Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔའི་རྒྱུན་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔའི་རྒྱུན་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ། next

དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔའི་རྒྱུན་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ།

༄༅། །དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔའི་རྒྱུན་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ་བཞུགས་སོ། །

ན་མོ་ཛྙཱ་ན་ས་ཏྭ་ཡ། །རིགས་ཀུན་བདག་ཉིད་རྡོ་རྗེ་སེམས། །དཔལ་ལྡན་བླ་མའི་སྒྲུབ་པ་ལ། །བརྟེན་ནས་དངོས་རྣམ་གཉིས་ཀྱི། །རྒྱ་མཚོ་ཆེ་ལ་རོལ་འདོད་ན། །བྱིན་རླབས་རྩ་བ་བླ་མ་སྟེ། །དེ་ཡིས་བརྡུང་ངམ་བསད་ཀྱང་བསླ། །སངས་རྒྱས་དངོས་ཀྱི་འདུ་ཤེས་ནི། །མི་འདོར་དད་དམ་རྩ་བར་ཟུངས། །ཞིང་ལ་བརྟེན་པའི་ཚོགས་བསགས་དང༌། །འགྲོ་ལ་དམིགས་པའི་སྙིང་རྗེ་དང༌། །ཡེངས་མེད་བརྩོན་པའི་དམ་བཅའ་གསུམ། །ལྡན་པའི་སྐལ་ལྡན་ལམ་འདིར་ཞུགས། །རྒྱལ་བ་ཐམས་ཅད་རིགས་བསྡུ་ན་ཞི་ཁྲོ་དམ་པ་རིགས་བརྒྱ། དེ་བསྡུ་ན་རྒྱལ་བ་རིགས་ལྔ། དེ་བསྡུ་ན་རིགས་གཅིག་རྡོ་རྗེ་སེམསདཔའ་ཡིན་པས་རྒྱལ་བ་སྲས་བཅས་ཀྱི་སྤྱི་དཔལ། ཆོས་སྒོ་ཐམས་ཅད་ཀྱི་ཁུངས། གདམས་ངག་ཐམས་ཅད་ཀྱི་སྙིང་པོ། བྱ་སླ་ལ་བྱིན་རླབས་ཆེ་བ། གོ་སླ་ལ་དངོས་གྲུབ་མྱུར་བ། ཚུལ་བཞིན་བསྒྲུབ་ན་ཚེ་འདིར་འགྲོལ་སངས་རྒྱ་བ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་གུ་རུ་པདྨ་ཉིད་ཀྱིས་མནའ་བོར་བའི་བསླུ་བ་མི་མངའ་བ་ཡིན་ཏེ། འདི་ཡི་ལོ་རྒྱུས་ནི། སློབ་དཔོན་ཆེན་པོ་བོད་ན་བཞུགས་པའི་དུས་སུ། དད་དམ་འགྱུར་བ་མེད་པའི་བ་རྫི་མོ་མར་གོང་བཟའ་རིན་ཆེན་མཚོ་ཞེས་བྱ་བ་ཞིག་གིས། ནང་མ་རེ་རེ་བཞིན་ཆབ་ཞོ་ཞལ་བུ་རེ་ལ་དགུན་འབྲུམ་སྤར་རེ་བཏབ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་བརྒྱུད་སློབ་དཔོན་ཆེན་པོ་ལ་དྲངས། ནམ་ཞིག་སློབ་དཔོན་རྒྱ་གར་དུ་གཤེགས་ལ་ཉེ་བའི་དུས་སུ་རྒན་པོ་གཡོག་བཅས་སློབ་དཔོན་ཀྱི་སྤྱན་སྔར་མཆིས་ཤིང་ཕྱག་དང་བསྐོར་བ་ལན་གསུམ་མཛད་ཙ་ན། སློབ་དཔོན་ཆེན་པོས་མཁྱེན་བཞིན་དུ་རྒན་མོ་འདི་ཅི་ལ་འོང་ཞེས་དྲིས་པས། ཡེ་ཤེས་མཚོ་རྒྱལ་གྱིས། རྒན་མོ་སློབ་དཔོན་ཆེན་པོ་ལ་ནང་རེ་བཞིན་ཞོ་སྐྱེལ་བའི་དད་ལྡན་མ་དེ་ལགས་སོ་ཞུས་པ་དང༌། རྒན་མོས། ཁོལ་མོ་ངན་བུ་མ་བདག་ལ༌། བྱ་སླ་ལ་ཆོད་ཆེ་བའི་གདམས་པ། འཆི་ཁ་མའི་རྒྱག་གཅིག་ཞུ་འཚལ་ཞུས་པས། སློབ་དཔོན་ཆེན་པོས། བཟང་ངན་བདེ་སྡུག་གང་བྱུང་ཡང་དད་པ་འགྱུར་བ་མེད་པ་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པས། ཁྱོད་རྒྱལ་པོ་དང་བློན་པོའི་ཚོགས་ལས་ཀྱང་དད་པ་བརྟན་པ་ཞིག་འདུག་པས་ཚེ་འདིར་གྲོལ་བ་ཐེ་ཚོམ་མི་དགོས། གདམས་པ་གདམས་གནང་ངོ་ཞེས་ཤིན་ཏུ་བརྩེ་བས་ཚིག་གིས་དབུགས་དབྱུང་བར་བྱས་ཤིང༌། རྡོ་རྗེ་སེམས་དཔའི་གདམས་པ་འདི་ཉིད་བསྩལ་ཤིང༌། དད་ལྡན་མ་ཁྱོད་རྟག་ཏུ་འགྲོ་ཉལ་འདུག་སྡོད། ཁ་སྦུབས་གན་རྐྱལ་སོགས་འདུག་སྟངས་ཅི་བྱེད་པ་དང༌། འཇིག་རྟེན་གྱི་བྱ་བ་ཅི་བྱེད་ཀྱང་གདམས་པ་འདི་དང་འབྲེལ་ནས་ཉམས་སུ་ལོངས་ཤིག་ཅེས་བཀའ་འགོས། རྒན་མོ་དཔོན་གཡོག་གཉིས་ཀྱིས་དེ་ལྟར་བསྒྲུབ་པས་རྡོ་རྗེ་སེམས་དཔའི་ཞལ་མཇལ། དགོངས་པ་ཀློང་རྡོལ་ནས་ཚེ་དེར་འཇའ་ལུས་འོད་སྐུར་གྲོལ་བ་ཡིན་ནོ། །གུ་རུས་རྒན་མོའི་སྙིང་གར་མཛུབ་མོ་གཏད་དེ་ཆོས་འདི་མ་བརྗེད་སྙིང་ལ་ཆོངས་ཞེས་རིག་པ་རྩལ་གྱི་དབང་བསྐུར་བ་ཡིན་པས་རྡོ་རྗེ་སེམས་དཔའ་རྒན་མོ་མཛུབ་ཚུགས་ཀྱི་གདམས་པར་ཡང་གྲགས་སོ། གདམས་དངོས་ཉམས་སུ་ལེན་པ་ལ་གསུམ། དང་པོ་སྔོན་འགྲོ་ནི། བླ་མ་ལ་གསོལ་བ་ལན་གསུམ་བཏབ་ཅིང་ཐུན་མོངས་ཆོས་སྤྱོད་གཏི་མུག་གཉིད་དཀྲོག་གམ་ཡན་ལག་བརྒྱད་པ་ཁོ་ནས་མང་མི་དགོས་སོ། དངོས་གཞི་ནི། ཧཱུྂཿ རང་གི་མདུན་དུ་འཇའ་ཟེར་འཁྲིགས་པའི་ཀློང་ཿ སྐད་ཅིག་རང་བྱུང་ཡི་གེ་ཧཱུྂཿམཐིང་ནགཿ དེ་ལས་འོད་འཕྲོས་རྒྱལ་བའི་བྱིན་རླབས་ཀུནཿ བསྡུས་པས་སྐྱབས་གནས་ཀུན་འདུས་ངོ་བོར་གྱུརཿ ཧཱུྂཿཧཱུྂཿཧཱུྂཿ ཧཱུྂཿཧཱུྂཿཧཱུྂཿ ཧཱུྂཿཧཱུྂཿཧཱུྂཿ ཞེས་བརྗོད་ཅིང་སེམས་མ་གཡེངས་པར་ཡི་གེ་ཧཱུྂ་ཁོ་ན་ལ་གཏདཿ འདི་རྒྱུད་སྡེ་ཐམས་ཅད་ཀྱི་སྙིང་བོ་རྗེན་པར་བྱུང་བ་ཡིན་པ་ཤེས་པས་བློ་རྩེ་གཅིག་གིསཿ སངས་རྒྱས་བྱང་སེམས་ཐམས་ཅད་ཧཱུྂ་གི་རྣམ་པར་འཕུར་ནས་ཧཱུྂ་ལ་ཐིམ་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འདུས་པའི་བདག་ཉིད་ཡིད་ཡིན་པར་བསམ་ལ་དགུ་དང་ཿ ཉེར་གཅིགཿ བརྒྱ་སྟོང་ཁྲི་འབུམ་ཅི་ནུས་བར་བརྗོདཿ དེ་རབ་ཏུ་གསལ་ཞིང་བརྟན་པ་ཐོབ་ནས་རང་གི་སྙིང་གར་བསྒོམཿ དེ་ནས་རང་གི་སྤྱི་གཙུག་ཏུ་སྤོས་ཏེ་གསལཿ དེའང་རིམ་པ་གསུམ་དེཿ ཇེ་ཆེར་སོང་ནས་ནམ་མཁས་གར་ཁྱབ་དང་ཿ ཆུང་དུ་སོང་ནས་སྐྲ་བརྒྱར་གཤག་གི་རྩེས་བྲིས་པ་ལྟ་བུཿ གཅིག་ལས་དུ་མར་སྤྲོས་ཏེ་རང་གཞན་སྣོད་བཅུད་ཐམས་ཅད་ཧཱུྂཿ་དུ་གསལ་བར་བྱའོཿ དེ་བརྟན་པ་དང་སྐུ་རྫོགས་པ་གསལ་བཏབ་པར་བྱ་སྟེཿ ཧཱུྂཿ རང་གི་སྤྱི་བོར་འཇའ་ཟེར་འཁྲིགས་པའི་ཀློང་ཿ གླང་ཆེན་ཐལ་དཀར་བརྒྱད་ཀྱིས་བཏེགས་པ་ཡིཿ རིན་ཆེན་ཁྲི་རྐང་པདྨ་ཉི་ཟླའི་སྟེང་༔ ཧཱུྂཿལས་བདེ་གཤེགས་ཀུན་འདུས་རྡོ་རྗེ་སེམསཿ དཀར་གསལ་ཞལ་གཅིག་ཕྱག་གཉིས་སྐྱིལ་དྲུང་བཞུགསཿ ཕྱག་གཡས་གསེར་གྱི་རྡོ་རྗེ་ཐུགས་གར་འཛིནཿ གཡོན་པས་སྣང་སྟོང་དྲིལ་བུ་དཀུ་ལ་བརྟེནཿ རིགས་ལྔའི་དབུ་རྒྱན་རིན་ཆེན་རྒྱན་གྱིས་བརྒྱནཿ དར་གྱི་ཆས་གོས་ལ་སོགས་ལོངས་སྐུའི་ཆསཿ དབུ་སྐྲ་ཕྱེད་བཅིང་སྐྲ་ཡི་ཟར་བུ་འཕྱོཿ ཞལ་འཛུམ་སྤྱན་གྱིས་འགྲོ་བ་ཡོངས་ལ་གཟིགསཿ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཞི་བའི་སྐུཿ གསལ་འཚེར་ལྷུན་སྟུག་གཟི་བརྗིད་འོད་ཟེར་འཕྲོཿ རབ་འབྱམས་རྒྱལ་ཀུན་འདུས་པའི་ངོ་བོར་གསལཿ རྡོ་རྗེ་སེམས་དཔའ་དམ་ཚིག་ཉེ་བར་དགོངསཿ བདག་ལ་མཆོག་དང་ཐུན་མོངས་དངོས་གྲུབ་སྩོལཿ དེ་ལྟར་གསལ་བའི་ཐུགས་གར་ཉི་ཟླ་ཁ་སྦྱོར་གྱི་དབུས་སུཿ ཟབ་པ་ཧཱུྂཿ་སྒྲུབ་ལ་ཡི་གེ་གཅིགཿ སྤྲོས་བཅས་ལ་ཨོཾ་བཛྲ་ས་ཏྭ་ཧཱུྂཿ ཞེས་ཡི་གེ་ལྔ་བཿ ཤིན་ཏུ་རྒྱས་པ་ལ་ཡི་གེ་བརྒྱ་བས་བསྐོར་བར་བསམ་ནས་བཟླཿ དེ་དག་གསུམ་གང་རུང་ངམ་ཐུན་ཀྱི་སྟོད་སྨད་བར་གསུམ་ལ་བྱས་ཀྱང་རུང་ངོ་༔ མཐར་མཆོད་པ་ནིཿ ཨོཾ་ཨཱཿ་ཧཱུཾཿ དངོས་སུ་འབྱོར་དང་ཏིང་འཛིན་འཐུས་བསྐྱེད་པའིཿ གཟུགས་ཀྱི་ལྷ་མོ་དཀར་མོ་མེ་ལོང་འཛིནཿ སྒྲ་ཡི་ལྷ་མོ་སྔོན་མོ་པི་ཝཾ་སྒྲོགཿ དྲི་ཡི་ལྷ་མོ་སེར་མོ་སྤོས་ཁང་ཐོགསཿ རོ་ཡི་ལྷ་མོ་དམར་པོ་ཞལ་ཟས་བསྣམསཿ རེག་བྱའི་ལྷ་མོ་ལྗང་ཁུ་ནབ་བཟའ་ཐོགསཿ ཆོས་ཀྱི་ལྷ་མོ་མཐིང་ག་ཆོས་འབྱུང་བསྣམསཿ གཅིག་ལས་གཅིག་འཕྲོས་རབ་འབྱམས་ཞིང་ཀུན་ཁྱབཿ ཟག་མེད་ནམ་མཁའ་མཛོད་ཀྱི་མཆོད་པའི་སྤྲིནཿ བླ་མ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་མཆོདཿ བདག་སོགས་སྒྲིབ་པ་དག་ཅིང་ཚོགས་གཉིས་རྫོགསཿ གྲུབ་པའི་འབྲས་བུ་མྱུར་དུ་སྨིན་པར་མཛོདཿ ཨོཾ་ཨཱཿརཱུ་པ་ཤབྟ་གནྡྷེ་ར་ས་སྤརྵེ་དྷརྨ་དྷ་ཏུ་ཧཱུཾཿ བསྟོད་པ་ནིཿ ཧཱུཾཿ སྐུ་ཡིས་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་སྤྲོཿ གསུང་ལས་མདོ་རྒྱུད་མན་ངག་ཆོས་ཆར་འབེབསཿ ཐུགས་ནི་དམིགས་མེད་མཁྱེན་བརྩེ་ནུས་པའི་བདགཿ བླ་མ་རྡོ་རྗེ་སེམས་དཔར་ཕྱག་འཚལ་བསྟོདཿ འདོད་དོན་གསོལ་བ་ནིཿ ཀྱེ་དཔལ་རྡོ་རྗེ་སེམས་དཔའཿ ཁྱོད་ནི་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིདཿ དམ་ཉམས་སྡིག་ཅན་རྟོག་སྒྲིབ་བག་ཆགས་ངན་པའི་དབང་དུ་སོང་བ་སྒྲོལ་བའི་ཆེད་དུ་ཐུགས་བསྐྱེད་པ་ལགས་ནཿ བདག་གི་སྒོ་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་མ་ལུས་པ་བྱང་ཞིང་དགཿ ནང་གི་རྟོགས་པའི་ཡེ་ཤེས་གོང་དུ་འཕེལཿ མྱུར་བ་ཉིད་དུ་དཔལ་རྡོ་རྗེ་སེམས་དཔའི་ཞལ་མཇལ་ཞིང་དབྱེར་མེད་དུ་སངས་རྒྱས་པར་བྱིན་གྱིས་བརླབས་ཏུ་གསོལཿ ཞེས་དམ་ཚིག་གི་རིམ་པ་བསྔོ་བགྲང་བྱས་ཀྱང་རུང་ངོ་༔ ཡང་སེམས་མདུང་ཚུགས་སུ་གཏད་ཅིང་༔ ཧོཿ ཐུགས་རྗེའི་བདག་ཉིད་རྡོ་རྗེ་སེམསཿ བདག་ལ་ཞལ་བཟང་བསྟན་དུ་གསོལཿ ཅེས་དཔལ་རྡོ་རྗེ་སེམས་དཔའ་མདུན་དུ་མངོན་སུམ་དུ་ཡོད་པར་མོས་པས་འདི་ཅི་མང་བཟླ་བ་ནི་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་གདམས་པའོཿ ཧཱུྂ་སྒྲུབ་དང་སྤྱི་བོར་རྡོར་སེམས་གསལ་བའི་བཟླས་པ་གཉིས་ལ་ནན་ཏན་དུ་བྱའོཿ དེ་དག་ལ་དངོས་ཉམས་ཅི་རིགས་པར་རྟགས་ཐོན་ནས་རྒྱུད་སྡེ་གོང་མའི་བཟླ་ཚུལ་སྐབས་དང་སྦྱར་རོཿ མཆོད་པའང་རྒྱུད་སྡེ་འོག་མ་རྣམས་སུ་འབུལ་སྟབས་དང་འདུད་ཚུལ་དང་ཿ སྐུ་ལ་ཐིམ་ཞིང་སླར་སྤྲོས་པའི་ཚུལ་དང་༔ རྒྱུད་སྡེ་གོང་མ་འདོད་པའི་ཡོན་ཏན་དྲུག་པོ་དངོས་སུ་སྐུ་ཉམས་སུ་བསྟར་བར་དམིགས་དགོས་སོཿ བསྐྱེད་པའང་རིམ་པ་བཞིན་ལྷ་སྐུ་རང་ལུས་ལ་སྤོས་ཤིང་རང་གི་ལུས་ཡབ་རྐྱང་དུ་གསལ་བཿ འཁོར་བྱང་སེམས་བརྒྱད་དང་བཅས་གསལ་བཿ མ་ཧཱ་ནས་བཟུང་ཡབ་ཡུམ་འཁྲུལ་སྦྱོར་ཅན་གསལ་བཿ འཁོར་བྱང་སེམས་བརྒྱད་ཀྱང་སྒེག་མ་སོགས་ཡུམ་བརྒྱད་དང་སྦྱོར་བ་གསལ་དགོས་སོཿ བདུད་རྩི་འབེབས་སྦྱོང་གི་དམིགས་པའང་འོག་མའི་སྐབས་རྡོ་རྗེ་སེམས་དཔའི་སྐུ་ལུས་བྱུང་བའི་བདུད་རྩིས་སྡིག་སྒྲིབ་དག་པར་མོས་པ་དང་༔ གོང་མ་གཉིས་ལ་འབར་འཛག་གི་སྦྱོར་བས་ཡབ་ཡུམ་གྱི་བདུད་རྩི་དཀར་དམར་སྤྲོ་བའི་དམིགས་རིམ་རེས་མོས་ཀྱིས་བདེ་བ་སྐུ་ཉམས་སུ་བསྟར་ཞིང་ལྷན་ཅིག་སྐྱེས་པའི་བདེ་བའི་ངང་དེ་ཁོ་ན་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པའོཿ འདི་ལྟར་རྒྱུན་དུ་སྤྱོད་ལམ་དང་བསྲེས་ནས་ཉམས་སུ་ལེན་ནུས་ན་ཚེ་འདིར་གྲོལ་བ་ཐོབ་པ་དཔལ་རྡོ་རྗེ་སེམས་དཔའ་དང་༔ གུ་རུ་པདྨ་འབྱུང་གནསཿ རྒྱ་བོད་ཀྱི་རིག་འཛིན་ཆེན་པོ་རྣམས་དང་བདག་རྡོ་རྗེ་ཚེ་དབང་ནོར་བུ་བཅས་ཀྱིས་དམ་བཅས་པ་ཡིན་ནོཿ ཞེས་ཤིང་སྦྲུལ་ལོའི་སྨིན་དྲུག་ཟླ་བའི་ཚེས་བཅུ་དྲུག་བདེ་བ་རྒྱས་པའི་ཐུན་མཚམས་སུ་རྣལ་འབྱོར་མ་ནམ་མཁའ་ཡེ་ཤེས་གསལ་སྒྲོལ་གྱིས་བསྐུལ་བ་དང་བླ་མ་དང་ལྷག་པའི་ལྷས་བདག་གི་ཡིད་ངོར་ཅི་ལྟར་ཤར་བ་བཞིན་དབུ་རུ་ཁྲ་འབྲུག་བྱམས་པ་མི་འགྱུར་གླིང་དུ་རྡོ་རྗེ་སེམས་དཔའི་ཞལ་གཟིགས་ཤིང་གཤེགས་པའི་ཚེ་ནའང་གདུང་ཆེན་རྣམ་ལྔ་བསྟན་འགྲོའི་བཙས་སུ་བཞག་པའི་སྔགས་སྐྱེས་ཀྱི་མཁའ་འགྲོ་མའི་བུ་རུ་སྐྱེས་པ་རིག་པ་འཛིན་པ་ཚེ་དབང་ནོར་བུ་རྡོ་རྗེ་སེམས་དཔའ་རྩལ་གྱིས་དེ་མ་ཐག་ཤར་མར་བྲིས་པ་དགེ་ལེགས་སུ་གྱུར་ཅིགཿ


previousདཔལ་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རིམ་པ་ལྔའི་རྒྱུན་ཀྱི་རྣལ་འབྱོར་དངོས་གྲུབ་རྒྱ་མཚོ། next