་པོ་མེ་མོ་སྦྲུལ༔ མེ་ཡི་སྲོག་ལ་ས་ཡི་ལུས༔ དབང་ཐང་མེ་ཡི་གོས་དང་ལྡན༔ རླན་བྱེད་ཆུ་ཡི་རྟ་ལ་ཞོན༔ ཕག་ལུག་ཡོས་གསུམ་སྟོབས་ཀྱི་ལྷ༔ མཆོད་པ་བཞེས་ལ་བཤགས་པ་ལོངས༔ མཁྱེན་པས་གཟིགས་ལ་བརྩེ་བས་དགོངས༔ ནུས་པས་བདག་སོགས་བསམ་དོན་སྒྲུབས༔ ལྷོ་ཕྱོགས་ཕག་ལུག་ཡོས་གསུམ་ལ༔ བླ་ཤིང་སེང་ལྡིང་དམར་པོ་དང་༔ སྲོག་འཛིན་ཛཱ་ཏི་ཕ་ལ་དང་༔ དབང་ཐང་མེ་ཏོག་ཨུཏྤལ་དམར༔ བླ་རྡོ་པདྨ་རཱ་ག་བཀོད༔ ཕོ་རྟེན་མདའ་དང་མོ་རྟེན་འཕང་༔ བུ་རྟེན་མཁར་ལ་ཟས་རྟེན་འབྲུ༔ ནོར་རྟེན་རིན་ཆེན་ཚེ་རྟེན་སྨན༔ ཁམས་མཐུན་ནམ་མཁའ་རྣམ་ཤེས་རྟེན༔ བླ་ལུག་མུན་སེལ་སྒྲོན་མེ་དང་༔ སྒྲིབ་བྲལ་མེ་ལོང་ཤེས་རབ་རྟེན༔ ཕྱོགས་འདིའི་སངས་རྒྱས་བྱང་སེམས་དང་༔ ལྷ་དང་དྲང་སྲོང་བདེན་ཚིག་ཅན༔ ཕྱོགས་སྐྱོང་ཞིང་སྐྱོང་གཟའ་སྐར་ལྷ༔ རྣམ་དག་མཆོད་པ་འདི་བཞེས་ཤིག༔ ཉེས་བྱས་མ་ལུས་དག་པར་མཛོད༔ བདག་སོགས་ལུས་སྲོག་དབང་ཐང་བསྐྱེད༔ སྣོད་བཅུད་སྟོབས་དང་ནུས་པ་གསོས༔ འདོད་དོན་ལྷུན་གྲུབ་རླུང་རྟ་བསྐྱེད༔ བསོད་ནམས་གཟི་བརྗིད་སྙན་གྲགས་སྤེལ༔ སྔགས་ཀྱི་དམིགས་པ་གོང་བཞིན་བྱ༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧ་རི་ནི་ས་རཏྣ་ཌཱཀྐི་ནི་ཧཱུཾ་ཛཿ དམིགས་པས་གཟིར་ལ་བདེན་པ་བརྗོད༔ ༈ ནུབ་ཕྱོགས་མཆོད་བསྟོད་འདི་སྐད་བརྗོད༔ ཀྱེ༔ ནུབ་ཕྱོགས་སངས་རྒྱས་འོད་དཔག་མེད༔ རིགས་ཀྱི་ཡུམ་མཆོག་གོས་དཀར་མོ༔ བྱང་སེམས་སྤྱན་གཟིགས་འཇམ་དཔལ་དབྱངས༔ སེམས་མ་ནིརྟི་གནྡྷེ་མོ༔ ལྷ་མོ་རྣ་ཆ་སྲ་མཁྲེགས་མ༔ པདྨ་དཀར་དང་སྐྱ་རེངས་དང་༔ ཆ་མེད་གཅིག་དང་དགུ་པ་དང་༔ རོལ་གནག་སྟབས་མྱུར་རྣམ་པ་བརྒྱད༔ རྒྱལ་པོ་ཆེན་པོ་མིག་མི་བཟང་༔ རྒྱུ་སྐར་ལྷ་མཚམས་དང་ནི་སྣྲོན༔ བརྩོན་འགྲུས་བརྟན་ལྡན་སྣྲུབས་དང་ནི༔ ཆུ་སྟོད་དང་ནི་ཆུ་སྨད་དང་༔ བྱི་བཞིན་གྲོ་བཞིན་ནུབ་སྐར་བདུན༔ ས་བདག་རྒྱལ་པོ་ལྕགས་ཕོ་སྤྲེལ༔ ལྕགས་ཀྱི་སྲོག་ལ་ཤིང་གི་ལུས༔ དབང་ཐང་ལྕགས་ཀྱི་གོས་དང་ལྡན༔ བསྐྱེད་བྱེད་ཤིང་གི་རྟ་ལ་ཞོན༔ སྟག་རྟ་ཁྱི་གསུམ་སྟོབས་ཀྱི་ལྷ༔ མཆོད་པ་བཞེས་ལ་བཤགས་པ་ལོངས༔ མཁྱེན་པས་གཟིགས་ལ་བརྩེ་བས་དགོངས༔ ནུས་པས་བདག་སོགས་བསམ་དོན་སྒྲུབས༔ནུབ་ཕྱོགས་སྟག་རྟ་ཁྱི་གསུམ་ལ༔ བླ་ཤིང་ཙནྡན་དཀར་པོ་དང་༔ སྲོག་འཛིན་བ་རུ་དཀར་པོ་དང་༔ དབང་ཐང་མེ་ཏོག་སྤང་རྒྱན་དཀར༔ བླ་རྡོ་ཆུ་ཤེལ་དཀར་པོ་བཀོད༔ ཕོ་རྟེན་མདའ་དང་མོ་རྟེན་འཕང་༔ བུ་རྟེན་མཁར་ལ་ཟས་རྟེན་འབྲུ༔ ནོར་རྟེན་རིན་ཆེན་ཚེ་རྟེན་སྨན༔ ཁམས་མཐུན་ནམ་མཁའ་རྣམ་ཤེས་རྟེན༔ བླ་ལུག་མུན་སེལ་སྒྲོན་མེ་དང་༔ སྒྲིབ་བྲལ་མེ་ལོང་ཤེས་རབ་རྟེན༔ ཕྱོགས་འདིའི་སངས་རྒྱས་བྱང་སེམས་དང་༔ ལྷ་དང་དྲང་སྲོང་བདེན་ཚིག་ཅན༔ ཕྱོགས་སྐྱོང་ཞིང་སྐྱོང་གཟའ་སྐར་ལྷ༔ རྣམ་དག་མཆོད་པ་འདི་བཞེས་ཤིག༔ ཉེས་བྱས་མ་ལུས་དག་པར་མཛོད༔ བདག་སོགས་ལུས་སྲོག་དབང་ཐང་བསྐྱེད༔ སྣོད་བཅུད་སྟོབས་དང་ནུས་པ་གསོས༔ འདོད་དོན་ལྷུན་གྲུབ་རླུང་རྟ་བསྐྱེད༔ བསོད་ནམས་གཟི་བརྗིད་སྙན་གྲགས་སྤེལ༔ སྔགས་ཀྱི་གཟི་བྱིན་གོང་བཞིན་བསྐྱེད༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧ་རི་ནི་ས་པདྨ་ཌཱཀྐི་ནི་ཧཱུཾ་ཛཿ ཡེ་ཤེས་དབབ་ཅིག་བརྟན་པར་གསོལ༔ ༈ བྱང་ཕྱོགས་མཆོད་བསྟོད་འདི་བཞིན་བྱ༔ ཀྱེ་བྱང་ཕྱོགས་སངས་རྒྱས་དོན་ཡོད་གྲུབ༔ རིགས་ཀྱི་ཡུམ་མཆོག་དམ་ཚིག་སྒྲོལ༔ བྱང་སེམས་སྒྲིབ་སེལ་ཕྱག་རྡོ་རྗེ༔ སེམས་མ་པུཥྤེ་གཱིརྟི་མོ༔ ལྷ་མོ་རབ་ཆགས་སྟོང་ལྷ་མོ༔ ས་ལྷ་མོ་དང་པདྨ་ཅན༔ རྒྱལ་པོ་ཆེ་ལ་ཉེ་གནས་དང་༔ རེ་དང་ཁྲེལ་ཡོད་དཔལ་ལྡན་བརྒྱད༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ རྒྱུ་སྐར་མོན་གྲུ་མོན་གྲེ་དང་༔ ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་༔ ནམ་གྲུ་དང་ནི་ཐ་སྐར་དང་༔ བྲ་ཉེ་བཅས་སྟེ་བྱང་སྐར་བདུན༔ ས་བདག་རྒྱལ་པོ་ཆུ་མོ་ཕག༔ ཆུ་ཡི་སྲོག་ལ་ཆུ་ཡི་ལུས༔ དབང་ཐང་ཆུ་ཡི་གོས་དང་ལྡན༔ འབར་བ་མེ་ཡི་ཡི་རྟ་ལ་ཞོན༔ བྱ་གླང་སྦྲུལ་གསུམ་སྟོབས་ཀྱི་ལྷ༔ མཆོད་པ་བཞེས་ལ་བཤགས་པ་ལོངས༔ མཁྱེན་པས་གཟིགས་ལ་བརྩེ་བས་དགོངས༔ ནུས་པས་བདག་སོགས་བསམ་དོན་སྒྲུབས༔ བྱང་ཕྱོགས་བྱ་གླང་སྦྲུལ་གསུམ་ལ༔ བླ་ཤིང་ཨ་གར་ནག་པོ་དང་༔ སྲོག་འཛིན་ཨ་རུ་ནག་ཆུང་དང་༔ དབང་ཐང་མེ་ཏོག་པདྨ་སྔོ༔ བླ་རྡོ་མུ་མེན་སྔོན་པོ་བཞག༔ ཕོ་རྟེན་མདའ་དང་མོ་རྟེན་འཕང་༔ བུ་རྟེན་མཁར་ལ་ཟས་རྟེན་འབྲུ༔ ནོར་རྟེན་རིན་ཆེན་ཚེ་རྟེན་སྨན༔ཁམས་མཐུན་ནམ་མཁའ་རྣམ་ཤེས་རྟེན༔ བླ་ལུག་མུན་སེལ་སྒྲོན་མེ་དང་༔ སྒྲིབ་བྲལ་མེ་ལོང་ཤེས་རབ་རྟེན༔ ཕྱོགས་འདིའི་སངས་རྒྱས་བྱང་སེམས་དང་༔ ལྷ་དང་དྲང་སྲོང་བདེན་ཚིག་ཅན༔ ཕྱོགས་སྐྱོང་ཞིང་སྐྱོང་གཟའ་སྐར་ལྷ༔ རྣམ་དག་མཆོད་པ་འདི་བཞེས་ཤིག༔ ཉེས་བྱས་མ་ལུས་དག་པར་མཛོད༔ བདག་སོགས་ལུས་སྲོག་དབང་ཐང་བསྐྱེད༔ སྣོད་བཅུད་སྟོབས་དང་ནུས་པ་གསོས༔ འདོད་དོན་ལྷུན་གྲུབ་རླུང་རྟ་བསྐྱེད༔ བསོད་ནམས་གཟི་བརྗིད་སྙན་གྲགས་སྤེལ༔ སྔགས་ཀྱི་གཟི་བྱིན་གོང་བཞིན་བསྐྱེད༔ ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཧ་རི་ནི་ས་ཀརྨ་ཌཱཀྐི་ནི་ཧཱུཾ་ཛཿ ལྷ་དང་དམ་རྫས་དབྱེར་མེད་པ༔ རང་བཞིན་བདེ་བ་ཆེན་པོར་བསྲེ༔ དེ་ཡིས་སྲོག་ལུས་ཉམས་པ་གསོ༔ དབང་ཐང་རླུང་རྟ་དར་བར་བྱེད༔ སྤྲོ་ན་གཡང་འགུགས་མང་དུ་བྱ༔ ཆེད་དུ་མིང་སྨྲོས་བདེན་པ་བརྡར༔ མཐའ་མར་ལྷ་རྣམས་འོད་དུ་ཞུ༔ རྫས་ཀྱི་རྣམ་པར་གཅིག་ཏུ་འདུས༔ ཛ་ཧཱུྃ་བྃ་ཧོ༔གྲངས་མང་བརྗོད༔ རྟེན་འབྲེལ་སྙིང་པོས་རབ་གནས་བྱ༔ དཔལ་བསྐྱེད་ཕྱག་རྒྱས་གདབ་པ་ནི༔ དྲི་བཟང་ཆུ་ལ་གཡུང་དྲུང་གི༔ རི་མོ་དགའ་བ་འཁྱིལ་རིས་ཅན༔ ཕོ་ལ་གཡས་དང་མོར་གཡོན་བཏབ༔ ལས་མདོག་དར་གོས་ལུས་ལ་བགོས༔ དམ་ཚིག་རྫས་མཆོག་ལག་ཏུ་གཏད༔ ༀ་ཨཱཿཧཱུྃ༔ དཀོན་མཆོག་རྩ་གསུམ་སྲུང་མའི་མཐུ་སྟོབས་དང་༔ ཁྱད་པར་དོན་གྲུབ་འཕགས་མས་ཐུགས་བསྐྱེད་ཀྱིས༔ རྒྱལ་བའི་བྱིན་རླབས་འབྱུང་བའི་དྭངས་བཅུད་ཀུན༔ དད་ལྡན་ལག་ཏུ་གཏད་དོ་ཏིཥྛ་ལྷན༔ རྟེན་སྙིང་བརྗོད་ཅིང་རབ་གནས་བྱ༔ དེ་ནས་འདོད་དོན་གསོལ་འདེབས་ནི༔ ཏཱྃ༔ དབྱིངས་ཀྱི་ཡུམ་མཆོག་རྗེ་བཙུན་སྒྲོལ་མ་དང་༔ ཡེ་ཤེས་རྩལ་ཤར་རྒྱལ་བ་རྩ་གསུམ་ལྷ༔ དཔལ་མགོན་ཕྱོགས་སྐྱོང་ཞིང་ནོར་གྱི་ལྷ༔ འགོ་བའི་ལྷ་ཚོགས་བདེན་པའི་རྟགས་མཚན་སྟོན༔ རྣལ་འབྱོར་བདག་གིས་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད༔ ས་དང་ལམ་གྱི་བར་ཆད་ཞི་བར་མཛོད༔ འགྲོ་ཀུན་བྱང་ཆུབ་ལམ་ཏུ་འཁྲིད་པར་མཛོད༔ འབྲེལ་ཚད་སེམས་ཅན་དགེ་ལ་སྦྱོར་བར་མཛོད༔ འབྱུང་བཞི་ཁོད་སྙོམ་འཇིག་རྟེན་བདེ་བར་མཛོད༔ འགྲོ་དོན་འགྲུབ་པའི་སྡོང་གྲོགས་མཛད་དུ་གསོལ༔ བདག་དང་སྦྱིན་པའི་བདག་པོ་འཁོར་བཅས་ལ༔ ནད་མེད་བདེ་བའི་དངོས་གྲུབ་བསྩལ་དུ་གསོལ༔ རྒས་མེད་ལང་ཚོ་རྒྱས་པའི་དངོས་གྲུབ་སྩོལ༔ ཚེ་རིང་བར་ཆད་མེད་པའི་དངོས་གྲུབ་སྩོལ༔ འདུག་ན་སེམས་ཁམས་བདེ་བའི་དངོས་གྲུབ་སྩོལ༔ འགྲོ་ན་ལམ་འགོ་ཐོན་པའི་དངོས་གྲུབ་སྩོལ༔ གང་བརྩམ་བསམ་བཞིན་འགྲུབ་པའི་དངོས་གྲུབ་སྩོལ༔ ཉོ་ཚོང་ཐོབ་པ་བཟང་བའི་དངོས་གྲུབ་སྩོལ༔ འབྱོར་བ་མཚོ་ལྟར་རྒྱས་པའི་དངོས་གྲུབ་སྩོལ༔ ནོར་རྫས་ཟླ་ལྟར་རྒྱས་པའི་དངོས་གྲུབ་སྩོལ༔ ནོར་ལ་དགྲ་རྐུན་མེད་པའི་དངོས་གྲུབ་སྩོལ༔ འཁོར་ཚོགས་སྤྲིན་བཞིན་འདུ་བའི་དངོས་གྲུབ་སྩོལ༔ གོ་གནས་མཁའ་ལྟར་མཐོ་བའི་དངོས་གྲུབ་སྩོལ༔ བསོད་ནམས་རི་ལྟར་བརྟན་པའི་དངོས་གྲུབ་སྩོལ༔ སྙན་གྲགས་འབྲུག་ལྟར་སྡིར་བའི་དངོས་གྲུབ་སྩོལ༔ འབྱུང་བཞིའི་འཇིག་པ་ཞི་བའི་དངོས་གྲུབ་སྩོལ༔ སྟོབས་དང་མངའ་ཐང་རྒྱས་པའི་དངོས་གྲུབ་སྩོལ༔ ལྷ་ཀླུ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ༔ དགྲ་གདོན་སྡེ་བརྒྱད་འདུལ་བའི་དངོས་གྲུབ་སྩོལ༔ བསམ་པའི་དོན་ཀུན་འགྲུབ་པའི་དངོས་གྲུབ་སྩོལ༔ ཅེས་བརྗོད་དམ་རྫས་གནས་གསུམ་གཏུག༔ དབང་ཞུ་སྦས་པའི་ཚུལ་གྱིས་བཅིངས༔ དེ་ཡི་ཚེ་བསོད་དབང་ཐང་དར༔ ལུས་སྲོག་དབང་རླུང་ཉམས་པ་གསོ༔ མཐའ་མར་རྫོགས་རིམ་དབྱིངས་སུ་བསྡུ༔ འདོད་དོན་མྱུར་འགྲུབ་ཨེ་མ་ཧོ༔ ས་མཱ་ཡ༔ ཅེས་པའང་རིག་འཛིན་ཚེ་དབང་ནོར་བུའི་དགོངས་གཏེར་སྒྲོལ་མའི་ལས་ཚོགས་ལས་ཁོལ་དུ་བྱུང་བའོ༔

བསྲུང་བ་རྡོ་རྗེའི་གོ་ཆ།

༈ བསྲུང་བ་རྡོ་རྗེའི་གོ་ཆ་ནིཿ

རང་ཉིད་ཡི་དམ་གང་ཡང་རུང་ཿ སྙིང་གར་རྗེ་བཙུན་སྒྲོལ་མ་བསྒོམཿ འཇིགས་ཚོགས་སྐྱོབས་པར་སྨོན་ལམ་བཏབཿ སྒྲོལ་མའི་སྐུ་ལས་འོད་ཟེར་འཕྲོསཿ བགེགས་རྣམས་བསྐྲད་ཅིང་འོད་ལུས་གྱུརཿ དབུ་མ་ལ་སོགས་རྩ་ཁམས་ཀུནཿ འོད་ཟེར་མཐིང་གས་ཁྱབ་པ་དང་ཿ རང་ཉིད་འོད་ཀྱི་སྲུང་གུར་ནངཿ ལྷ་ཡི་ང་རྒྱལ་བཅས་པ་ལཿ ཐུགས་ཀའི་སྲོག་ཡིག་ལ་སེམས་གཏདཿ སྤྱོད་ལམ་རྣམ་བཞི་བྱས་པ་ཡིསཿ མི་མཐུན་བགེགས་ཀྱི་ཚོགས་ལས་རྒྱལཿ ཨྠྀི

གཡེང་བ་ཞི་བའི་མན་ངག་རྡོ་རྗེའི་གཟེར་བུ།

༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿ གཡེང་བ་ཞི་བའི་མན་ངག་རྡོ་རྗེའི་གཟེར་བུ་ནིཿ

མདུན་མཁར་རྗེ་བཙུན་སྒྲོལ་མ་བསྒོམཿ འགྲོ་ཀུན་སྲིད་ལས་སྒྲོལ་བའི་ཕྱིརཿ ཞི་གནས་འགྲུབ་པའི་སྨོན་ལམ་གདབཿ སྐྱེ་མེད་པའི་དོན་ལ་སེམསཿ རང་ལུས་རྒྱན་དང་ཆས་སྤང་བའིཿ ཕོ་ལ་ཁ་སརྤ་ཎི་དང་ཿ མོ་ལ་རྗེ་བཙུན་སྒྲོལ་མ་འམཿ ཡང་ན་ད་ལྟའི་ཆ་བྱད་ལ་འོད་ཀྱི་རང་བཞིན་ཉིད་དུ་བསམཿ ལུས་དབུས་དབུ་མ་སྔོ་སྐྱ་ཡིཿ སྤྱི་བོའི་གནས་ནས་རྩ་ཕྲན་ཞིགཿ སྣ་ཡི་སྒོ་རུ་ཟུག་པར་བསམཿ རླུང་ཚུར་རྔུབ་པའི་སྐབསཿ འདུན་ཀྱི་འཕགས་མའི་ཐུགས་ཀ་ནསཿ འོད་ཟེར་ཁ་དོག་ལྔ་ལྡན་འཕྲོསཿ རང་གི་སྣ་ཡི་རྩེ་མོར་སླེབསཿ དེ་རུ་སྐུ་གསུང་ཐུགས་ཀྱི་འོདཿ ཐིག་ལེ་དཀར་དམར་སྔོ་བ་ཉིདཿ འདྲེས་པ་སྲན་མ་ཙམ་ཞིག་བསམཿ དལ་གྱིས་འཁོར་བར་བློ་བཞག་ནསཿ ལུས་སེམས་རླུང་གསུམ་ལྷོད་ཀྱིས་བཞགཿ སླར་ཡང་དེ་ཡི་ཁ་དོག་དང་ཿ དབྱིབས་ཉིད་གསལ་བར་བསམ་བྱས་ཏེཿ རང་སེམས་གཏད་དེ་ཡིད་ཙམ་བསྡདཿ དེ་ནས་ཕོ་གཡས་མོ་གཡོན་པའི་ཿ སྣ་ནས་མིག་གཉིས་བར་ཏུ་དྲང་ཿ ལྷོད་དང་ཁ་དོག་དབྱིབས་གསལ་བཿ སེམས་གཏད་ཆོས་བཞི་ལྡན་པར་བྱཿ དེ་ནས་མཛོད་སྤུའི་མཚམས་སུ་དྲངསཿ དེ་ནས་སྤྱི་བོ་ནས་མགྲིན་པཿ མགྲིན་པའི་གནས་ནས་ཐིག་ལེ་དེཿ ཤིན་ཏུ་ལྕི་བའི་རྣམ་པར་བསམཿ སྙིང་ག་ལྟེ་བ་གསང་གནས་བརཿ རིམ་པར་དབབས་པའི་དམིགས་པ་བྱཿ གནས་གང་ཡིན་ཡང་ཆོས་བཞི་དངཿ མི་འབྲལ་དྲངས་བའི་གནས་སྐབས་སུཿ ཤིན་ཏུ་དལ་བ་མན་ངག་ཡིནཿ གང་དུ་དྲང་བའི་ཐོག་མ་རུཿ བླ་མ་མཆོག་གསུམ་དྲན་པའི་ངངཿ ཡི་གེ་འབྲུ་གསུམ་ལན་གསུམ་བཟླཿ འོད་ཟེར་སྟོབས་ཀྱིས་དྲང་བར་བསམཿ མཐའ་མར་ལྟེ་བ་སྙིང་ག་རུཿ ཡར་མར་སྤོས་ཤིང་བསྒོམ་པ་ཡིནཿ དེ་ཚེ་གནས་དེར་འོད་འཕྲོས་ནསཿ རྩ་ཁམས་གནས་དང་འཇིག་རྟེན་འདིཿ འོད་ཀྱི་སྣང་བ་ཆེན་པོར་བསམཿདེ་ལྟར་ཡང་ཡང་སྦྱང་བ་ཡིསཿ སེམས་ནི་ལས་རུང་ཐོབ་པར་འགྱུརཿ ཨྠྀི ༈ སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད་ལསཿའབྱུང་བ་ལྔ་ཡི་བདུད་ལེན་ནིཿ

སྤྱི་བོའི་རྡོ་རྗེ་སྒྲོལ་མ་ཡིས༔ ཐུགས་ཀའི་བྃ་ལས་འོད་དཀར་འཕྲོས༔ སྣང་སྲིད་ཆུ་ཡི་དལ་བུ་བསམ༔ ཆུ་ཡི་རེག་ཚོར་འདུ་ཤེས་ལས༔ བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད༔ ཉི་མ་ལས་ནི་འོད་ཟེར་བཞིན༔ འབྱུང་བ་ཆུ་ཡི་བཅུད་བསྡུས་ཏེ༔ རང་ལ་ཐིམས་པས་ཆུ་ཁམས་ལས༔ བྱུང་བའི་སྟོབས་དང་བདེ་བ་རྒྱས༔ ཁྲག་ཁམས་ཉམ་པ་སོར་ཆུད་དེ༔ མེ་ལོང་ཡེ་ཤེས་མངོན་དུ་གྱུར༔ མགྲིན་པའི་པདྨ་སྒྲོལ་མ་ཡིས༔ ཐུགས་ཀའི་རྃ་ལས་འོད་དམར་འཕྲོས༔ མེ་བཅུད་བསྡུས་ཏེ་དྲོད་ཁམས་གསོས༔ སོར་རྟོག་ཡེ་ཤེས་མངོན་དུ་གྱུར༔ སྙིང་ཀའི་སངས་རྒྱས་སྒྲོལ་མ་ཡི༔ ཐུགས་ཀའི་ཨེ་ལས་འོད་མཐིང་འཕྲོས༔ མཁའ་བཅུད་བསྡུས་ཏེ་རྣམ་ཤེས་གསོས༔ ཆོས་དབྱིངས་ཡེ་ཤེས་མངོན་དུ་བྱས༔ ལྟེ་བའི་རིན་ཆེན་སྒྲོལ་མ་ཡིས༔ ཐུགས་ཀའི་ལྃ་ལས་འོད་ཟེར་འཕྲོས༔ ས་ཡི་བཅུད་བསྡུས་ཤ་ཁམས་གསོས༔ མཉམ་ཉིད་ཡེ་ཤེས་མངོན་དུ་བྱས༔ གསང་པའི་ལས་ཀྱི་སྒྲོལ་མ་ཡིས༔ ཐུགས་ཀའི་ཡྃ་ལས་འོད་ལྗང་འཕྲོས༔ རླུང་གི་བཅུད་བསྡུས་དབུགས་ཁམས་གསོས༔ བྱ་གྲུབ་ཡེ་ཤེས་མངོན་དུ་བྱས༔ གཞན་དོན་སྙིང་སོ་སོ་ཡི༔ འབྱུང་ཁམས་མཐུན་པའི་འོད་ཀྱིས་དྲང་༔ དེ་དང་དེ་ནི་གསོ་བར་འགྱུར༔ ཨྀཐི༔ ས་མཱ་ཡ༔

སྤྲུལ་བའི་སྒོས་དབང་བྱིན་རླབས་མཆོག་སྩོལ།

༄༅། ། སྒྲོལ་དམར་མི་མཐུན་ཀུན་སེལ་ལས་ཚོགས་ཀྱིཿ སྤྲུལ་བའི་སྒོས་དབང་བྱིན་རླབས་མཆོག་སྩོལ་བཞུགས༔

ན་མོ་ཨརྱཱ་ཏཱ་ར་ཡེ༔ འཕགས་མའི་ཡེ་ཤེས་མ་འགགས་པས༔ སྤྲུལ་བའི་རྣམ་རོལ་མི་བཟད་པའི༔ བྱིན་རླབས་གཅིག་ཏུ་བསྡུ་བའི་ཐབས༔ དབང་གི་ཆོ་ག་གསལ་བར་བཤད༔ གང་ཟག་སྐལ་བ་ལྡན་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་དོན་དུ་གཉེར་བ་ལ༔ འཕགས་མ་སྒྲོལ་མའི་སྤྲུལ་བ་གང་རུང་གི་བྱིན་རླབས་འབོགས་པར་བྱའོ༔ གང་དུ་དབང་སྐུར་བའི་གནས་སུ་སྤྱི་ལ་མཁོ་བ་བུམ་པ༔ ཐོད་པ༔ མེ་ལོང་དང་སིནྡྷུ་ར་༔ ཞི་བ་ལ་གཏོར་མ་དཀར་ཟླུམ༔ དྲག་པོ་ལ་དཔལ་གཏོར་མདེའུ་གཟུགས༔ སྨན་རཀ་གཏོར་གསུམ༔ བདག་མདུན་མཆོད་པ༔ ཁྲུས་བུམཿ མཎྜལ༔ སྤོས་རིང་༔ མིག་རས༔ མེ་ཏོག༔ དམ་ཆུ༔ བཀྲ་ཤིས་རྟག་བརྒྱད་ཀྱི་སྣང་བརྙན་སོགས་འདུ་བར་བྱ༔ ལྷ་སོ་སོའི་སྒོས་དབང་ལ་མཁོ་བ་གཞུང་ལས་བཤད་པ་ལྟར་རྟེན་འབྲེལ་གྱི་ཆས་མ་ཚང་པ་མེད་པར་ཅི་ནུས་ཀྱང་འཛོམས་པར་བྱ༔ རབ་དངོས༔ འབྲིང་རི་མོ༔ ཐ་མ་མཚན་བྱང་བྲིས་པས་བསྐུར་ཀྱང་རུང་གི༔ ལས་དང་པོ་བ་ལ་ཀུན་རྫོབ་རྟེན་འབྲེལ་གཙོ་བས་ནུས་པ་ཡོད་བཞིན་ཏུ་ལེ་ལོས་དབང་དུ་མི་འགྲོ་བར་བྱའོ༔ ལྟ་བའི་གདེང་ཆེན་ཐོབ་པའི་གང་ཟག་གིས་ནི་དམིགས་པ་ཁོ་ན་ལ་བརྟེན་པས་ཀྱང་དོན་འགྲུབ་པ་ནི་ཁྱད་པར་རོ༔ ལས་ཀྱི་དབུ་བརྩོམ་པའི་ཚེ་ན་གསང་སྔགས་སྤྱིའི་སྔོན་འགྲོ་དང་༔ སྒྲོལ་མའི་བདག་སྐྱེད་དམིགས་པ་ལ་ནན་ཏན་བྱ༔ བདག་ཉིད་འོད་དུ་ཞུ་བ་ལས་སྤྲུལ་བའི་དཀྱིལ་འཁོར་དུ་གོ་འཕོས༔ བདག་མདུན་ངོ་བོ་གཅིག་ལ་རྣམ་པ་ཐ་དད་དུ་ཤར་བ་བྱད་དང་དེའི་གཟུགས་བརྙན་བཞིན་དུ་ངེས་ཤེས་བསྐྱེད༔ བཟླས་པ་བུམ་སྒྲུབ༔ མཆོད་བསྟོད་བཅས་གྲུབ་པའི་མཐར་དབང་བླང་ཞིང་ཐུགས་ཡིད་བསྲེ༔ དབང་རྫས་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོའི་རོལ་བར་བལྟ༔ སློབ་མ་ལ་བྱིན་རླབས་འཇུག་པའི་དམིགས་པ་དྲག་པོའི་སྒོ་ནས་བསྔོ་སྨོན་དང་༔ ཁྲུས་བྱས་ཏེ་སྣོད་རུང་དུ་བསྒྲུབས༔ ལོ་རྒྱུས་གླེང་ཞིང་ཆོས་བཤད་པ་བྱ་བ་ནི་སློབ་དཔོན་གྱི་བགྱི་བའོ༔ སློབ་མའི་བྱ་བ་ནི༔ ཕྱག་འཚལ་ཞིང་མཎྜལ་ཕུལ༔ བླ་མ་ལ་གསོལ་བ་འདེབས་པ་ནི༔ ཀྱེ༔ རྡོ་རྗེ་རྒྱལ་པོ་འགྲོ་བའི་མགོན༔ ཐར་བའི་ལམ་གྱི་དེད་དཔོན་མཆོག༔ འགྲོ་བ་སྒྲོལ་ཕྱིར་ཁྱོད་བརྟེན་ནོ༔ བྱིན་རླབས་དབང་མཆོག་བདག་ལ་སྩོལ༔ དེ་ལྟར་ལན་གསུམ་གསོལ་བ་བཏབ༔ བླ་མས་གནང་བ་སྦྱིན་པ་ནི༔ ཨེ་མ་སྐལ་ལྡན་བུ་ཁྱོད་ཉོན༔ རྒྱལ་བའི་བསྟན་ལ་མཇལ་བ་དཀའ༔ བྱང་ཆུབ་སེམས་མཆོག་བསྐྱེད་པ་དཀོན༔ གསང་སྔགས་འབྱུང་བ་སྲིད་མཐའ་ཙམ༔ འདིར་འཕྲད་སྔོན་སྦྱང་ལས་འཕྲོ་ཅན༔ ཐར་བ་ཐོབ་ལ་ཐེ་ཚོམ་བྲལ༔ དབང་དང་མན་ངག་ཁྱོད་ལ་སྦྱིན༔ དམ་ཚིག་སྡོམ་པ་ཐུབ་པར་སྲུང་༔ དེ་ནས་ཚོགས་བསགས་ཤིང་སྒྲིབ་པ་སྦྱོང་བའི་ཕྱིར་རྒྱུན་བཤགས་ཡན་ལག་བདུན་པ་བྱ་བ་ནི༔ བླ་མ་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་སྟེང་དུ་བླ་མ་བརྒྱུད་པ༔ བར་དུ་ཡི་དམ་ལྷ་ཚོགས༔ མདུན་དུ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་རྒྱ་མཚོ་སྤྲིན་ཕུང་གཏིབ་པ་ལྟར་གསལ་བའི་སྤྱན་སྔར༔ སྐྱབས་ཡུལ་ཀྱི་ཡོན་ཏན་དྲན༔ སེམས་ཅན་ཀྱི་སྡུག་བསྔལ་དྲན༔ རང་གི་ཉེས་པ་ཤེས་བཞིན་པས༔ ཧོ༔ སྐྱབས་གནས་དམ་པ་རྣམས་ལ་ཕྱག་འཚལ་ལོ༔ སྣང་སྲིད་རྣམ་དག་ཕྱག་རྒྱའི་མཆོད་པ་འབུལ༔ སྒོ་གསུམ་གཟུང་འཛིན་སྡིག་སྒྲིབ་མཐོལ་ཞིང་བཤགས༔ ཟག་བཅས་ཟག་བྲལ་དགེ་ལ་རྗེས་ཡི་རང་༔ ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས༔ དུས་གསུམ་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ༔ མཁའ་ཁྱབ་འགྲོ་ཀུན་འཕགས་མའི་སྐུར་འགྲུབ་ཤོག༔ སྡོམ་པ་འཛིན་པ་ནི༔ སྐྱབས་ཡུལ་རྒྱ་མཚོའི་སྤྱན་སྔར་༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་དང་༔ གསང་བ་སྔགས་ཀྱི་སྡོམ་པ་འཛིན་པར་དམ་བཅའ་བ་ནི༔ ཧོ༔ བླ་མ་རྩ་གསུམ་སྤྱན་སྔ་རུ༔ རྩེ་གཅིག་དད་པས་སྐྱབས་སུ་འགྲོ༔ སྔོན་འཇུག་དོན་དམ་བྱང་སེམས་བསྐྱེད༔ གསང་ཆེན་ཐབས་ཀྱི་དམ་ཚིག་གཉེར༔ སྔོན་གྱི་རྒྱལ་བ་རིག་འཛིན་གྱི༔ ཐུགས་བསྐྱེད་དམ་བཅའ་ཇི་འདྲ་བ༔ དེ་འདྲ་ཁོ་ནར་བདག་འཇུག་གྱིས༔ དཔལ་ལྡན་བླ་མས་བཀའ་དྲིན་སྩོལ༔ དེ་ལྟར་བརྗོད་ཅིང་སྡོམ་པ་བཟུང་༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧོ༔ གནས་གསུམ་མཁའ་འགྲོའི་དམ་ཚིག་ཆུ༔ སྒོ་གསུམ་དག་པའི་བུ་ལ་སྦྱིན༔ སྐུ་གསུམ་རྡོ་རྗེ་སེམས་དཔའ་ཆེ༔ གསང་གསུམ་ཕྱག་རྒྱས་རྒྱས་འདེབས་པོ༔ ས་མ་ཡ་ན་ར་ཀན༔ ཧོ༔ གསང་སྔགས་རྩ་བ་དབང་ཡིན་དེ༔ དེ་ཡི་རྩ་བ་དམ་ཚིག་ཉིད༔ དམ་ཚིག་རྩ་བ་དྲན་ཤེས་མཆོག༔ སྲོག་ལ་བབ་ཀྱང་མ་འདའ་ཞིག༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དབང་གི་གཞི་ཡེ་ཤེས་པ་དབབ ་པ་ནི༔ སློབ་མ་ལ་དམིགས༔ ཨོཾ་ཤཱུ་ན་ཏ་ཛྙཱ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ་ཧཾ༔ སྟོང་པའི་ངང་ལས་སློབ་མ་རྣམས༔ འཕགས་མ་རྗེ་བཙུན་སྒྲོལ་མ་ནི༔ ཆེགེ་ཡི་རྣམ་པར་གསལ༔ སློབ་མ་སློབ་དཔོན་མདུན་བསྐྱེ ད་ཀྱི༔ གནས་གསུམ་དམ་ཚིག་འོད་ཟེར་གྱིས༔ རབ་འབྱམས་རྒྱལ་བའི་ཞིང་མཆོག་ནས༔ ཡེ་ཤེས་སེམས་དཔའི་ལྷ་ཚོགས་རྣམས༔ ལྷག་ལྷའི་རྣམ་པར་སྤྱན་འདྲེན་ནོ༔ ཨ༔ སྐྱེ་འགགས་བྲལ་བའི་ཞིང་ཁམས་ནས༔ ཆོས་སྐུའི་ལྷ་ཚོགས་གཤེགས་སུ་གསོལ༔ ངེས་པ་ལྔ་ལྡན་ཞིང་ཁམས་ནས༔ ལོངས་སྐུའི་ལྷ་ཚོ གས་གཤེགས་སུ་གསོལ༔ འགྲོ་འདུལ་ཐུགས་རྗེའི་ཞིང་ཁམས་ནས༔ སྤྲུལ་སྐུའི་ལྷ་ཚོགས་གཤེགས་སུ་གསོལ༔ སྐུ་ཡི་བྱིན་རླབས་ལུས་ལ་སྦོར༔ གསུང་གི་བྱིན་རླབས་ངག་ལ་བསྐྱེད༔ ཐུགས་ཀྱི་བྱིན་རླབས་སེམས་ལ་འཕོས༔ དབང་དང་དངོས་གྲུབ་ད་ལྟ་སྩོལ༔ རྩ་སྔགས་མཐར༔ བཛྲ་ས་མ་ཡ༔ ཛྙཱ་ན་ས་ཏྭ་ཨ་ཝེ་ཤ་ཡ་ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཨ་ཨ༔ ཡེ་ཤེས་དབབ་པར་བརྟན་པར་མོས༔ ཛྙཱ་ན་ས་ཏྭ་ཏིཥྛ་བཛྲ༔ དངོས་གཞིའི་དབང་དོན་མཎྜལ་ཕུལ༔ གསོལ་བ་འདེབས་པ་ནི༔ ཀྱེ༔ བླ་མ་སངས་རྒྱས་ཀུན་བདག་ཉིད༔ ལྷ་མཆོག་འདི་ཞེས་བྱ་བ་ཡི༔ ཕྱི་ནང་གསང་བ་ཡང་གསང་དང་༔ ཕྲིན་ལས་དབང་མཆོག་སྐུར་དུ་གསོལ༔ ཞེས་པས་གསོལ་བ་བཏབ་སྟོབས་ཀྱིས༔ བླ་མའི་ཐུགས་ལས་འོད་ཟེར་ཕྲོས༔ དབང་ལྷ་བདེ་གཤེགས་རིགས་ལྔ་སོགས༔ སྤྱན་དྲངས་ཡབ་ཀྱིས་དགོངས་པ་མཛད༔ ཡུམ་ལྔའི་སྤྱི་བོར་དབང་བསྐུར་དམིགས༔ བུམ་པ་ཐོགས་ལ༔ ༀ༔བུམ་པ་ཟླུམ་པོ་ཆོས་ཀྱི་དབྱིངས༔ བདུད་རྩི་ལྷ་ཡི་རང་བཞིན་ཉིད༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ བསྐྱེད་རིམ་སྒོམ་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཨུ་ད་ཀ༔ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་བས་ལུས་ཀྱི་སྒྲིབ་པ་དག༔ བྱིན་རླབས་ཞུགས༔ བུམ་དབང་ཐོབ༔ འབྲས་བུ་སྤྲུལ་སྐུ་ཐོབ་པའི་གོ་འཕང་མངོན་དུ་བྱས་སོ༔ དབང་ལྷ་འོད་དུ་ཞུ་བ་སྤྱི་བོར་ཐིམ་པས་རིགས་ལྔའི་དབུ་རྒྱན་གྱི་ཚུལ་དུ་བཞུགས་པར་བསམ༔ ༀ་བཛྲ་དྷ་ཏི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ༀ་ས་ཏྭ་བཛྲ་ཨ་བྷི་ཥིཉྩ་བྷྲཱུཾ༔ ༀ་རཏྣ་བཛྲ་ཨ་བྷི་ཥིཉྩ་ཏྲཾ༔ ༀ་དྷརྨ་བཛྲ་ཨ་བྷི་ཥིཉྩ་ཧྲཱི༔ ༀ་ཀརྨ་བཛྲ་ཨ་བྷི་ཥིཉྩ་ཨ༔ རིགས་ཀྱི་བདག་པོས་རྒྱས་བཏབ་པར་མོས་མཛོད༔ གསང་བའི་དབང་ནི༔ བདུད་རྩི་ཐོགས་ལ༔ ཨཱ༔ བདེ་བ་ཆེན་པོའི་གཞལ་ཡས་ཁང་༔ དཀར་དམར་བྱང་སེམས་བདེ་བའི་བཅུད༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྫོགས་རིམ་སྒོམ་པའི་དབང་ཐོབ་ཤོག༔ ཝཀྐཱ་བཛྲ་ཨ་བྷི་ཥིཉྩ་ཨཱ༔ ཞེས་དབང་བསྐུར་བས་ངག་གི་སྒྲིབ་པ་དག༔ བྱིན་རླབས་ཞུགས༔ གསང་དབང་ཐོབ༔ འབྲས་བུ་ལོངས་སྐུ་ཐོབ་པའི་གོ་འཕང་མངོན་དུ་བྱས་སོ༔ སྔགས་ནུས་བསྐྱེད་པའི་བཟླས་ལུང་ནི༔ བླ་མ་དང་སློབ་མ་གཉིས་ཀ་ལྷར་གསལ་བའི་ཐུགས་ཀར་སྔགས་ཕྲེང་གསལ་བཏབ་ལ༔ སློབ་མས་མོས་གུས་ཀྱིས་རྐྱེན་བྱས་མདུན་བསྐྱེད་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་བླ་མ་ལ་ཞུགས༔ བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཞལ་ནས་བྱུང་༔ སློབ་མའི་ཞལ་དུ་ཞུགས༔ ཐུགས་ཀའི་སྔགས་ཕྲེང་ལ་ཐིམ༔ སྔགས་ལན་གསུམ་བཟླས་པས་དང་པོས་བྱིན་རླབས་ཞུགས༔ གཉིས་པས་དབྱེར་མེད་དུ་འདྲེས༔ གསུམ་པས་བརྟན་པར་བྱས་པའི་མོས་པ་དང་བཅས་སྔགས་འདིའི་རྗེས་བཟློས་མཛོད༔ རྩ་སྔགས་དང་ལས་སྔགས་ཡོད་ན་དེ་ཡང་བཟླས༔ འགྲུབ་ན་ཆོ་ཀའི་ལུང་ཡང་བྱ༔ ཤེར་དབང་ནི༔ སིནྡྷུ་རའི་མེ་ལོང་ཐོགས་ལ༔ ཧཱུྃ༔ གསང་བ་ཕག་མོའི་ངོ་བོ་ཉིད༔ འདི་ཉིད་བརྟེན་ཅིག་རིགས་ཀྱི་བུ༔ བདེ་སྟེར་ལྷ་མོ་ཁྱོད་ལ་གཏད༔ ཐབས་ལམ་སྒོམ་པའི་དབང་ཐོབ་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སིནྡྷུ་རའི་ཐིག་ལེ་དཔྲལ་ལྟེ་གང་རུང་དུ་གདབ་ལ༔ ཞེས་དབང་བསྐུར་བས་ཡིད་ཀྱི་སྒྲིབ་པ་དག༔ བྱིན་རླབས་ཞུགས༔ ཤེར་དབང་ཐོབ༔ འབྲས་བུ་ཆོས་སྐུ་ཐོབ་པའི་གོ་འཕང་མངོན་དུ་བྱས་སོ༔

