Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
དཔལ་རྡོ་རྗེ་སེམས་དཔའ་རིམ་པ་ལྔའི་ཟབ་མོ་དབང་གི་རིམ་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྡོ་རྗེ་སེམས་དཔའ་རིམ་པ་ལྔའི་ཟབ་མོ་དབང་གི་རིམ་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ། next

དཔལ་རྡོ་རྗེ་སེམས་དཔའ་རིམ་པ་ལྔའི་ཟབ་མོ་དབང་གི་རིམ་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ།

༄༅། །དཔལ་རྡོ་རྗེ་སེམས་དཔའ་རིམ་པ་ལྔའི་ཟབ་མོ་དབང་གི་རིམ་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ་ཞེས་བྱ་བཞུགས་སོ། །

དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དབང་གི་རིམ་པར་རིགས་བསྡུས་སྤྱི་བླུགས་དང༌། །དཀྱིལ་འཁོར་རྣམ་བཞི་སོ་སོར་འཇུག་པ་སོགས། རྣམ་གྲངས་མང་ལས་འདིར་ནི་རིམ་པ་བཞིན། །དཀྱིལ་འཁོར་རྒྱ་མཚོར་འཇུག་པའི་ཉེ་ལམ་མོ། །རིམ་པ་ལྔའི་སྨིན་བྱེད་བྱ་བ་ལ་དུར་ཁྲོད་སྤང་བའི་ཞི་བའི་དཀྱིལ་འཁོར་སྤྱི་ལྟར་ལ། དཀྱིལ་དུ་རིམ་པ་སོ་སོའི་ལྷ་དང༌། སྲོག་ཡིག་དང༌། ཚོམ་བུ་སྐུ་མདོག་དང་མཐུན་པ་བྱེད་པའམ། བསྡུས་པ་བྱེད་ན་མཎྜལ་གྱི་གཞི་ལ་ཚོམ་བུ་བཀོད་པས་ཀྱང་ཆོག་གོ། དབུས་སུ་མཉྫུའི་ཁར་སྐུ་རྟེན་ནམ། གཏོར་མའམ་ཐུགས་རྟེན་རྡོར་དྲིལ་བཀོད་པའི་མཐར་མཆོད་པ་རྣམས་ལྔ་སྤྱི་མཚུངས་དང་དཀྱིལ་འཁོར་ཕྱི་མ་གསུམ་ལ་དྲག་མཆོད་དང༌། ནང་མཆོད་ཀྱང་ཚང་བར་བྱ། དང་པོ་ཕྱི་བྱ་རྒྱུད་ཀྱི་དབང་ལ། ཁྲུས་གཞོང༌། བུམ་པ། ཅོད་པཎ། མཆོད་ནས་བཅས་ཚང་བར་བཀོད། ཁྲུས་དང༌། བགེག་བསྐྲད། སྲུང་འཁོར་བཅས་སྔོན་འགྲོའི་ཆོས་གྲུབ་པ་དང༌། ཆོས་བཤད། མཎྜལ་ཕུལ། སློབ་མས་ཕྱག་བཅས། རྡོ་རྗེ་འཛིན་པར་བདག་ལ་དགོངས། །ཁྱོད་གཅིག་བདག་གི་སྟོན་པ་སྟེ། །རྒྱལ་ཀུན་འདུས་པའི་ངོ་བོ་ཉིད། །མཆོག་གསུམ་བསླབ་པ་བདག་ལ་སྩོལ། །འགྲོ་བ་སྒྲོལ་བར་དམ་བཅའི། །བྱང་ཆུབ་སེམས་ཉིད་བདག་ལ་སྩོལ། །མདོ་དང་རྒྱུད་ཀྱི་ཆོས་འཛིན་ཕྱིར། །དམ་ཚིག་ཆེན་པོ་བདག་ལ་སྩོལ། །བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་སོགས། །གསང་སྔགས་རྒྱ་མཚོར་བདག་འཇུག་ན། །བརྩེ་བའི་བདག་ཉིད་ཐབས་མཁས་པས། །རྗེས་བཟུང་སྨིན་གྲོལ་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། །ཡན་ལག་བརྒྱད་པ་སྔོན་དུ་འགྲོ་བ་ནི། །རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ་མམ། ཡང་ན་གཏེར་མའི་ཡན་ལག་བཅུ་པ། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རང༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་པའམ་སྤྱི་འགྲོའི་ཡན་ལག་བདུན་པས་ཀྱང་རུང་བ་ཀུན་ལ་འགྲེ། །མིག་དར་སྦྱིན་ལ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱཧཱཿ ཞེས་མིག་དར་དམར་པོ་གཡོག མེ་ཏོག་ཕྲེང་བ་སྦྱིན་ལ། ཨ་ཁཾ་ཝི་ར་ཧཱུཾཿ ཨ་མྲྀ་ཏས་བགེག་བསྐྲད། དྲི་བ་ནི། ཀྱེཿ བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ལན་ནི། བདག་ནི་བསྐལ་བཟང་སྔགས་ལ་དགའ། ། དྲི་བ། ཧོཿ དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། ལན། སངས་རྒྱས་མཆོག་གི་དམ་ཚིག་ལའོ། ། ཧོཿ སྐལ་བཟང་ཁྱོད་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་བ་སྒོམས་ཤིག རྡོ་རྗེ་བསོར་ལ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་ཏ་ཡ་མིཿ སུ་ར་ཏེ་ས་མ་ཡ་སྟྭཾཿ ཧོ་སིདྡྷི་བཛྲ་ཡ་ཐ་སུ་ཁཾཿ ཞེས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ལ། དམ་ལ་བཞག་པ་ནི། ཧོཿ ཁྱོད་ནི་བདེ་གཤེགས་དམ་པའི་རིགས། །གསང་བ་ཆེན་པོའི་དམ་ལ་ཞུགས། །དཀྱིལ་འཁོར་མ་མཐོང་དད་མེད་ཀྱི། །སྣོད་མིན་དག་ལ་མ་སྨྲ་ཞིག །མེ་ཏོག་ཕུལ་ལ། ཨ་ཁཾ་ཝི་ར་ཧཱུཾཿ ཞེས་དཀྱིལ་འཁོར་དུ་ཞུགས། ལྷ་ལ་ཕྱག་འཚལ་བར་བསམ་ལ། ཨོཾ་ན་མ་ཏེ་ཧཱུཾཿ ཨོཾ་ན་མ་མེ་ཧཱུཾཿ ཨོཾ་ན་མོ་ན་མ་ཧཱུཾཿ ཞེས་ཐལ་མོ་གནས་གསུམ་ཏུ་བཏུད། ཡེ་ཤེས་དབབ་པའི་དོན་དུ་མཎྜལ་ཕུལ། ཧཱུཾཿ བདེ་བར་གཤེགས་པ་ཐམས་ཅད་དང༌། གཙོ་མཆོག་དཔལ་ལྡན་རྡོ་རྗེ་སེམས། །གསང་གསུམ་ཡེ་ཤེས་བྱིན་རླབས་ཀུན། །བདག་ལ་དབབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པ་དང༌། ཧཱུཾཿ བླ་མའི་གནས་གསུམ་ལས་འོད་འཕྲོས། །མདུན་བསྐྱེད་ལྷ་ཡི་ཐུགས་རྒྱུད་བསྐུལ། །བདག་མདུན་ལྷ་ཡི་འོད་ལྔ་ཡིས། །བདེ་གཤེགས་ཀུན་ཀྱི་ཡེ་ཤེས་མཆོག །ཡི་གེ་ཧཱུཾ་གི་རྣམ་པར་ཁུག །སློབ་མའི་ལུས་ལ་ཆར་བཞིན་ཕོབས། །སྙིང་གར་ཟླ་བའི་དཀྱིལ་འཁོར་དུ། །ཧཱུཾ་ཡིག་ཡེ་ཤེས་སེམས་དཔའ་བྱོན། །མགྲིན་པར་ཨཱཿདམར་སྤྱི་བོ་རུ། །ཨོཾ་དཀར་ཡེ་ཤེས་ལྔ་ལྡན་གྱིས། །སློབ་མའི་སེམས་རྒྱུད་ཡེ་ཤེས་ལྔར། །བྱིན་བརླབས་རྒྱས་བཏབ་བརྟན་པར་མཛོད། ། ཕྱག་གཡས་པས་རྡོ་རྗེ་དང་དྲིལ་བུ་སློབ་མའི་མགོ་བོར་དཀྲོལ་ཞིང༌། ཡི་གེ་བརྒྱ་བའི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨཿ རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་སེམས་དཔའ་བརྟན་པར་གྱུར་ཅིག ཏིཥྛ་བཛྲཿ ཞེས་བརྗོད། དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང༌། ཨོཾ་པྲ་ཏི་ཙྪ་བཛྲ་ཧོཿ ཨོཾ་ཏི་གྲྀཧྞ་སྟྭཾ་ཨི་མཾ་ས་ཏྭ་མ་ཧ་བ་ལཿ གསེར་ཐུར་ཐོགས་ལ། དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །འཕྲིན་ལས་ཐོགས་མེད་གསེར་ཐུར་གྱིས། །མ་རིག་མིག་ཕྱེས་རྡོ་རྗེའི་མིག །ཐོབ་པས་ཡེ་ཤེས་བླ་མེད་ཐོབ། །ཛྙཱ་ན་ཙཀྵུ་ཧཱུཾ་ཨཿ དེ་ལྟར་འཇུག་པའི་ཆོ་ག་གྲུབ་པ་དང༌། དངོས་གཞི་དབང་བསྐུར་བ་ལ། དང་པོ་མཎྜལ་ཕུལ་ཞིང་གསོལ་འདེབས་བ་འདེབས་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཅི་ལྟར་བསྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ། གཉིས་པ་ཆུ་དབང་ནི། སློབ་མ་སྟོང་སྦྱང་ལྷར་གསལ་བ་ཕྱི་སྒྲུབ་ལྟར་བྱ། དེ་ལྟར་གསལ་བའི་གནས་གསུམ་ལས། །འོད་འཕྲོས་རིགས་ལྔའི་ལྷ་ཚོགས་དྲངས། །ཡུམ་ལྔའི་ཕྱག་གི་བུམ་པ་ཡིས། །དབང་བསྐུར་ཐོག་མེད་སྒྲིབ་པ་དག །ཡིག་བརྒྱའི་མཐར་ཁྲུས་སྔགས་བཏགས་པས་ཁྲུས་བྱ། གསུམ་པ་ཅོད་པཎ་གྱི་དབང་ནི། ཅོད་པཎ་སྦྱིན་ལ། ཧཱུཾཿ རིགས་རྣམ་ཀུན་བདག་རྡོ་རྗེ་འཆང༌། །མི་བསྐྱོད་རྡོ་རྗེ་རིགས་ལྔའི་བདག །དེ་རིང་ཁྱོད་སྦྱིན་པ་ཡིས། །བྱ་བའི་རྒྱུད་ཀྱི་དབང་ཐོབ་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨུཏ་བྷ་ཝེ་སྭཱ་ཧཱཿ མཆོད་པ་རྣམ་ལྔ་ཕུལ་ལ། དབང་དོན་བརྗོད་པ་ནི། ཧོཿ བྱ་བའི་རྒྱུད་ཀྱི་དཀྱིལ་འཁོར་དུ། །ཆུ་དང་ཅོད་པཎ་དབང་བསྐུར་བས། །སྒྲིབ་གཉིས་དག་ཅིང་ཆོས་ཆོས་ཉིད། །གནས་འགྱུར་ཆོས་གཟུགས་སྐུ་གཉིས་འགྲུབ། །ཨ་ལ་ལ་ཧོཿ མཐར་གྱི་བྱ་བ་ལ། དང་པོ་ཁྲུས་ཀྱི་བྱ་བ་ནི། ཇི་ལྟར་བལྟམ་པ་༴ དེ་བཞིན་གཤེགས་པ༴ འདི་ནི་ཁྲུས་མཆོག༴ འདི་ནི་སྦྱིན་པའི་སོགས་ཀྱི་མཐར་ཡིག་བརྒྱ་ཁྲུས་སྔགས་བཅས་པས་ཁྲུས་བྱ། བུམ་ཆུ་བཏུང་ཏུ་བཅུག གདོང་པ་ལ་བྱུག གཉིས་པ་བྱབ་པར། རྨ་བྱའི་སྒྲོ་ཐོགས་ལ། ཡིག་བརྒྱའི་མཐར། སརྦ་པཱ་པཾ་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱཿ སརྦ་བིགྷྣན༴ སརྦ་ཛྭ་རེ་བྷྱ༴ སརྦ་དྲ་བེ་༴ སརྦ་གྲ་ཧེ་༴ སརྦ་ཀ་ལ་མྲི་ཏེ་༴ སརྦ་དུར་པནྣ་དུད་ནི་མིརྟི་༴ སརྦ་ཙི་ཏ་བྷྱཿཀུ་ལེ་ཤིནྟཾ་ཀུ་རུ་སྭཱ་ཧཱཿ ཞེས་ལན་གཅིག་དང༌། ཡང་སྔགས་དེ་དག་གི་མཐར། ཨ་པ་ན་ཡེ་སྭཱ་ཧཱཿ ཞེས་བརྗོད། གཉིས་པ་སྲུང་བ་ལ། ཡིག་བརྒྱའི་མཐར། སརྦ་བིགྷྣན་བྷྱ་རཀྵ་རཀྵཿ སོགས་བརྗོད་ཅིང་གནས་གསུམ་དུ་རྡོ་རྗེ་བཞག་ཅིང་སྲུང༌། རྡོ་རྗེ་སེམས་དཔའི་སྐུ་དང་སེམས་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་ཅིག ཧཱུཾ་གི་སྣང་གླུ་བཅས་མཉམ་པར་འཇོག ཡིག་བརྒྱ་དང་རྟེན་སྙིང་བརྗོད། དེས་ནི་སྲུང་བ་དང་ཡེ་ཤེས་དབབ་པར་པར་འགྱུར་རོ། གསུམ་པ་ཤིས་པར་བརྗོད་པ་ནི། སྟོན་པ་སངས་རྒྱས་རྣམས་ཀྱིས་བཀྲ་ཤིས་ཤོག །སྐྱོབ་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག །ཅེས་དང་རྒྱས་པར། སྟོན་མཆོག་དམ་པ་སོགས་བརྗོད། བཀའ་དྲིན་གཏང་རག་གི་མཎྜལ་ཕུལ། དམ་ཚིག་བསྒྲག་པ་ནི། སློབ་དཔོན་གྱིས། ཀྱེཿ སྐལ་ལྡན་དེང་ནས་བྱ་རྒྱུད་རྣལ་འབྱོར་ཡིན། སྡོམ་པ་གསུམ་དང་ལྡན་པ་ནང་གི་ཁྲུས། །ཡན་ལག་བདུན་གྱིས་སྒྲིབ་སྦྱོང་གསང་བའི་ཁྲུས། །ཕྱག་རྒྱ་བཅིང་གྲོལ་ལྡན་པ་རྣལ་འབྱོར་ཁྲུས། །ཁྲུས་གསུམ་མི་གཡེལ་རྒྱུན་དུ་བྱ་བ་དང༌། །ཕྱི་གོས་སྡོམ་གསུམ་ནང་གོས་ཆོ་ག་སྒྲུབ། །གསང་གོས་ངོ་ཚ་ཁྲེལ་ཡོད་ལྡན་པར་བྱ། །ཕྱི་ཡི་དཀར་གསུམ་མར་དང་ཞོ་འོ་མ། །ནང་གི་མངར་གསུམ་སྦྲང་རྩི་ཀ་ར་དང༌། གསང་བའི་མེ་ཏོག་སྣ་ཚོགས་བུ་རམ་བཟང༌། ། ཁོ་ན་ཉིད་བཞིའི་སྒོམ་ལ་རྟག་ཏུ་གནས། །ལྷ་དང་རྗེ་ཁོལ་སྒྲུབ་པའི་དམ་ཚིག་སྤྱོད། །རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། ། དབང་ཕྱི་མར་འཇུག་ན་འདི་ནས་བྱ། དབང་གོང་མ་རྣམས་མི་སྐུར་ན། དེང་ནས་བརྩམས་ཏེ་སོགས་བྲན་འབུལ་དང༌། བསོད་ནམས་འདི་ཡིས་སོགས་ཀྱིས་མཐའ་བརྒྱན་པར་བྱའོ། །

༄། གཉིས་པ་ནང་སྒྲུབ་ཀྱི་དབང་ནི།

དགོས་དབང་བྱེད་ན་སྔོན་འགྲོའི་རིམ་པ་བྱ། གོང་གི་དབང་དང་འབྲེལ་ན་མི་དགོས། དང་པོ། མཎྜལ་ཕུལ། གསོལ་འདེབས་ནི། །ཧོཿ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ། །ལྟ་སྤྱོད་མ་ཉམས་ཨུ་པ་ཡི། །སྨིན་གྲོལ་རྒྱ་མཚོ་བླ་མེད་པ། །བདག་སོགས་སྐལ་ལྡན་བུ་ལ་སྩོལ། །ལན་གསུམ། གསུམ་པ་བླ་མ་དབུགས་དབྱུང་བ་ནི། ཧོཿ སེམས་བསྐྱེད་དག་པའི་སྐལ་བཟང་ཁྱོད། །འདིར་ཤོག་རྡོ་རྗེའི་དམ་ཚིག་ལོངས། །ཞེས་གནང་བ་སྦྱིན། བཞི་བ་བཤགས་པ་ནི། ཡན་ལག་བརྒྱད་པའམ་སྤྱི་མཐུན་ཡན་ལག་བདུན་པ་རྗེས་བཟློས་བྱ། ལྔ་བ་སྡོམ་བཟུང་ནི། །ཧོཿ བླ་མ་རྡོ་རྗེ་སེམས་དཔའ་ཀྱེ། །སོ་སོར་ཐར་དང་བྱང་ཆུབ་སེམས། །བདེ་གཤེགས་རིགས་ལྔའི་སྡོམ་པ་རྣམས། །མ་ལུས་བདག་གིས་ཡོངས་སུ་བཟུངས། །ལན་གསུམ། དྲུག་པ་མིག་དར་མེ་ཏོག་སྦྱིན་པ་ནི། མིག་དར་སྦྱིན་ལ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱཧཱཿ ཞེས་མིག་དར་དམར་པོ་གཡོག མེ་ཏོག་ཕྲེང་བ་སྦྱིན་ལ། ཨ་ཁཾ་ཝི་ར་ཧཱུཾཿ ཨ་མྲྀ་ཏས་བགེག་བསྐྲད། བདུན་པ་ཡེ་ཤེས་དབབ་པ་ནི། ནང་བསྒྲུབ་ལྟར་སློབ་མ་སྟོང་སྦྱང་བྱས་ཤིང་འཁོར་རྡོར་སེམས་རིགས་ལྔ་བཅས་གསལ་བཏབ། དེ་དག་གི་གནས་གསུམ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་སྤྱིན་དྲངས་ཤིང་བསྟིམ་པར་མོས། ཧཱུཾཿ ཐོག་མཐའ་བར་མེད་བདེ་བར་གཤེགས། །རྡོ་རྗེ་སེམས་དཔའ་རིགས་ཀུན་བདག །གསང་གསུམ་ཡེ་ཤེས་མི་བཟད་པས། །དེང་འདིར་བྱིན་གྱིས་བརླབས་ཏུ་གསོལ། །མི་འགྱུར་སྐུ་ཡི་དཀྱིལ་འཁོར་གྱིས། །སློབ་མའི་ལུས་ལ་བྱིན་གྱིས་རློབས། །འགག་མེད་གསུང་གི་སྔགས་སྒྲ་ཡིས། །སློབ་མའི་ངག་ལ་ནུས་པ་སྦོར། །སྤྲོས་བྲལ་ཡེ་ཤེས་འགྱུར་མེད་པས། །སློབ་མའི་ཡིད་ལ་ཡེ་ཤེས་འཕོས། ། ཡིག་བརྒྱའི་མཐར། ཨོཾ་བཛྲ་ཨ་བེ་ཤ་ཡ་ཨ་ཨ་ཨཿ རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་སེམས་དཔའ་བརྟན་པར་གྱུར་ཅིག ཏིཥྛ་བཛྲཿ ཞེས་བརྗོད། བརྒྱད་པ་མེ་ཏོག་ཕུལ་ཞིང་མིག་དར་བསལ་བ་ནི། དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང༌། ཨོཾ་པྲ་ཏི་ཙྪ་བཛྲ་ཧོཿ ཨོཾ་ཏི་གྲྀཧྞ་སྟྭཾ་ཨི་མཾ་ས་ཏྭ་མ་ཧ་བ་ལཿ གསེར་ཐུར་ཐོགས་ལ། ཛྙཱ་ན་ཙཀྵུ་ཧཱུཾ་ཨཿ མིག་དར་བསལ། དཀྱིལ་འཁོར་གྱི་ལྷ་ཚོགས་འཇལ་བའི་མོས་པ་མཛོད། ༧དངོས་གཞི་དབང་བསྐུར་བ་ལ། གསོལ་བ་འདེབས་པ། གཙོ་བོ་རྡོར་སེམས་རིགས་ལྔའི་དབང་དང༌། འཁོར་སེམས་དཔའ་བརྒྱད་ཀྱི་དབང༌། ཡེ་ཤེས་བརྟན་ཕྱིར་རྒྱས་འདེབས་པ་གསུམ་ལས། དང་པོ་གསོལ་བ་འདེབས་པ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཞེས་གསོལ་བ་བཏབ། གཉིས་རིགས་པའི་དབང་ལྔ་ལས། དང་པོ༌། མི་བསྐྱོད་པ་ཆུའི་དབང་ནི་སློབ་མ་ལྷ་དེ་ཉིད་གསལ་ལ། ཧོཿ བུམ་པ་རིན་ཆེན་གཞལ་ཡས་ནས། །མི་བསྐྱོད་རྡོ་རྗེ་སེམས་དཔའ་ཡིས། །ཡེ་ཤེས་རྒྱུན་གྱི་དབང་བསྐུར་བས། །གཏི་མུག་སྒྲིབ་པ་དག་པར་ཤོག །ཨོཾ་བཛྲི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུཾཿ གཉིས་པ་རིན་འབྱུང་དབུ་རྒྱན་གྱི་དབང་ནི། ཧོཿ །བདེ་བར་གཤེགས་པ་རིགས་ལྔ་བོ། །དབང་རྟགས་ཡེ་ཤེས་འགྱུར་མེད་པ། །རིན་ཆེན་དབུ་རྒྱན་དབང་བསྐུར་བས། །ང་རྒྱལ་སྒྲིབ་པ་དག་བྱེད་ཤོག །ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་མིཿ གསུམ་པ་སྣང་བ་མཐའ་ཡས་རྡོ་རྗེའི་དབང་ནི། ཧོཿ བདེ་ཆེན་པོའི་ཞིང་ཁམས་ནས། །འཛིན་རྟོགས་སྡུག་བསྔལ་བདེ་བར་སྦྱོར། །སྣང་བ་མཐའ་ཡས་དབང་བསྐུར་བས། །འདོད་ཆགས་སྒྲིབ་པ་དག་བྱེད་ཤོག །ཨོཾ་མ་ཧཱ་བཛྲཨ་བྷི་ཥིཉྩ་ཨཿ བཞི་བ་དོན་ཡོད་གྲུབ་པ་དྲིལ་བའི་དབང་ནི། ཧོཿ བྱ་བྱེད་རྟོག་པ་རྣམ་པར་དག །ཡེ་ཤེས་མ་ལུས་ལྷུན་གྱིས་གྲུབ། །ཤེས་རབ་དྲིལ་བུའི་དབང་བསྐུར་བས། །ཕྲག་དོག་སྒྲིབ་པ་དག་བྱེད་ཤོག །ཨོཾ་བཛྲ་ཨ་དྷི་པ་ཏི་ཨ་བྷི་ཥིཉྩ་སྟྭཾཿ ལྔ་བ་རྣམ་པར་སྣང་མཛད་མིང་གི་དབང་ནི། ཧོཿ ཀུན་ཏུ་ཁྱབ་པའི་སྦྱོར་བ་ཡི། །ཡིད་དང་རྟོག་པ་རྣམ་པར་དག །རྡོ་རྗེ་མིང་གིས་དབང་བསྐུར་བས། །གཏི་མུག་སྒྲིབ་པ་དག་བྱེད་ཤོག །ཨོཾ་བཛྲ་ན་མ་ཨ་བྷི་ཥིཉྩ་ཧཱུཾཿ གཉིས་པ་འཁོར་གྱི་དབང་ནི་ཉེ་སྲས་བརྒྱད་ཀྱི་སྐུ་ཐོགས་ལ། ཧོཿ སེམས་དཔའ་ཆེན་པོ་འགྲོ་བའི་མགོན། །སྲིད་པར་ཀུན་ཏུ་སྤྲུལ་བ་ཡི། །སེམས་དཔའ་བརྒྱད་ཀྱི་དབང་བསྐུར་བས། །འཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཤོག །ཡིག་བརྒྱའི་མཐར། ཨོཾ་ཀྵི་ཧི་རཱ་ཛ་ཡ་སྭཱ་ཧཱཿ མཻ་ཏྲི་དྷ་ར་ཎི་སྭཱ་ཧཱཿ ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱཿ ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱཿ ཧྲཱིཿཧ་ཧཱུཾ་པདྨ་བྷ་ཏ་མ་སྭཱ་ཧཱཿ མུཾ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱཿ ཐི་ལྷིཾ་ས་རཾ་པ་ཡ་སྭཱ་ཧཱཿ ཛྷིཾ་ཀུ་རུ་པཱ་ཎི་ཧྲཱི་སྭཱ་ཧཱཿ ཨ་བྷི་ཥིཉྩ་ཧཱུཾཿ གསུམ་པ་རྒྱས་འདེབས་པ་ནི། ཧོཿ ཕུང་པོ་ལྔ་ནི་ཡེ་ཤེས་ལྔ། །ཚོགས་བརྒྱད་སེམས་དཔའ་ཆེན་པོ་བརྒྱད། །སྤྱན་དྲངས་བཞུགས་གསོལ་རྒྱས་བཏབ་པས། །ཁྱོད་ཀྱི་ཡེ་ཤེས་བརྟན་པར་གྱུར། ཧཱུཾ་གི་སྣང་གླུ་བཅས་མཉམ་པར་འཇོག ཡིག་བརྒྱ་དང་རྟེན་སྙིང་བརྗོད་པས་དབང་དངོས་གཞི་གྲུབ་པོ། ། གསུམ་པ་མཐར་གྱི་བྱ་བ་བཀྲ་ཤིས་བརྗོད་པ། དམ་བསྒྲག་ལུང་བསྟན། བསྔོ་སྨོན་བཅས་གསུམ་ལས། དང་པོ་བཀྲ་ཤིས་ནི། གོང་ལྟར་བྱས་ལ་གཏང་རག་གི་མཎྜལ་ཕུལ། གཉིས་པ་དམ་བསྒྲག་ལུང་བསྟན་ནི། ཧོཿ ལྟ་བ་ཡོ་གའི་རྣལ་འབྱོར་ལ། །སྤྱོད་པ་བྱ་བའི་རྒྱུད་ལྟར་བྱོས། །གཉིས་མེད་སྤྱོད་པའི་རྒྱུད་འདི་ཡིས། །སྤུན་དང་གྲོགས་པོ་ལྟར་དུ་སྒྲུབས། །མངོན་པར་བྱང་ཆུབ་རྣམ་ལྔ་ཡི། །ཏིང་ངེ་འཛིན་གྱི་ཉམས་ལེན་གྱིས། །སྐལ་བཟང་བུ་ཁྱོད་མི་རིང་བར། །རིགས་བཞི་རྡོ་རྗེ་འཛིན་ཐོབ་འགྱུར། །ཞེས་བརྗོད། དབང་གོང་མ་ལ་མི་འཇུག་ན་འདི་ནས་དམ་བཟུང་བྱ། གསུམ་པ་བསྔོ་བ་སྔོན་ལམ་ནི། བསོད་ནམས་འདི་ཡིས་སོགས་དང་ཅི་རིགས་པ་བརྗོད་ཅིང་བསྡུ་རིམ་བྱའོ། །

༄། ། གསུམ་པ་གསང་སྒྲུབ་ཀྱི་དབང་ནི།

སྔོན་དུ་འགྲོ་བ་སོགས་གོང་ལྟར་བྱ། སློབ་མ་གསང་སྒྲུབ་ལྟར་ལྷར་བསྐྱེད་ལ་ཡེ་ཤེས་དབབ། དངོས་གཞི་ལ་བདུན་ལས། དང་པོ་ལ་མཎྜལ་བཅས་གསོལ་བ་འདེབས་པ་ནི། ཀྱེ་ཧོཿ དཔལ་ལྡན་རྡོ་རྗེ་སེམས། །དོན་དམ་མཚན་མ་བྲལ་བ་ལས། །བྱིན་རླབས་ཀུན་རྫོབ་དབྱིངས་ཀྱི་ལྷའི། །དཀྱིལ་འཁོར་ཆེན་པོར་བདག་འཇུག་འཚལ། །ལན་གསུམ། བླ་མས། ཀྱེ་ཧོཿ བུ་ཁྱོད་བསྐལ་བ་བཟང༌། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །འཇུག་པར་འཚལ་ལོ་ཐེ་ཚོམ་སྤོངས། །རྡོ་རྗེ་སེམས་དཔའི་ཞལ་མཐོང་འགྱུར། ། གཉིས་པ་བུམ་པ་ལྷ་ཡི་དབང་ནི། ཧོཿ ཕྱི་ནི་བུམ་པ་ནང་ནི་གཞལ་ཡས་ཁང༌། །གསང་བ་རང་བྱུང་རྡོ་རྗེ་སེམས་དཔའ་ཡི། །དཀྱིལ་འཁོར་མ་ལུས་རྫོགས་པའི་དབང་བསྐུར་རོ། །ལུས་ཀྱི་སྒྲིབ་དག་བསྐྱེད་རིམ་མཐར་ཕྱིན་ཤོག ཀ་ཡ་ཨ་བྷི་ཥིཉྩ་ཨོཾཿ གཉིས་པ་རྡོ་རྗེ་སེམས་དཔའ་རིགས་ལྔའི་དབང་ནི། །ཧོཿ ཕུང་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔ། །བདེ་གཤེགས་རྡོ་རྗེ་རིན་ཆེན་པདྨ་དང༌། །ལས་ཀྱི་རིགས་མཆོག་ཡེ་ཤེས་རྣམ་པ་ལྔ། །རྡོར་སེམས་རིགས་ལྔར་ཤར་བས་དབང་བསྐུར་རོ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨ་བྷི་ཥིཉྩ་ཧཱུཾཿ གསུམ་པ་སེམས་དཔའ་བརྒྱད་ཀྱི་དབང་ནི། །ཧོཿ ཚོགས་བརྒྱད་དག་པ་ཉེ་བའི་སྲས་མཆོག་བརྒྱད། །ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང༌། །སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་སྟེ། །སེམས་དཔའ་ཆེན་པོ་བརྒྱད་ཀྱི་དབང་བསྐུར་རོ། །ཡིག་བརྒྱའི་མཐར། ཨོཾ་ཀྵི་ཧི་རཱ་ཛ་ཡ་སྭཱ་ཧཱཿ མཻ་ཏྲི་དྷ་ར་ཎི་སྭཱ་ཧཱཿ ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱཿ ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱཿ ཧྲཱིཿཧ་ཧཱུཾ་པདྨ་བྷ་ཏ་མ་སྭཱ་ཧཱཿ མུཾ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱཿ ཐི་ལྷིཾ་ས་རཾ་པ་ཡ་སྭཱ་ཧཱཿ ཛྷིཾ་ཀུ་རུ་པཱ་ཎི་ཧྲཱི་སྭཱ་ཧཱཿ ཨ་བྷི་ཥིཉྩ་ཧཱུཾཿ བཞི་བ་གསུང་གི་དབང་ནི། བསྙེན་ཕྲེང་ཐོགས་ལ། ཧོཿ བདེ་བར་གཤེགས་པའི་ཐུགས་ལས་བྱུང༌། །སངས་ཐམས་ཅད་འདུས་པའི་གསུང༌། །ཨ་ལི་ཀ་ལིའི་སྒྲར་ཤར་བ། །གཟུགས་རྟོག་དག་པས་དབང་བསྐུར་རོ། །ཡིག་བརྒྱའི་མཐར། ཝཀྐ་ཨ་བྷི་ཥིཉྩ་ཨཱཿ ལྔ་བ་ཐུགས་ཀྱི་དབང་ནི། རྡོ་རྗེ་ཐོགས་ལ། ཧོཿ ཀུན་མཁྱེན་ཀུན་རིག་དམ་པ་པོ། །ངོ་བོ་ཡེ་ཤེས་རྣམ་ལྔ་སྟེ། །རྣམ་པ་འགྱུར་མེད་རྡོ་རྗེས་མཚན། །ཐུགས་ཀྱི་དབང་བསྐུར་ཡོངས་རྫོགས་ཤོག །ཡིག་བརྒྱའི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾཿ དྲུག་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། ཧོཿ བུ་ཁྱོད་བདེ་གཤེགས་ཀུན་ཀྱི་སྲས། །བརྗིད་པའི་ཁྲི་ལ་མཐོ་བའི་གདུགས། །བཀའ་བརྟགས་ཆོས་ཀྱི་འཁོར་ལོ་ཡིས། །རྒྱལ་ཚབ་དམ་པར་དབང་བསྐུར་རོ། །ཡིག་བརྒྱའི་མཐར། བཛྲ་ཨ་ཙཱརྻ་ཨ་བྷི་ཥིཉྩ་ཧཱུཾཿ བདུན་པ་རྒྱས་འདེབས་གཏོར་བའི་དབང་ནི། གཏོར་མ་ཐོགས་ལ། ཆོས་སྐུ་ཀུན་ཏུ་བཟང་པོ། །ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། གྲུབ་ཆེན་ནམ་མཁའི་སྙིང་པོ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། ཨོ་རྒྱན་ངག་དབང་ཡེ་ཤེས། ཁ་སྐོང་ནི། ཀརྨ་འཕྲིན་ལས་བདུད་འཇོམས། བྱ་བྲལ་ཆོས་ཀྱི་དབང་ཕྱུག །སྐྱེས་མཆོག་ཚེ་དབང་བསྟན་འཛིན། །རིག་འཛིན་བསྟན་པའི་དབང་ཕྱུག །ཨོ་རྒྱན་བསྟན་འཛིན་ནོར་བུ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་རྣམས་ཀྱི་བྱིན་གྱིས་རློབས་ཤིག རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་དཔལ་རྡོ་རྗེ་སེམས་དཔའི་གསང་བ་གསུམ་གྱི་ཡེ་ཤེས་འཇུག་པར་གྱུར་ཅིག བརྟན་པར་གྱུར་ཅིག གྲོལ་བར་གྱུར་ཅིག ཧཱུཾ་གི་སྣང་གླུ་བཅས་མཉམ་པར་འཇོག ཡིག་བརྒྱ་དང༌། རྟེན་སྙིང་བརྗོད། །མཇུག་གི་བྱ་བ་གཞན་རྣམས་ནང་སྒྲུབ་དང་མཚུངས། ཁྱད་པར་དམ་བསྒྲག་ལུང་བསྟན་པ་ནི། ཧོཿ མངོན་བྱང་ལྔ་དང་ཆོ་འཕྲུལ་རྣམ་པ་བཞི། །ཐུགས་ཀྱི་དམ་རྒྱ་གསུང་མཆོག་ཆོས་ཀྱི་རྒྱ། །སྐུ་ཡི་ཕྱག་རྒྱ་འཕྲིན་ལས་རྒྱ་བཞིས་བཏབ། །བདེན་གཉིས་དབྱེར་མེད་ཟབ་གསལ་ཏིང་འཛིན་སྒོམ། །རྩ་བ་ཡན་ལག་བཅས་པའི་དམ་ཚིག་སྲུངས། །བདག་དང་ལྷ་ལ་བཟང་ངན་མེད་པར་ལྟོས། །མཐར་ཐུག་འོག་མིན་རྡོ་རྗེ་འཆང་ཆེན་པོར། །རིགས་ལྔ་རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་བརྗོད། དབང་གོང་མར་འཇུག་པའམ་བསྔོ་སྨོན་སོགས་སྐབས་དང་སྦྱར། །

༄། ། ཡང་གསང་གི་དབང་ནི། །

གཞན་རྣམས་གོང་ལྟར་ལ། མིག་དར་གཡོག་ལ། ཡེ་ཤེས་དབབ་པ་ནི། སློབ་མ་ཡང་གསང་གི་རིམ་པ་ལྟར་ལྷར་བསྐྱེད་ལ། ཧཱུཾཿ སྐྱེ་འགག་གནས་བྲལ་ཆོས་ཀྱི་ཞིང་ཁམས་ན། །ཀུན་བཟང་རྡོ་རྗེ་འཆང་དབང་བཅོམ་ལྡན་འདས། །རྡོ་རྗེ་སེམས་དཔའ་སྙེམས་མ་ཡུམ་དང་བཅས། །པདྨ་འབྱུང་གནས་དགྱེས་སྡེ་མཁའ་འགྲོ་ལྔ། །ཡེ་ཤེས་མཚོ་རྒྱལ་བཻ་རོ་ནམ་མཁའི་སྙིང༌། །ཁྲི་སྲོང་ལྡེའུ་བཙན་རྡོ་རྗེ་བདུད་འཇོམས་ཆེ། །མུ་ཁྲི་བཙན་པོ་ཐུགས་གསུང་སྐུ་ཡི་སྲས། །རྒྱལ་བ་རབ་འབྱམས་ཐུགས་རྗེའི་དབང་གིས་གཤེགས། །ལུས་ལ་བྱིན་ཕོབས་ངག་ལ་ནུས་པ་སྦོར། །སེམས་ལ་རྟོགས་པའི་ཡེ་ཤེས་སྦར་དུ་གསོལ། །རྡོ་རྗེ་གསང་བའི་བྱིན་ཆེན་དབབ་དུ་གསོལ། །ཉོན་མོངས་འཁྲུལ་བའི་སྣང་བ་ཐད་ཀར་ཆོད། །གཟུང་འཛིན་འཁྲུལ་བའི་བུད་ཤིང་ཤུལ་མེད་བསྲེགས། །འགྱུར་མེད་རྡོ་རྗེའི་ཏིང་འཛིན་བརྟན་པར་མཛོད། །བཞེངས་ཤིག་བཞེངས་ཤིག་དཔའ་བོ་མཁའ་འགྲོའི་ཚོགས། །མ་གཡེལ་མ་གཡེལ་ད་ལྟ་ཉིད་དུ་གཤེགས། །མཛོད་ཅིག་མཛོད་མཛོད་ཅིག་རྒྱལ་བའི་འཕྲིན་ལས་མཛོད། །སྩོལ་ཅིག་སྩོལ་ཅིག་དངོས་གྲུབ་རྣམ་གཉིས་སྩོལ། །ཡིག་བརྒྱའི་མཐར། ཛྙཱ་ན་ཨ་ཝེ་ཤ་ཡ་ཧྲིཾ་ཧྲིཾ་ཕེཾ་ཕེཾཿ རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་ལ། ཡེ་ཤེས་སེམས་དཔའ་བརྟན་པར་གྱུར་ཅིག ཏིཥྛ་བཛྲཿ ཞེས་བརྗོད། མེ་ཏོག་ཕུལ་ཞིང་མིག་དར་བསལ་བ་ནི། དཀྱིལ་འཁོར་ལ་མེ་ཏོག་ཕུལ་ཞིང༌། ཨོཾ་པྲ་ཏི་ཙྪ་བཛྲ་ཧོཿ ཨོཾ་ཏི་གྲྀཧྞ་སྟྭཾ་ཨི་མཾ་ས་ཏྭ་མ་ཧ་བ་ལཿ གསེར་ཐུར་ཐོགས་ལ། ཛྙཱ་ན་ཙཀྵུ་ཧཱུཾ་ཨཿ མིག་དར་བསལ། ལྷ་ཞལ་བསྟན་པ་ནི། ཀྱེཿ བུ་ཁྱོད་མ་གཡེངས་དལ་ལ་ལྟོས། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ། །སྒྱུ་འཕྲུལ་དྲ་བ་ཆེན་པོ་འཕྲོ། །འདི་ཉིད་ངོ་མཚར་མི་ཆེའམ། །ཞེས་ཕྱག་ཤིང་གི་བརྡས་བསྟན་ཅིང༌། ཀྱེ་བུ་ཁྱོད་ཁ་དོག་ཅི་འདྲ་མཐོང༌། དཀར་པོ་མཐོང་ན་རྡོ་རྗེའི་རིགས་དང་ཞི་བའི་ལས་འགྲུབ། སེར་པོ་རིན་ཆེན་རིགས་དང་རྒྱས ་ལས་འགྲུབ། དམར་པོ་པདྨའི་རིགས་དང་དབང ་ལས་འགྲུབ། ལྗང་ཁུ་མཐོང་ན་ལས་ཀྱི་རིགས་དང་དྲག་པོའི་ལས་འགྲུབ། མཐིང་ག་དང་ནག་པོ་མཐོང་ན་བདེ་གཤེགས་རིགས་དང་མཆོག་གི་ལས་འགྲུབ། ཁྲ་བོ་མཐོང་ན་རིགས་དང་ལས་སྣ་ཚོགས་འགྲུབ་པར་འགྱུར་རོ། །ཞེས་ལུང་བསྟན། དངོས་གཞིའི་དབང་བསྐུར་བ་ལ་ནང་དང་གསང་བའི་དབང་བསྐུར་མེད་ན་ཐུན་མོང་རིགས་པའི་དབང་ལྔ་སྐུར། གོང་གི་འཕྲོས་སུ་མཐུད་ན་མི་དགོས། དངོས་གཞི་བུམ་པ་གསང་བ་ཤེས་རབ་ཀྱི་དབང་དང་ཚིག་གི་དབང་བཞི་ལས། དང་པོ་སྤྲོས་བཅས་བུམ་དབང་ནི། བུམ་པ་ཐོགས་ལ། ཧཱུཾཿ བདེ་གཤེགས་བུམ་པའི་དཀྱིལ་འཁོར་ན། །ལུས་སྒྲིབ་དག་བྱེད་བདུད་རྩིའི་དབང༌། །སྐལ་ལྡན་ཁྱོད་ལ་དབང་བསྐུར་བས། །སྤྲུལ་སྐུའི་ཞིང་དུ་གྲོལ་བར་ཤོག ། ཡིག་བརྒྱ་དང༌། ཨ་བྷི་ཥིཉྩ་ཧཱུཾཿ རྡོར་སེམས་ཡབ་ཡུམ་གྱི་དབང་སྐུར་བ་ནི། ཧཱུཾཿ སྣང་ཆ་མ་འགག་དཔལ་ལྡན་རྡོ་རྗེ་སེམས། །སྟོང་པའི་རང་བཞིན་རྡོ་རྗེ་སྙེམ་མར་བཅས། །སྐལ་ལྡན་བུ་ཡི་ལུས་ལ་དབབ་པ་ཡིས། །ཡིད་ཆོས་དག་པའི་དབང་ཐོབ་ཤོག །ཡིག་བརྒྱ་དང༌། ཨ་བྷི་ཥིཉྩ་ཧཱུཾཿ རྡོར་སེམས་རིགས་ལྔའི་དབང་ནི། ཧཱུཾཿ ཕུང་ལྔ་གནས་དག་རིགས་ཀྱི་ཡུམ་མཆོག་མ། །འབྱུང་ལྔ་དག་པའི་ཡུམ་ཆེན་ལྔ་དང་སྦྱོར། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་བས། །སྣང་སྲིད་ཡེ་ཤེས་ལྔ་རུ་འཆར་བར་ཤོག །རིགས་ལྔའི་ཡིག་བརྒྱའི་མཐར། ཨ་བྷི་ཥིཉྩ་ཧཱུཾཿ ས་སྙིང་ཡབ་ཡུམ་དབང༌། གངས་རིའི་མདོག་ཅན་མྱུ་གུ་དྲིལ་བུ་འཛིན། །མིག་གི་རྣམ་ཤེས་གནས་དག་ས་ཡི་སྙིང༌། །གཟུགས་ཁམས་གནས་དག་སྒེག་མོ་དཀར་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། །ཡིག་བརྒྱའམ་སྙིང་པོའི་མཐར། ཨོཾ་ཀྵི་ཧི་རཱ་ཛ་ཡ་སྭཱ་ཧཱཿ ཧཱུཾ་ལཱ་སྱ་ས་མ་ཡ་སྟྭཾ། ཨ་བྷི་ཥིཉྩ་ཧཱུཾཿ བྱམས་པ་ཡབ་ཡུམ་དབང༌། སྤྲིན་དཀར་མདོག་འདྲ་ཀླུ་ཤིང་དྲིལ་བུ་འཛིན། །རྣ་བའི་རྣམ་ཤེས་གནས་དག་བྱམས་པ་མགོན། །དྲི་ཤེས་གནས་དག་བདུག་པ་སེར་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། མཻ་ཏྲི་དྷ་ར་ཎི་སྭཱ་ཧཱཿ ཛ་དྷཱུ་པེ་པྲ་ཝེ་ཤ་ཡ་སྟྭཾཿ ཨ་བྷི་ཥིཉྩ་ཧཱུཾཿ ཀུན་བཟང་ཡབ་ཡུམ་དབང་ནི། སྦུར་ལེན་མདོག་འདྲ་སྙེ་མ་དྲིལ་བུ་འཛིན། །སྣ་ཡི་རྣམ་ཤེས་མ་སྤང་ཀུན་ཏུ་བཟང༌། །མ་འོངས་གནས་དག་མར་མེ་དམར་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ཡིག་བརྒྱའི་མཐར། ཧཱུཾ་སྭ་རཱ་ཛ་ཡ་སྭཱ་ཧཱཿབཱྂ་དཱི་པཾ་སུ་ཁི་ནི་སྟྭཾཿ ཨ་བྷི་ཥིཉྩ་ཧཱུཾཿ །ནམ་སྙིང་ཡབ་ཡུམ་གྱི་དབང་ནི། །གསེར་ཆེན་མདོག་འདྲ་རལ་གྲི་དྲིལ་བུ་འཛིན། །ལྕེ་ཡི་རྣམ་ཤེས་གནས་དག་ནམ་མཁའི་སྙིང༌། །ཆོས་ཅན་གནས་དག་ཕྲེང་བ་སེར་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། ཏྲཱཾ་ཨ་གརྦྷ་ཡ་སྭཱ་ཧཱཿ ཏྲཱྂ་མཱ་ལེ་ས་མ་ཡ་སྟྭཾཿ ཨ་བྷི་ཥིཉྩ་ཧཱུཾཿ སྤྱན་རས་གཟིགས་ཡབ་ཡུམ་གྱི་དབང་ནི། བྱི་རིའི་མདོག་ཅན་པདྨ་དྲིལ་བུ་འཛིན། །ལུས་ཀྱི་རྣམ་ཤེས་གནས་དག་སྤྱན་རས་གཟིགས། །རོ་བྲོ་དག་པའི་ནིརྟི་ལྗང་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། ཧྲཱིཿཧ་ཧཱུཾ་པདྨ་བྷ་ཏ་མ་སྭཱ་ཧཱཿ ཨཱ་ནཱིརྟི་ར་ག་ཡ་མི་སྟྭཾཿ ཨ་བྷི་ཥིཉྩ་ཧཱུཾཿ འཇམ་དཔལ་ཡབ་ཡུམ་གྱི་དབང་ནི། ལི་ཁྲིའི་མདོག་ཅན་ཨུཏྤལ་དྲིལ་བུ་འཛིན། །ཡིད་ཀྱི་རྣམ་ཤེས་གནས་དག་འཇམ་དཔལ་དབྱངས། །ད་ལྟ་གནས་དག་གནྡྷེ་ལྗང་མོ་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། མུཾ་ཤྲཱི་ཨ་རཾ་གྷ་ཡ་སྭཱ་ཧཱཿ ཧོ་གནྡྷེ་ཙིཏྟ་ཡ་ཧོཿ ཨ་བྷི་ཥིཉྩ་ཧཱུཾཿ སྒྲིབ་པ་རྣམ་སེལ་དབང་ནི། །ཀུན་དའི་མདོག་ཅན་པུསྟི་དྲིལ་བུ་འཛིན། །ཀུན་གཞིའི་རྣམ་ཤེས་གནས་དག་སྒྲིབ་ཀུན་སེལ། །འདས་པ་གནས་དག་པུཥྤེ་དཀར་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། ཐི་ལྷིཾ་ས་རཾ་པ་ཡ་སྭཱ་ཧཱཿཧཱུཾ་པུཥྤེ་ས་ཝེ་ཤ་སྟྭཾཿ ཨ་བྷི་ཥིཉྩ་ཧཱུཾཿ ཕྱག་རྡོར་ཡབ་ཡུམ་དབང་ནི། །མརྒད་མདོག་ཅན་རྡོ་རྗེ་དྲིལ་བུ་འཛིན། །ཉོན་ཡིད་རྣམ་ཤེས་གནས་དག་ཕྱག་རྡོར་མཚན། །སྒྲ་གྲགས་དག་པ་གཱིརྟི་དམར་མོས་འཁྲིལ། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། ཛྷིཾ་ཀུ་རུ་པཱ་ཎི་ཧྲཱི་སྭཱ་ཧཱཿ ཧྲཱི་གཱིརྟི་རཱ་ག་ཡ་ཧོཿ ཨ་བྷི་ཥིཉྩ་ཧཱུཾཿ གཉིས་པ་སྤྲོས་མེད་གསང་བའི་དབང་ནི། །ཐོད་པ་ཐོགས་ལ། ཨེ་མཿ བདེ་གཤེགས་ཡབ་ཡུམ་མཁའ་ཀློང་ནས། །རང་བྱུང་བདུད་རྩི་དཀར་དམར་རྒྱུན། །ཡེ་ཤེས་འོད་ལྔ་རབ་འཕྲོ་བ། །སློབ་མ་ཁྱོད་ལ་དབང་བསྐུར་རོ། ། ཡིག་བརྒྱའི་མཐར། མཧཱ་སུ་ཁ་ཨ་བྷི་ཥིཉྩ་ཧཱུཾཿ བདུད་རྩི་ལྕེ་ལ་བཞག་པས་རྩ་འཁོར་ཐམས་ཅད་བདུད་རྩིས་ཁྱབ། དེས་བདེ་སྟོང་གི་དགའ་བ་ཁྱད་པར་ཅན་བསྐྱེད་པར་བསམ་ལ་མཉམ་པར་བཞག གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རིག་མའི་སྐུ་གཏད་ལ། །ཨེ་མཿ རྒྱལ་བ་ཀུན་གྱི་ཡུམ་ཆེན་མོ། །སྒྱུ་མ་ཀུན་གྱི་ནང་ན་མཆོག །བདེ་ཆེན་ཆོས་ཀུན་འབྱུང་བའི་སྒོ། །སློབ་མ་ཁྱོད་ལ་དབང་བསྐུར་རོ། ། སྤྱི་བོར་ཧཾ་ཡིག་དཀར་མོ་དང་ལྟེ་བར་ཨ་ཤད་དམར་པོ་གསལ་ལ་དབབ་ལྡོག་བཀྲམ་པས་བདེ་ཆེན་ངོས་འཛིན་པར་བྱ། ། བཞི་བ་ཤིན་ཏུ་སྤྲོས་མེད་ཀ་དག་ཚིག་གི་དབང་ནི། ཤེལ་རྡོ་རྨ་བྱའི་སྒྲོ་བཅས་ཐོགས་ལ། ཧཱུཾཿ སྒྲིབ་བྲལ་དྲི་མེད་ཤེལ་གྱི་རྡོ། །རང་རིག་ཀ་དག་ཟང་ཐལ་ལ། །འོད་ལྔ་འཁྱིལ་བ་རྨ་བྱའི་སྒྲོ། །ལྷུན་གྲུབ་བརྡ་དོན་ཤེས་པར་གྱིས། །ཧཱུཾ་གི་སྣང་གླུ་དང༌། ཨ་ཨ་ཨ། ཕཊ་ཕཊ་ཕཊཿ ཞེས་བླ་སློབ་གཉིས་ཀ་མཉམ་པར་བཞག ཐ་མ་བཀྲ་ཤིས་པའི་དབང་ནི། ། ཧོཿ ཐུབ་པའི་རྣམ་ཐར་མཚོན་རྟགས་བཀྲ་ཤིས་བརྒྱད། །གང་གི་བྱིན་ཀྱིས་བརླབས་པའི་རྫས་མཆོག་བརྒྱད། །འཁོར་བསྒྱུར་བསོད་ནམས་མཐུས་བསྐྱེད་རྒྱལ་སྲིད་བདུན། །སྐལ་ལྡན་བུ་ལ་གཏད་དོ་བཀྲ་ཤིས་ཤོག ། སརྦ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུཾཿ རྗེས་ཀྱི་བྱ་བ་སྤྱི་ལྟར་ལ། ཁྱད་པར་དམ་བསྒྲགས་ལུང་བསྟན་པ་ནི། ༈ དེ་ཁོ་ན་ཉིད་ཀྱི་དབང་ལ། ཁྲེགས་ཆོད་ཀྱི་རིག་པའི་རྩལ་དབང་དང་ཐོད་རྒལ་གྱི་མངོན་སུམ་ཡེ་ཤེས་སྟོན་པ་གཉིས་ལས། དང་པོ། གསེར་གྱི་མཎྜལ་བཅས་གསོལ་འདེབས་ནི། ཀྱེ་བླ་མ་ཀུན་བཟང་རྡོ་རྗེ་འཆང༌། །ཡུལ་སྣང་འཛིན་པ་གཅོད་པའི་ཐབས། །རང་བྱུང་རིག་པའི་རྩལ་གྱི་དབང༌། །བསྐལ་ལྡན་བདག་ལ་བསྩལ་དུ་གསོལ། །ལན་གསུམ། བླ་མས། ཀྱེ་རིགས་ཀྱི་བུ་ཁྱོད་སྣང་བ་ཐམས་ཅད་ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་དང༌། སེམས་ཅན་ཐམས་ཅད་རང་བྱུང་གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོ་སྒོམས་ཤིག རྩ་བ་དང་བརྒྱུད་པའི་བླ་མ་ཐམས་ཅད་རང་གི་སེམས་དང་གཉིས་སུ་མེད་པར་ཐག་ཆོད་ལ་རིག་པའི་གདངས་མོས་གུས་དུང་ངེ་བ་མ་ལྷོད་པར་གྱིས་ཤིག ཞེས་བླ་སློབ་གཉིས་ཀའི་སྟོད་གཡོག་བསལ། བླ་མའི་ཐུགས་ཀར་ཐིག་ལེ་མཐིང་ཀའི་ནང་དུ་ཨ་དཀར་པོ་ཞིག་བཀོད་པའམ་བསྒོམས་ལ། བླ་མས་ཌཱ་རུ་བཅས། ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། །སེམས་ཉིད་འོད་གསལ་རང་ངོ་འཕྲོད་པ་དང༌། །མི་གཡོ་གསུམ་ལྡན་སྣང་བཞི་མཐའ་རུ་ཕྱིན། །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །འོག་མ་རྣམས་ལ་འགྲེ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལོ་ཆེན་བཻ་རོ་ཙ་ན། གྲུབ་ཆེན་ནམ་མཁའི་སྙིང་པོ། པདྨ་བདེ་ཆེན་གླིང་པ། རིག་འཛིན་ཚེ་དབང་ནོར་བུ། ཨོ་རྒྱན་ངག་དབང་ཡེ་ཤེས། ཁ་སྐོང་ནི། ཀརྨ་འཕྲིན་ལས་བདུད་འཇོམས། བྱ་བྲལ་ཆོས་ཀྱི་དབང་ཕྱུག །སྐྱེས་མཆོག་ཚེ་དབང་བསྟན་འཛིན། །རིག་འཛིན་བསྟན་པའི་དབང་ཕྱུག །ཨོ་རྒྱན་བསྟན་འཛིན་ནོར་བུ། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །སེམས་ཉིད་འོད་གསལ་རང་ངོ་འཕྲོད་པ་དང༌། །མི་གཡོ་གསུམ་ལྡན་སྣང་བཞི་མཐའ་རུ་ཕྱིན། །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས། །ཧཱུཾ་ཧཱུཾ་ཧཱུཾཿ ཧཱུཾ་ཧཱུཾ་ཧཱུཾཿ ཧཱུཾ་ཧཱུཾ་ཧཱུཾཿ ཞེས་མཉམ་པར་འཇོག དེ་ནས་ཚིག་གི་ངོ་སྤྲོད་པ་ལ། སྤྲོ་ན་སྙན་བརྒྱུད་ཌཱཀྐིའི་གན་མཛོད། རྡོ་རྗེའི་ཐོལ་གླུ། དབྱངས་སུ་གྱེར། བསྡུ་ན་འོག་གི་དེས་འཐུས་སོ། ། གཉིས་པ་ཐོད་རྒལ་གྱི་མངོན་སུམ་ཡེ་ཤེས་ངོ་སྤྲོད་པ་ལ། མཎྜལ་ཕུལ། ངོ་སྤྲོད་པ་ནི། རྨ་བྱའི་སྒྲོ་ཐོགས་ལ། །ཧོཿ མཚོན་བྱ་རྟགས་ཀྱི་རྨ་བྱའི་ཐིག་ལེ་ཡིས། །སྐལ་ལྡན་སྐྱེས་བུ་ཁྱོད་ལ་ངོ་སྤྲད་པས། །མཚོན་བྱ་ཡེ་ཤེས་དབྱིངས་སྣང་མངོན་སུམ་གསལ། །སྣང་བཞི་མཐའ་རུ་ཕྱིན་པའི་དབང་ཐོབ་ཤོག ཨ་ཨ་ཨ་ཨ་ཨ༔ ཞེས་མཉམ་པར་བཞག་པས་དབང་རྣོན་ལ་བརྡ་བསྟན་པས་གྲོལ་བར་འགྱུར་རོ། རང་ལམ་གྱི་དབང་རྟུལ་ཡིན་ན། མཐེབ་མཛུབ་གྱིས་སྣང་བྱེད་མནན་ཞིང༌། ཀྱེ་རིགས་ཀྱི་བུ། གཞི་ལྷུན་གྲུབ་ཆེན་པོའི་སྦུབས་སུ། །ངོ་བོ་སྟོང་པའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། །ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས། སྤྲོས་པའི་མཐའ་ལས་འདས་པ། རིག་གདངས་སྐུ་དང་ཡེ་ཤེས་འཆར་རུང་གི་བདག་ཉིད་སེམས་ཅན་ཀུན་ལ་ཡེ་ནས་གནས་པ་དེ་ངོ་ཤེས་པར་གྱིས་ཤིག ད་ལྟ་ཙིཏྟ་ཤ་ཡི་སྒྲོན་མེའི་དབུས་ནས་དཀར་འཇམ་རྩ་ཡི་སྒྲོན་མ་བརྒྱུད་དེ། རྒྱངས་ཞགས་ཆུ་ཡི་སྒྲོན་མ་ལ་ཕྱི་ལས་ནང་གསལ་གྱི་ཚུལ་དུ་གསལ་བ༌། དབྱིངས་རྣམ་པར་དག་པའི་སྒྲོན་མ་མཐིང་ག་ཁྱབ་པ་ཆེན་པོར། ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མོའི་ཆུ་ལ་རྡོ་བོར་བའི་རྣམ་པར་ཡེ་ཤེས་རྣམ་ལྔའི་རང་བཞིན་འཇའ་ཟེར་དང་བཅས་པར་སྣང་བའི་ངོས་སུ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་སྐུད་པ་ལ་མདུད་པ་བོར་བ་ལྟ་བུ། རླུང་གིས་ལྡིང་ཞིང་འཕྱོ་བ་དེ་ཉིད་ངོས་ཟུངས་ལ་ཨར་ལ་གཏོད་ཅིག དེས་ཡེ་ཤེས་ཀྱི་འཆར་ཆ་གོང་དུ་འཕེལ་བར་འགྱུར་རོ། བཞུགས་སྟངས་དང་གཟིགས་སྟངས་བཅས་དབྱིངས་སྣང་ལ་བལྟར་བཅུག་ཅིང༌། ཧཱུཾ་ཧཱུཾ་ཧཱུཾཿ ཧཱུཾ་ཧཱུཾ་ཧཱུཾཿ ཧཱུཾ་ཧཱུཾ་ཧཱུཾཿ ཞེས་མཉམ་པར་འཇོག ། མཐར། མཎྜལ་ཕུལ། ཚོགས་རྒྱས་བསྡུས་གང་རུང་དང༌། སྡེ་གསུམ་སྲུང་མ་གསོལ་བཅས་བྱས་ཤིང་ཀུན་བཟང་སྨོན་ལམ་བཏོན་ནས་གྲོལ། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའ་རིམ་པ་ལྔ་ཡི་སྨིན་བྱེད་ཀྱི་རིམ་པ་ཀུན་ཏུ་བཟང་པོའི་ཆུ་རྒྱུན་བྱ་བ་འདི་གྲུབ་པའི་དབང་ཕྱུག་ནག་པོ་པ་ཆེན་པོའི་བསམ་བཞིན་གདུལ་བྱའི་དཔལ་དུ་བྱོན་པ་དཔལ་ཀཿཐོག་རིག་འཛིན་ཆེན་པོ་རྡོ་རྗེ་ཚེ་དབང་ནོར་བུའི་དགོངས་གཏེར་ས་གཏེར་བཀའ་ཡི་བརྒྱུད་པ་གཅིག་ཏུ་དྲིལ་བ་དཔལ་རིག་པ་འཛིན་པ་གང་གི་བཀའ་རྒྱ་བཀྲོལ་ནས་གཏད་རྒྱ་ཐོབ་པ་བཞིན་དམ་པ་གི་ལ་སྐུ་ཚེ་དེ་ཉིད་དུ་ཞབས་ཏོག་སྒྲུབ་པའི་བསོད་ནམས་ཐོབ་པ་མཆོད་དཔོན་བསྟན་འཛིན་རྡོ་རྗེར་༼སྟག་བླ༽འབོད་པས་རྗེ་བླ་མའི་བཀའ་བཞིན་ལྕགས་རྟ་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཉེར་ལྔ་ལ་བཀོད་པ་དགེ་བར་གྱུར་ཅིག །


previousདཔལ་རྡོ་རྗེ་སེམས་དཔའ་རིམ་པ་ལྔའི་ཟབ་མོ་དབང་གི་རིམ་པ་ཀུན་ཏུ་བཟང་པོའི་ཁྲུས་ཆུ། next