Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
དུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་ཟབ་མོ་ཟུང་འཇུག་མཆོག་སྦྱིན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་ཟབ་མོ་ཟུང་འཇུག་མཆོག་སྦྱིན། next

དུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་ཟབ་མོ་ཟུང་འཇུག་མཆོག་སྦྱིན།

༈ དུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་ཟབ་མོ་ཟུང་འཇུག་མཆོག་སྦྱིན་ཞེས་བྱ་བ་བཞུགས་སོ། །

ལམ་གྱི་རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པས། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཞེས་སྙིང་ཁུངས་རུས་པའི་གཏིང་ནས་གསོལ་བ་འདེབས། །དེ་ནས་བླ་མའི་གསང་གསུམ་གྱི་སྤྲུལ་བ་ཚོགས་ཞིང་གསལ་བཏབ་ཅིང་དེ་དག་གི་ཡོན་ཏན་དྲན་ཞིང་རིགས་དྲུག་གི་དུཿཁས་གདུང་བའི་འགྲོ་བ་དེ་དག་ཁྱབ་བདག་དང་པོའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཆེད་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བྱ་སྙམ་པའི་བློས། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་བསྙེན་སྒྲུབ་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ། །རྫོགས་རིམ་གྱི་རྟེན་བསྐྱེད་པའི་རིམ་པ་ལྷན་སྐྱེས་བསྒོམ་པ་བརྒྱུད་ལྡན་བླ་མའི་རྣམས་ཀྱིས་བསྔགས་པས། ཨོཾ་ཤུ་ན་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོ་྅ཧཾ། སྟོང་པའི་ངང་ལས་དུས་འཁོར་ལྷན་སྐྱེས་སུ་གྱུར་བ་ནི། འབྱུང་བཞི་རི་རབ་ཉི་ཟླ་དགྲ་གཅན་རྣམས་བརྩེགས་པའི་གདན་ལ། བདག་ཉིད་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་པ་དཀར་པོ་བསྐུམ་པས་དབང་ཕྱུག་དཀར་པོ་དང༌། གཡོན་པ་དམར་པོ་བརྐྱང་པས་འདོད་ལྷ་དམར་པོའི་སྙིང་གར་མནན་པ། རལ་བའི་ཐོར་ཚུགས་དང་ཡིད་བཞིན་གྱི་ནོར་བུ་དང༌། ཟླ་བ་ཕྱེད་པས་དབུ་ལ་བརྒྱན་པ། རྡོ་རྗེའི་རྒྱན་དང་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཕྱག་སོར་རྣམས་རིམ་པར་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། ཐེའུ་ཆུང་ལྗང་ཁུ་སྟེ་ཁ་དོག་ལྔ་བ། སོར་ཚིགས་རྣམས་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ་སྟེ་ཁ་དོག་གསུམ་པ། རྡོ་རྗེ་སེམས་དཔས་དབུ་བརྒྱན་ཅིང༌། མེ་རི་ཁ་དོག་སྣ་ལྔའི་དབུས་ན་བཞུགས་པ། ཁྲོ་ཆགས་འདྲེས་པའི་ཉམས་ཅན་ནོ། དེ་ལ་འཁྱུད་པའི་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། གཡས་གྲི་གུག་དང་གཡོན་ཐོད་པ་འཛིན་པས་ཡབ་ལ་འཁྱུད་ཅིང༌། ཞབས་གཡས་བསྐུམ་གཡོན་བརྐྱང་བས་ཡབ་དང་སྦྱོར་བ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་ཅིང༌། དབུ་སྐྲ་ཕྱེད་གྲོལ་བའོ། དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ ཐུགས་ཀར་ཧཱུཾ་ནག་པོ། ལྟེ་བར་ཧོ་སེར་པོཿ གསང་བར་སྭཱ་སྔོན་པོ། གཙུག་དོར་དུ་ཧཱ་ལྗང་ཁུ་རྣམས་འཁོད་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། སྣོད་གཞལ་ཡས་ཁང་དང་བཅུད་ཐམས་ཅད་དུས་ཀྱི་འཁོར་ལོའི་ལྷ་ཚོགས་སུ་གྱུར། །དེ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ། ལྷ་སྐུ་གསལ་སྟོང་དེ་ལ་ཅི་གནས་སུ་མཉམ་པར་བཞག སྔགས་ནི། ཨོཾ་ཧཾ་ཀྵ་མ་ལ་ཝ་ར་ཡ་སྭཱ་ཧཱ། ཞེས་སྙིང་གར་རྣམ་བཅུ་དབང་ལྡན་ལྗང་ཁུ་ཁོང་སྟོང་གྱེན་ལང་གི་རྣམ་པར་སེམས་གཏད་དེ་བཟླ། བཟླས་པ་དང་འབྲེལ་རྫོགས་པའི་རིམ་པ་ཉམས་སུ་ལེན་པའི་ཚུལ་ནི། ཇི་སྐད་དུ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དབེན་གསུམ་ལྟོས་མེད་བཞི་དང་ལྡན། །དངོས་གཞི་སོར་སྡུད་བསམ་གཏན་དང༌། །སྲོལ་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པའི་ལམ་གྱི་ལུས་རྫོགས་པར་གདན་ཐོག་གཅིག་ཏུ་ཉམས་བཞེས་མཛད་དགོས་ཤིང༌། དེ་དག་ཅི་བཞིན་འགྲུབ་པ་ལ་དངོས་གྲུབ་སློབ་དཔོན་གྱི་རྗེས་སུ་འགྲོ་བས་བླ་མ་ལ་གསོལ་བ་འདེབས་པ་ནི། ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རྣམ་རྟོག་འགྱུ་བ་སོ་སོར་བཅད། །ཉམས་འོད་གསལ་རྟགས་བཅུ་རྫོགས་གྱུར་ནས། །ལམ་སོར་སྡུད་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཡིད་རླུང་སེམས་ངག་རྣམས་མི་གཡོ་ཞིང༌། །ཉམས་ཤེས་རབ་རྟོག་དཔྱོད་དགའ་བདེ་འཕེལ། །ལམ་བསམ་གཏན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་རོ་རྐྱང་རླུང་བཅུ་དབུ་མར་ཚུད། །ཉམས་གཏུམ་མོ་འབར་བས་ཧྂ་ཡིག་ཞུ། །ལམ་སྲོག་རྩོལ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ཁམས་འཛག་མེད་ཐིག་ལེ་དཔྲལ་བར་བརྟན། །ཉམས་ཞུ་བདེ་འགྱུར་མེད་རྒྱུད་ལ་སྐྱེས། །ལམ་འཛིན་པ་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །ལུས་རྩ་འདབ་བདེ་ཆེན་ཐིག་ལེའི་གང༌། །ཉམས་ཕྱག་རྒྱ་གསུམ་ལ་མངའ་བརྙེས་པ། །ལམ་རྗེས་དྲན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ལྷ་བདེ་གཤེགས་སྙིང་པོའི་བཀའ་དྲིན་གྱིས། །རྩ་འཁོར་ལོ་དྲུག་པོ་བདེ་བས་གང༌། །ཉམས་སྤྲོས་པ་མེད་ལ་དབང་འབྱོར་བའི། །ལམ་ཏིང་འཛིན་འབྱོང་བར་བྱིན་གྱིས་རློབས། །ཕ་དྲིན་ཅན་བླ་མ་ལ་གསོལ་བ་འདེབས། །འདྲེན་མཆོག་ཡབ་སྲས་རྣམས་ཀྱིས་བྱིན་གྱིས་རློབས། །ཞེས་ཚིག་དོན་དྲན་བཞིན་པའི་སྒོ་ནས་གསོལ་བ་བཏབ། །མཐར་བསྔོ་བ་ནི། །རིགས་སུ་སྐྱེ་བ་དམ་ཚིག་ཅན། །སྨྱོ་མེད་དུས་ཀྱི་འཁོར་ལོ་སྟོན། །བླ་མ་ལ་གུས་སྙིང་བརྩེ་ལྡན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པ་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང༌། །བཙུན་མོའི་ཁུ་བ་མཉམ་ཟ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག ལྷ་མོ་ཚད་མ་དམ་ཚིག་ཚད་མ་དང༌། །དེས་གསུང་ཚིག་ཀྱང་ཚད་མའི་མཆོག་ཡིན་ཏེ། །བདེན་པ་དེ་ཡིས་ལྷ་མོ་དེ་དག་གིས། །བདག་ལ་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །དེ་ལས་བྱུང་བའི་དགེ་བའི་འོད་ཟེར་གྱིས། །མཁའ་མཉམ་འགྲོ་བའི་བློ་ཡིས་མུན་བསལ་ནས། །བདེ་ཆེན་ཐར་བའི་ལམ་ལ་འགོད་པ་དང༌། །ཀུན་ཁྱབ་བདེ་གཤེགས་སྙིང་པོ་མངོན་གྱུར་ཤོག །ཅེས་རོལ་བའི་རྡོ་རྗེའི་རྒྱ་གཞུང་དང་གསང་བདག་སྒྲོལ་བའི་མགོན་པའི་གསུང་ལ་བརྟེན་ནས་བརྒྱུད་ལྡན་བླ་མའི་མན་ངག་གིས་བརྒྱན་ཏེ་ཀཿཐོག་པ་རིག་འཛིན་ཚེ་དབང་ནོར་བུས་རྒྱུན་གྱི་ཉམས་ལེན་ཁྱེར་བདེ་བར་བཀོད་པ་འདི་ཡི་དགེ་བས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་བསྟན་པ་ཡུན་དུ་གནས་ཤིང་དེས་མཐུ་ལ་བརྟེན་ནས་གྲོང་ཁྱེར་དྲུག་གི་འགྲོ་བ་མ་ལུས་པས་བདེ་གཤེགས་སྙིང་པོ་མངོན་དུ་གྱུར་ཏེ་དང་པོའི་སངས་རྒྱས་ཀྱི་གོ་འཕང་ལ་རེག་པར་གྱུར་ཅིག སརྦ་མངྒ་ལམ།


previousདུས་འཁོར་ལྷན་སྐྱེས་ཀྱི་རྒྱུན་ཁྱེར་ཟབ་མོ་ཟུང་འཇུག་མཆོག་སྦྱིན། next