ཚིག་དབང་ནི༔ ཨ༔ བུ་ཁྱོད་རང་གི་སེམས་ལ་ལྟོས༔ དུས་གསུམ་རྟོག་པའི་མ་བསླད་པ༔ རང་གྲོལ་རིག་པ་གཅེར་བུར་ལྟོས༔ མཐོང་ཙམ་ཉིད་ནས་སངས་རྒྱས་སོ༔ ཛྙཱ་བཛྲ་ཨ་བྷི་ཥིཉྩ་ཨ༔ ཞེས་དབང་བསྐུར་བས་ཀུན་གཞིའི་སྒྲིབ་པ་དག༔ བྱིན་རླབས་ཞུགས༔ ཚིག་དབང་དམ་པ་ཐོབ༔ འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་གོ་འཕང་མངོན་དུ་བྱས་སོ༔ ལྷ་སོའི་སྒོས་དབང་འདིར་བྱ༔ ལྷ་ཚོགས་ཕྱག་མཚན་གཏད་པ་སོགས༔ ལས་ཀྱི་ཚར་འདི་རུ་གདབ༔ མཐའ་རྟེན་བཀྲ་ཤིས་དབང་ནི༔ མཁའ་ཁམས་གང་བའི་རྒྱལ་བ་རྣམས་ཀྱིས་ཤིས་པ་བརྗོད་པར་དམིགས་པ༔ ཧོ༔ རྒྱལ་བའི་དབང་པོའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིནལས་་རྟགས་ཀྱིས་མཚོན༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྟོབས་དང་ཡོན་ཏན་ཕུན་ཚོགས་ཤོག༔ ༀ་མངྒ་ལཾ་ཨ་བྷི་ཥིཉྩ་ཨ༔ དམ་ཚིག་ཁས་ལེན་པ་ནི༔ ཧོ༔ དཀྱིལ་འཁོར་གཙོ་བོ་སློབ་དཔོན་གྱི༔ ཇི་ལྟར་བཀའ་བསྩལ་དེ་བཞིན་བགྱིད༔ ཐུགས་རྗེ་ཆེན་པོས་བདག་བཟུང་སྟེ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ བཀའ་དྲིན་གཏང་རག་མཎྜལ་ཕུལ༔ སླར་ཡང་བྲན་དུ་འབུལ་བ་ནི༔ བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ བླ་མ་ལྷ་ལ་འབུལ་ལགས་ན༔ ཅི་བདེར་ལེགས་པར་བཞེས་ནས་ནི༔ འབྲལ་མེད་ཕྱམ་གཅིག་འཚང་རྒྱ་ཤོག༔ དགེ་བ་བྱང་ཆུབ་བསྔོ་བ་ནི༔ ཧོ༔ དགེ་བ་འདིས་མཚོན་དུས་གསུམ་ལེགས་བྱས་ཀུན༔ འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་ཕྱིར་བསྔོ༔ དེ་ཡི་མཐུ་རྒྱལ་བའི་བསྟན་པ་རྒྱས༔ སྲིད་པ་དོང་ནས་སྤྲུགས་པའི་མཐུ་ཐོབ་ཤོག༔ བཀྲ་ཤིས་བདེ་ལེགས་བརྗོད་པ་ནི༔ ཨོཾ༔ འགྲུབ་པར་གྱུར་ཅིག་རྒྱལ་བ་སྲས་དང་བཅས༔ མཚན་དཔེས་མཛེས་ཤིང་ཚངས་དབྱངས་ཆོས་སྒྲ་སྒྲོགས༔ འཁོར་འདས་མཉམ་བརྡལ་ཟག་པ་ཀུན་བྲལ་ཐུགས༔ དུས་གསུམ་ཕྱོགས་བཅུ་བཀྲ་ཤིས་དཔལ་འབར་ཤོག༔ ཨུ་རྒྱན་པདྨས་བྱིན་རླབས་ལས༔ འགྲོ་བ་སྐྱོབས་པའི་གདམས་པ་མཆོག༔ ཀོང་ཡུལ་མཁའ་འགྲོའི་མཚོ་གླིང་དུ༔ ཀླུ་བཙན་དྲག་པོར་གཉེར་དུ་གཏད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བདག་འདྲ་གདོད་མའི་རྣལ་འབྱོར་ཚེ་དབང་ནོར་བུའི་བསོད་ནམས་སུ་ཐོབ་པ༔ ཟངས་ཤོག་དམར་པོའི་ངོས་ལས་བཤུས་པའོ༔

ལྷ་མོ་འོད་ཟེར་ཅན་མའི་རིག་གཏད།

༄། ། སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་ལས༔ ལྷ་མོ་འོད་ཟེར་ཅན་མའི་རིག་གཏད་ནི༔

ཁབ་འོད་ཟེར་ཅན་དུ་གསལ་བ་གཏད་ལ༔ ཧཱུྃ༔ མ་རིག་རྩད་གཅོད་རྡོ་རྗེའི་ཁབ༔ འཕགས་མའི་གཟུངས་ཀྱིས་བྱིན་རླབས་པ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ མི་མཐུན་རྐྱེན་ཀུན་བརླག་པར་ཤོག༔ རྩ་སྔགས་དང་༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ སྐུད་པ་ལས་བྱེད་མཁའ་འགྲོར་གསལ་བ་གཏད་ལ༔ ཧཱུྃ༔ གཡེངས་པ་འཆིང་བྱེད་སྐུད་པ་འདི༔ ལས་བྱེད་མཁའ་འགྲོས་བྱིན་རླབས་ཏེ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྒོ་གསུམ་རྡོ་རྗེ་གསུམ་འགྲུབ་ཤོག༔ རྩ་སྔགས་དང་༔ ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེའི་ཕྱག་རྒྱ་གཉན་པོ་འདི་ཆོངས་ཤིག༔ སྤྱོད་ཅིག༔ འཕགས་མ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་འགྱུར་རོ༔ སྤྲོ་ན་སྲུང་བ་ལ་མདུད་པ་གཏད༔ བཟློག་པ་ལ་ཐལ་རྡེབ་བྱ༔ བསད་པ་ལ་འགུགས་བསྟིམ་སྒྲོལ་སྟོབས་ཀྱང་གཞུང་བཞིན་བྱ༔ ཟབ་རྒྱ༔ ༄།། སྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་ལས༔ སེངྒེའི་གདོང་ཅན་མའི་རིག་གཏད་ནི༔

གྲི་གུག་མཁའ་འགྲོ་འབུམ་སྡེར་དམིགས་ལ༔ བྃ༔ བདག་རྟོག་གཅོད་བྱེད་རྡོ་རྗེའི་གྲི་གུག་ནི༔ གནས་གསུམ་མཁའ་འགྲོ་འབུམ་སྡེའི་ཕྱག་མཚན་ཏེ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡི༔ ཕྱི་ནང་གསང་བའི་བགེགས་ཚོགས་གཞོམ་པར་ཤོག༔ བཛྲ་ཀརྟ་རི་ཨ་བྷི་ཥིཉྩ་ཧཱུྃ༔ ཐོད་པ་བདུད་རྩིའི་གང་བ་གཏད་ལ༔ བྃ༔ གསང་གསུམ་ཡེ་ཤེས་གཅིག་འདུས་བདུད་རྩིའི་རྒྱུན༔ བདེ་སྐྱོང་ཐོད་པར་གཏམ་པ་ཁྱོད་ལ་གཏད༔ འཇིག་རྟེན་འཇིག་རྟེན་ལས་འདས་དངོས་གྲུབ་ཀུན༔ ཐབས་ཆེན་བདེ་མྱུར་ལམ་ནས་ཐོབ་པར་ཤོག༔མ་ཧཱ་སཱུ་ཁ་སིདྡྷི་ཀརྨ་ཨ་བྷི་་ཥིཉྩ་ཧཱུྃ༔ རྡོ་རྗེའི་ཕྱག་རྒྱ་གཉན་པོ་འདི་ཆོངས་ཤིག༔ སྤྱོད་ཅིག༔ འཕགས་མ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་འགྱུར་རོ༔ སྤྲོ་ན་ཟོར་འཕེན་གདབ་ལས་སོགས༔ མངོན་སྤྱོད་བཟློག་པའི་བཀའ་གཏད་བྱ༔ དངོས་གྲུབ་བསྐུལ་ཞིང་ཚོགས་མཆོད་སོགས༔ བསོད་ནམས་དཔུང་བསྐྱེད་བཀྲ་ཤིས་བྱ༔ ཟབ་རྒྱ༔


previousསྒྲོལ་མ་མི་མཐུན་ཀུན་སེལ་གྱི་ལས་ཚོགས་འདོད་འབྱུང་གཏེར་མཛོད།next