Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
ཡང་ཟབ་ཨུ་པ་དེ་ཤའི་སྐོར་ལས་དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་གཏུམ་ཆེན་རྡོ་རྗེ་ཕུར་བ་གཅིག་ཏུ་དྲིལ་བའི་མན་ངག་གི་ཆོ་ག་བདུད་འདུལ་དངོས་གྲུབ་འཁོར་ལོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡང་ཟབ་ཨུ་པ་དེ་ཤའི་སྐོར་ལས་དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་གཏུམ་ཆེན་རྡོ་རྗེ་ཕུར་བ་གཅིག་ཏུ་དྲིལ་བའི་མན་ངག་གི་ཆོ་ག་བདུད་འདུལ་དངོས་གྲུབ་འཁོར་ལོ། next

ཡང་ཟབ་ཨུ་པ་དེ་ཤའི་སྐོར་ལས་དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་གཏུམ་ཆེན་རྡོ་རྗེ་ཕུར་བ་གཅིག་ཏུ་དྲིལ་བའི་མན་ངག་གི་ཆོ་ག་བདུད་འདུལ་དངོས་གྲུབ་འཁོར་ལོ།

༄༅། །ཡང་ཟབ་ཨུ་པ་དེ་ཤའི་སྐོར་ལསཿ དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་གཏུམ་ཆེན་རྡོ་རྗེ་ཕུར་བ་གཅིག་ཏུ་དྲིལ་བའི་མན་ངག་གི་ཆོ་ག་བདུད་འདུལ་དངོས་གྲུབ་འཁོར་ལོ་བཞུགསཿ

ན་མོ་མ་ཧཱ་ཤྲཱི་ཧེ་རུ་ཀཿ རྒྱལ་བ་ཀུན་དངོས་མཚོ་སྐྱེས་རྗེསཿ རྒྱུད་ལུང་མན་ངག་ཀུན་གྱི་བཅུདཿ བྱིན་རླབས་དངོས་གྲུབ་ཀུན་གྱི་གཞིཿ བར་ཆད་སེལ་བའི་གདམས་པ་བསྟནཿ དཔལ་ཆེན་ཞི་དང་ཁྲོ་བོའི་སྐུཿ རིགས་བརྒྱ་བདུན་བརྒྱ་ཉེར་ལྔ་དང་ཿ སྟོང་དང་གྲངས་མེད་སྣ་ཚོགས་པཿ མི་བཟད་རྒྱན་གྱི་འཁོར་ལོར་རོལཿ ཕྱག་གཉིས་ཕྱག་བཞི་ཕྱག་དྲུག་དང་ཿ ཞེ་གཉིས་བརྒྱ་དང་འབུམ་ཕྲག་སོགསཿ ཞལ་ཕྱག་རྣམ་པ་དཔག་མེད་ཀྱང་ཿ ཀུན་ཀྱང་ཡེ་ཤེས་ཀློང་དུ་གཅིགཿ མི་རྟག་འཁོར་བས་ཡིད་དབྱུང་ནསཿ ལས་འབྲས་བསླུ་མེད་ངེས་ཤེས་སྐྱེསཿ དལ་འབྱོར་དོན་ལྡན་བྱང་ཆུབ་ཏུཿ གཞོལ་ཕྱིར་སྙིང་པོའི་བསྒོམ་བཟླས་བྱཿ རྩ་བ་བླ་མའི་དམ་ཚིག་ལཿ མངོན་བྱང་ལྔ་དང་ཏིང་འཛིན་གསུམཿ ཐོལ་སྐྱེས་རིག་པའི་རོལ་བ་ལསཿ གཟེར་བཞིས་དམ་ཡེ་དབྱེར་མེད་སྦྱོརཿ བསྙེན་ཅིང་སྒྲུབ་པའི་རིམ་པ་དང་ཿ ལས་སྦྱོར་སྤྲོས་བཅས་སྤྲོས་མེད་ཀྱིཿ རྫོགས་རིམ་མན་ངག་ལ་བསླབ་ནཿ ཚེ་འདིར་གྲོལ་ལོ་རྡོ་རྗེའི་ལུང་ཿ ཨྠྀི སྔོན་འགྲོ་ཡན་ལག་བརྒྱད་ལྡན་དང་ཿ རྩ་སྔགས་ཧཱུཾ་བཞིའི་སྔགས་ཀྱིས་སྲུངསཿ དངོས་གཞི་ཞི་དྲག་རྣམ་གཉིས་ལསཿ དང་པོ་ཞི་བའི་རྣལ་འབྱོར་ནིཿ

ཨཿ འཁོར་འདས་དམིགས་མེད་མཉམ་པར་བརྡལཿ ཀུན་སྣང་ཡེ་ཤེས་ཆེན་པོ་ལསཿ རྒྱུ་ཡི་ས་བོན་ཧཱུཾ་མཐིང་ནགཿ འོད་འཕྲོས་ཡོངས་གྱུར་རྡོ་རྗེ་སེམསཿ དཀར་གསལ་ཞལ་གཅིག་ཕྱག་གཉིས་པཿ རྡོར་དྲིལ་འཛིན་ཅིང་ཕྱེད་སྐྱིལ་བཞུགསཿ སྙེམ་མ་གྲི་ཐོད་འཛིན་མས་འཁྱུདཿ ཡབ་ཡུམ་གཉིས་མེད་ལོངས་སྐུའི་ཆསཿ ཐུགས་གསང་རྡོ་རྗེ་རྩེ་ལྔའི་ལྟེརཿ ཧཱུཾཿམཐར་ཡི་གེ་བཞི་ཡིས་བསྐོརཿ འོད་འཕྲོས་འཕགས་མཆོད་འགྲོ་སྒྲིབ་སྦྱང་ཿ བླ་མ་རྡོར་སེམས་དཀྱིལ་འཁོར་ཤརཿ ཨོཾ་བཛྲ་ས་ཏྭ་ཧཱུཾཿ མ་ཡེངས་ཏིང་འཛིན་ལྡན་པས་ངང་ཿ བྱེ་བ་བཅུ་བཟླས་ཧཱུཾ་སྒྲུབ་ཀྱིསཿ ཕུང་ཁམས་སྐྱེ་མཆེད་ལྷ་སྐུར་ཤརཿ དེ་ནས་དྲག་པོའི་སྒྲུབ་པ་བྱཿ གཉིས་པ་དྲག་པོའི་སྒྲུབ་པ་ལཿ བདག་བསྐྱེད་ཕུར་བའི་རྣལ་འབྱོར་དང་ཿ མདུན་བསྐྱེད་ཡང་དག་རྣལ་འབྱོར་དང་ཿ ཟུང་འཇུག་གསུམ་ལས་དང་པོ་ནིཿ ཧཱུཾཿ བདག་ཉིད་རྡོར་སེམས་འོད་དུ་ཞུ་བ་ལཿ རྒྱལ་ཀུན་མཐུ་སྟོབས་གཅིག་བསྡུས་དཔལ་ཆེན་པོཿ བདུད་འདུལ་དྲག་པོ་རྡོ་རྗེ་ཕུར་བ་ནིཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པཿ ཞལ་བཞི་བསྐྲད་པས་བདུད་བཞི་གདན་དུ་བྱསཿ སྤྱན་གཟིགས་སྙིང་རྗེའི་བདག་ཉིད་གཡས་ཞལ་དཀརཿ འཇམ་དཔལ་དབང་གི་ལས་མཛད་གཡོན་ཞལ་དམརཿ གསང་བདག་དྲག་པོའི་རང་གཟུགས་དབུས་ཞལ་མཐིངཿ ཕྱག་གཡས་དཔལ་དགུའི་ངོ་བོ་རྩེ་དགུ་དང་ཿ བར་བས་རིགས་ལྔ་རྡོ་རྗེ་རྩེ་ལྔ་ཕྱརཿ གཡོན་གྱིས་མ་རྒྱུད་ཀུན་འདུས་ཁ་ཊྭཱཾ་དང་ཿ བར་མས་ཡེ་ཤེས་ཡོངས་འདུས་མེ་དཔུང་བརྣམསཿ ཐ་གཉིས་མཐུ་སྟོབས་འདུས་པའི་དཔལ་ཕུར་འདྲིལཿ འཁོར་ལོ་རྒྱས་འདེབས་སྔོ་སྐྱ་གྲི་ཐོད་འཛིནཿ གཟིགས་ཤམ་རུས་པའི་རྒྱན་ལྡན་ཡབ་ལ་འཁྲིལཿ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་དང་ཿ རྡོ་རྗེའི་གཤོག་པ་མེ་དཔུང་ཀློང་དུ་སྡེབསཿ སྤྱི་བོར་གཤིན་རྗེ་མགྲིན་པར་རྟ་མཆོག་དཔལཿ ཐུགས་གར་ཡང་དག་རྡོ་རྗེ་ཐོད་ཁྲག་འཛིནཿ དེ་ཡི་ཐུགས་གར་བླ་མ་རྡོ་རྗེ་སེམསཿ རྒྱན་མེད་སྙིང་དབུས་རྡོ་རྗེ་རྩེ་ལྔ་ལངསཿ ལྟེ་བར་ཧཱུཾ་སྔོན་སྤུས་བྲིས་ལྟ་བུའི་མཐརཿ ཡི་གེ་བཅུ་གསུམ་གསེར་མདོག་མེ་འོད་འཕྲོཿ དམ་ཡེ་དབྱེར་མེད་ང་རྒྱལ་བརྟན་པར་བྱཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣན་བཾ་ཧཱུཾ་ཕཊཿ མཐར་མར་ཛ་ཧཱུཾ་ཨ་ཡང་སྦྱརཿ བསྙེན་གྲངས་བྱེ་བ་བཅུ་གསུམ་གྱིསཿ རྒྱལ་ཀུན་མཐུ་སྟོབས་བརྟན་པར་འགྱུརཿ དིཔྟ་ཙཀྲ་ཧ་ན་ཧ་ན་ཧཱུཾ་ཕཊཿ ཡུམ་སྔགས་དེ་ཡི་བཅུ་ཆ་བཟླཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྂཿབྂ་ཧོཿ ཀ་ཏཾ་ཀ་ཡེཿ ཛ་ཡེ་བི་ཛ་ཡེཿ ཨ་ཛི་ཏེ་ཨ་པ་ར་ཛ་ཏེཿ མཱ་ར་ས་ན་པྲ་མདྡྷ་ན་ཡེ་ཧཱུྂཿཕཊཿ གཙོ་འཁོར་ཆིག་སྒྲིལ་བསྙེན་པ་འདིཿ རྟགས་དང་སྦྱར་ཏེ་བཟླ་བ་གཅེསཿ སྟོད་ལས་བྱང་ཆུབ་སྒྲུབ་པ་ཡིཿ མན་ངག་སྙིང་པོ་བསྡུས་པའོཿ སྨད་ལས་དགྲ་བགེགས་བསྒྲལ་བ་ལཿ རྟེན་འབྲེལ་མཐུ་དཔུང་བསྐྱེད་པའི་ཕྱིརཿ ཧཱུཾཿ རང་ཉིད་དཔལ་ཆེན་སྐུ་ལུས་ལསཿ ཁྲོ་བཅུ་སྲས་མཆོག་ཀཱི་ལ་ཡཿ ཟ་གསོད་སྤྲུལ་བའི་དཀྱིལ་འཁོར་ཤརཿ ཛཿཡིག་འཕྲོས་པས་སྲུང་མ་བཀུགཿ མགོ་བོར་ཡེ་ཤེས་རྡོ་རྗེ་བཞགཿ དམ་ཚིག་བདུད་རྩི་ལྕེ་ལ་བླུགསཿ སྔོན་གྱི་གཡར་དམ་གནད་ནས་བསྐུལཿ གསོད་ལ་བྲེལ་བའི་གར་སྟབས་བསྒྱུརཿ བདུད་འདུལ་ཁྲོ་རྒྱལ་དབྱིངས་ནས་བཞེངསཿ དཔལ་གྱི་བཀའ་སྡོད་མ་གཡེལ་ཅིགཿ སྲིད་པ་ཕུར་བུ་སྒྲུབ་པ་ལཿ བྱིན་རླབས་མཐུ་སྟོབས་ད་ལྟ་རྩོལཿ རྩ་བའི་སྔགས་ཀྱི་རྒྱལ་པོའི་མཐརཿ མ་མ་རཀྨོཿ ཡཀྨོཿ ཀཱ་ལ་རུ་པཿ གནོད་བྱེད་དགྲ་བགེགས་ཀྱི་སྙིང་རྩ་ལ་ཡཾ་ཡཾཿ སྲོག་རྩ་ལ་ཡཾ་ཡཾཿ སྙིང་ལ་ཁྲིལ་ཁྲིལཿ སྲོག་ལ་ཆུམ་ཆུམཿ ཙིརྟ་སྲོག་ལ་ཏུཾ་ཏུཾཿ སྙིང་ཁྲག་ཤད་ཛཿ ཐིམ་རི་ལི་ལིཿ སྙིགས་ཚེག་ཚེགཿ འུར་འུརཿ ཤིག་ཤིགཿ གུལ་གུལཿ སོད་སོད་ཿ དྷ་ཏི་མ་མ་ཀརྨ་ཤྲཱི་གྷྲཾ་ཀརྨ་ཀ་ར་ཡེཿ་མ་ར་སེ་ན་པྲ་མར་དྷ་ནི་ཧཱུཾ་ཕཊཿ སྐྱེམ་དང་གཏོར་ཚོགས་ཆད་མེད་ལཿ འགུགས་དང་བསྟིམས་པ་ལ་སོགས་བྱཿ ཁྲོ་བོ་བཅུ་ཡི་སྲོག་སྔགས་ལཿ བསད་པ་སྤུ་གྲིའི་དྲག་སྔགས་སྦྱརཿ ལྷ་མི་སྡེ་བརྒྱད་སྲོག་ལ་དབང་ཿ བཟློག་པ་གནམ་ཐོག་གནད་གཟེར་ནིཿ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྂཿཧཱུྂཿཧཱུྂཿབདུད་པྲ་མཱ་ར་ཡ་རྦད་ནནཿ ཁ་ལ་ཛ་མ་ལི་རྦད་ནནཿ ར་ཙ་དུ་ལིང་ཤག་རྦད་ནནཿ ཤིག་ཤིག་དུལ་དུལ་རྦད་ནནཿ ཚལ་བ་ཚལ་བ་རྦད་ནནཿ ཁྲོཾ་ཁྲོཾ་བྷྱོ་རྦད་ནནཿ རྨུགས་རྨུགས་རྦད་ནནཿ ཏི་ར་ཏི་ར་རྦད་ནནཿ ཚལ་ཚལ་རྦད་ནནཿ ཕ་རོལ་མཐུ་དང་བྱད་མ་བཅསཿ བཟློགས་བསྒྱུར་རེངས་ཤིང་འཆིང་བར་འགྱུརཿ གཟུགས་ཅན་མི་དང་གཟུགས་མེད་འདྲེཿ གཅན་གཟན་དུག་སྦྲང་ཁ་ཡང་འཆིངསཿ མེ་ཆུ་ས་གཡོའི་འཇིགས་ལས་སྒྲོལཿ མཐུ་སྟོབས་རྡོ་རྗེའི་ཐོག་དང་མཚུངསཿ

༈ མདུན་བསྐྱེད་ཡང་དག་རྣལ་འབྱོར་ནིཿ མདུན་གྱི་ནམ་མཁར་དུར་ཁྲོད་མེ་དཔུང་ཀློང་ཿ རང་སེམས་བླ་མ་ཞི་བའི་ཡེ་ཤེས་རྩལཿ ཉི་མའི་འོད་ལྟར་ཤར་བའི་ཧེ་རུ་ཀཿ ཞལ་གསུམ་ཕྱག་དྲུག་ཞབས་བཞིས་བདུད་ཚོགས་མནནཿ གཡས་དཀར་གཡོན་དམར་དབུས་མཐིང་དྲག་པོའི་ཞལཿ གཡས་གསུམ་རྡོ་རྗེ་ཁ་ཊྭཱཾ་རྔེའུ་ཆུང་དང་ཿ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམསཿ རྡོ་རྗེ་དབང་ཕྱུག་གྲི་ཐོད་འཛིན་པས་འཁྱུདཿ གར་དགུའི་ཉམས་ལྡན་དཔལ་གྱི་ཆས་བཅུས་བརྒྱནཿ སྐུ་ལ་གདན་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགསཿ སྤྱི་བོའི་གཙུག་ན་ཁྱུང་ཆེན་དཀར་ནག་ལྡིང་ཿ ཁྲོ་བོ་ཁྲོ་མོ་སྲུང་མ་སྤྲིན་ལྟར་འཁྲིགསཿ སྙིང་དབུས་ཉི་ཟླ་ཁ་སྦྱོར་གའུའི་དབུསཿ རྡོ་རྗེ་རྩེ་དགུའི་སྙིང་པོར་ཧཱུཾཿམཐིང་ནགཿ རྭ་བརྒྱད་རུ་ལུ་འབྲུ་བརྒྱད་ཀྱིས་བསྐོར་བའིཿ འོད་ཀྱིས་བདེ་ཆེན་ཡེ་ཤེས་བརྟན་པར་གྱུརཿ ཨོཾ་རུ་ལུ་རུ་ལུ་ཧཱུྂཿབྷྱོ་ཧཱུྂཿ ཅེས་བཟླས་བདེ་ཆེན་ཡེ་ཤེས་ཕེབསཿ བླ་མ་ཡི་དམ་དབྱེར་མེད་པརཿ རང་སེམས་དག་པའི་དབྱིངས་སུ་རྫོགསཿ དངོས་གྲུབ་ཆུ་བོའི་རྒྱུན་བཞིན་འབེབསཿ

༈ གསུམ་པ་བདག་མདུན་ཟུང་འཇུག་ནིཿ རང་གི་དད་དང་མོས་པའི་ཟེརཿ འོད་ལྔ་མདུན་བསྐྱེད་ཐུགས་ཀར་ཕོགསཿ མདུན་གྱི་བླ་མ་ཧེ་རུ་ཀཿ རབ་དགྱེས་དབུ་མའི་ནང་དུ་ཞུགསཿརང་གི་སྙིང་དབུས་བརྟན་པར་གྱུརཿཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ལུ་རུ་ལུ་ཧཱུྂཿབྷྱོ་ཧཱུྂཿཕཊཿ གདན་གསུམ་ཚང་བའི་བསྐྱེད་རིམ་དང་ཿ རྩ་རླུང་ཐིག་ལེའི་རྫོགས་རིམ་སོགསཿ ཡང་དག་ཡེ་ཤེས་གཅིག་པུ་ཆེཿ སྒྱུ་མ་རྣལ་འབྱོར་ཉིད་ལ་སྦྱོརཿ ཐམས་ཅད་དག་པའི་རོལ་བར་འཆརཿ འཛིན་ཞེན་བྲལ་བའི་ཡེ་ཤེས་ཆེཿ བདེ་སྟོང་རྟོགས་པ་ཤུགས་ཀྱིས་འཆརཿ ཀ་དག་ཆེན་པོའི་ས་ལ་སྦྱོརཿ ཐུན་སྐབས་མཆོད་པའི་ཡན་ལག་ནིཿ ཨོཾ་ཡེ་ཤེས་སྒྱུ་མའི་རོལ་བ་ལས་བྱུང་བའིཿ ཕྱི་མཆོད་རི་གླིང་རྒྱལ་སྲིད་རིན་ཆེན་བདུནཿ ནང་མཆོད་དག་པའི་སྨན་རཀ་གཏོར་མ་དང་ཿ གསང་མཆོད་བདག་གཞན་གཉིས་འཛིན་རྣམ་དག་པཿ བདེ་བའི་སྒྱུ་རྩལ་གཟུགས་དང་སིད་ཀྱི་སྒྲཿ ཟུངས་བདུན་དྲོས་པའི་དྲི་དང་བདུད་རྩིའི་རོཿ རིན་ཆེན་པདྨའི་རེག་བྱ་མི་རྟོག་ཆོསཿ གཉིས་མེད་རང་གིས་རང་ལ་སྟོབས་ཚུལ་འབུལཿ ཨོྂ་ཨཱཿཧཱུྂཿ མ་ཧཱ་སརྦ་པཱུ་ཛ་ཨ་མྲྀ་ཏ་རཀྟ་བ་ལིཾཏ་གུ་ཧྱ་མ་ཧཱ་སུ་ཁཱ་ཁ་ཁ་ཁཱ་ཧི་ཁཱ་ཧིཿ གཞན་ཡང་བསྟོད་ཅིང་གསོལ་འདེབས་ནིཿ ཧཱུྂཿ མི་བཟད་ཡེ་ཤེས་སྐུ་གསུང་ཐུགས་ཡོན་གྱིསཿ འཇིགས་པའི་གཟུགས་དང་ཞི་བ་བདེ་བའི་ལམཿ གང་ལ་གང་འདུལ་ཆུ་ཟླའི་རོལ་བ་ངོམཿ དཔལ་ཆེན་བསམ་མི་ཁྱབ་ལ་ཕྱག་འཚལ་བསྟོདཿ བདག་སོགས་འགྲོ་ཀུན་འཁོར་བའི་གྲོང་ཁྱེར་དུཿ གཉིས་སྣང་ཟད་པའི་ཡེ་ཤེས་མཆོག་གྲུབ་ཤོགཿ རྗེས་སུ་བསྡུ་ཞིང་ལྡང་བ་ནིཿ ཧཱུྂཿཧཱུྂཿཧཱུྂཿ ཀུན་ཁྱབ་ཡེ་ཤེས་སྒྱུ་བའི་རོལ་བ་ཀུནཿ མཐའ་བྲལ་དོན་དམ་སྟོང་པའི་དབྱིངས་སུ་ཨཿ རང་བཞིན་ཉིད་ཀྱི་གཤིས་སུ་བཞགཿ ཕཊཿཕཊཿཕཊཿ རིག་རྩལ་འགག་མེད་ཡང་དག་ཧེ་རུ་ཀཿ ལྷུན་གྲུབ་གཞིར་བཞེངས་རྒྱན་གྱི་འཁོར་ལོར་ཤརཿ དགེ་ཚོགས་བསྔོ་ཞིང་ཤིས་བརྗོད་ནིཿ ཧོཿ དུས་གསུམ་བསྐྱེད་རྫོགས་བཟླས་བརྗོད་བྱས་པའི་དགེཿ འགྲོ་ཀུན་ཆོས་དབྱིངས་ཀློང་དུ་གྲོལ་ཕྱིར་བསྔོཿ ཧེ་རུ་ཀཿདཔལ་མཁའ་འགྲོའི་ཚོགས་བཅས་ཀྱིསཿ གཟུངས་འཛིན་སྒྲིབ་པ་དག་པའི་བཀྲ་ཤིས་སྩོལཿ ཀུན་འདར་ཀུན་བཟང་རྣམ་རྒྱལ་སོགསཿ གསང་དང་བརྟུལ་ཞུགས་སྤྱོད་པ་སྤྱདཿ དེ་ལྟར་དངོས་གྲུབ་རྣམ་པ་གཉིསཿ འབད་མེད་ལག་ཏུ་ཐོབ་པའི་ཐབསཿ བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀཿ ནམ་མཁའི་སྙིང་པོའི་ཐུགས་བཅུད་ཡིནཿ སངས་རྒྱས་སྟོང་ལ་དབང་བསྐུར་བའིཿ ནུས་ལྡན་རྡོ་རྗེ་བདེ་ཆེན་གླིང་ཿ གང་གི་ཐུགས་ཀློང་ཡེ་ཤེས་མཚོརཿ བདེ་གཤེགས་བྱིན་རླབས་གཟའ་སྐར་བཀྲཿ གང་གི་ཐུགས་བསྐྱེད་གཏད་རྒྱའི་མཐུསཿ མཚོ་སྐྱེས་རྒྱལ་བ་རྗེ་འབངས་ཀྱིཿ ས་གཏེར་མི་བཟད་དགོངས་པའི་གཏེརཿ མ་ལུས་འབྱེད་ལ་དབང་ཡང་འབྱོརཿ བུ་ཆུ་གཏེར་གྱི་མཚོ་མོ་ནསཿ ཟིལ་གནོན་ཕུར་བུའི་བརྡ་ཡིག་ལཿ མཁའ་འགྲོས་འཕྲུལ་གྱི་ཕྱག་རྒྱ་ཡིསཿ བཀའ་དགོངས་བརྡ་ཡི་གསང་བ་རྡོལཿ ས་མ་ཡཿ ནམ་ཞིག་དུས་ཀྱི་ཐ་མ་ལཿ རི་བོ་ཁྱུང་ཆེན་ལྡིང་པའི་འགྲམཿ ལྷ་ཡི་རིགས་ལ་སྟག་གི་ལོཿ དབང་ངམ་ནོར་བུའི་མཚན་འཆང་བཿ བརྟུལ་ཞུགས་གྲུབ་པ་དཔའ་བོའི་གཟུགསཿ གྲུབ་པའི་རྟག་མཚན་རང་བྱུང་ཅནཿ མཁའ་འགྲོའི་ཁྱུ་དང་བཅས་པ་འབྱུང་ཿ དེ་ལ་ཐུགས་ཀྱི་སྲས་ལྔ་དང་ཿ ཉེ་བའི་བུ་བརྒྱད་དར་ཆེན་བཞིཿ གཟུངས་མ་མཚན་ལྡན་ཉེར་ལྔ་དང་ཿ རྡོ་རྗེ་འཛིན་པ་བརྒྱ་རྩ་བརྒྱདཿ ཆོས་ཀྱིས་འབྲེལ་བ་འབུམ་ཕྲག་དྲུགཿ དངོས་དང་དམ་རྫས་འཁོར་ལོ་ཡིསཿ བརྒྱུད་ནས་འདྲེན་པའི་གདུལ་བྱ་ནིཿ དུང་ཕྱུར་གཅིག་ལྷག་ཐར་བར་འགོདཿ གྲུབ་ཆེན་ལྔ་ཡིས་ལུང་གིས་བསྔགསཿ བླ་ཆེན་ལྔ་ཡིས་བཀའ་ཡིས་བསྐུལཿ མི་ཆེན་ལྔ་ཡི་ཞིག་ཞབས་ལ་བཏུདཿ མཁའ་འགྲོ་ལྔ་ཡིས་གཏེར་སྒོ་ཕྱེཿ དེ་ཚེ་ཆོས་འདི་ཐོན་པ་དང་ཿ གཏེར་སྒྲུབ་རྟེན་ཚད་ལྡན་སྐྱེལ་བ་དང་ཿ ཕྱི་ནང་རྟེན་འབྲེལ་སྒྲིགས་ནུས་ནཿ བརྒྱུད་འཛིན་གྲུབ་ཐོབ་ས་གཞི་གང་ཿ དེ་ལྟར་འགྲིག་པར་མ་གྱུར་ཅིང་ཿ སློབ་བུའི་དམ་ཚིག་ཉམས་པ་ནཿ སྐྱེས་ཆེན་གཅིག་དང་རྣལ་འབྱོར་མཿ འགའ་ཞིག་ཚེ་འདིར་གཏན་ས་ཟིནཿ བརྒྱུད་པ་གསུམ་དང་བདུན་གྱི་ཚེཿ སླར་ཡང་སྔོན་གྱི་སྨོན་ལམ་གྱིསཿ ལས་ལྡན་སྐྱེས་བུས་ཆོས་འདི་སྤེལཿ འགྲོ་དོན་བལ་བོད་ལྷོ་རྒྱུད་དང་ཿ དཀར་ནག་རྒྱ་དང་སེར་པོ་སོགཿ མ་ངེས་ཡུལ་འགར་བསྟན་པ་དརཿ བསྙེན་སྒྲུབ་སུས་བྱས་སྐྱེས་བུ་ལཿ གུ་རུས་བྱིན་རླབས་དངོས་གྲུབ་སྟེརཿ གསང་བ་སྔགས་ཀྱི་བསྟན་པ་དེཿ རྒྱས་འགྱུར་གྲོགས་སུ་ཨེ་མ་ཧོཿ སྙིང་པོའི་སྒྲུབ་ཐབས་འདི་ཉིད་དང་ཿ རྒྱས་པ་འཕྲིན་ལས་རྒྱུད་ཆེན་གསུམཿ ལས་ཀྱི་བྱེ་བྲག་བརྒྱ་རྩ་གཅིགཿ བསྐྱེད་རྫོགས་གནད་ཀྱི་སྒྲོན་མ་བཅསཿ བོད་ཀྱི་འགལ་འཁྲུགས་སེལ་བ་དང་ཿ ལས་ལྡན་བར་ཆད་བཟློག་པ་དང་ཿ ཚེ་གཅིག་གྲུབ་པ་ཐོབ་པའི་གཏེརཿ རྡོ་རྗེའི་བྲག་ལ་ཏིཥྛ་ལྷནཿ སྙིང་གི་སྒྲོམ་དུ་ས་མ་ཡཿ པདྨའི་བརྒྱུད་འཛིན་དཔལ་དུ་ཤོགཿ བུ་ཆུའི་བྲག་ལ་གཏེར་རྒྱཿ སྐལ་ལྡན་རྣམས་ལ་གཏད་རྒྱཿ དམ་ཉམས་ཚོགས་ལ་གསང་རྒྱཿ ཆིག་བརྒྱུད་ཀྱིས་ལ་རྒྱས་པར་མཛོད་དམ་ཛཿ མ་མོ་གཟའ་དང་སྐྱེས་བུ་ཤེལ་གྱི་གིང་ཆེན་གྱིས་སྲུངས་ཤིགཿ ཨ།ཏྲ།ཋཋཿ དྷ།༣།བྦ།ས།ཧ།ཿ དགའ་ལྡན་ལྷ་བརྒྱའི་གཙོ་བོ་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་མཆོག་དང༌། བསམ་མི་ཁྱབ་པའི་གནས་ལ་ཐུགས་རྗེ་འཇུག་པ་ཅུབ་རི་གྲུབ་ཐོབ་རིན་པོ་ཆེ་དང༌། བཀའ་ཡི་མདུན་ན་འདོན་པ་ཆེན་པོ་རྟ་ར་མདོ་བ་ཚེ་དབང་ཕུན་ཚོགས་ཀྱི་ལྕམ་མོ་ཤེལ་དཀར་མཚོ་བཅས་དད་པ་དང་དམ་ཚིག་མཆོག་ཏུ་གཙང་རབ་ཏུ་བརྟན་པའི་སྐལ་ལྡན་མང་པོས་བཀྲ་ཤིས་པའི་དངོས་རྫས་དང་རྟེན་འབྲེལ་བསྒྲིག་པ་དང༌། རྡོ་རྗེ་ཚེ་དབང་ནོར་བུས་ཁྲོ་བོ་ཞེས་པ་ཤིང་གླང་གི་ལོར་ཀོང་ཡུལ་བུ་ཆུ་གཏེར་གྱིས་ལྷ་ཁང་ནས་བཏོན་པའོ། །འདི་ལ་བཀའ་དང་ས་གཏེར་དགོངས་པའི་གཏེར་བཅས་རྫོགས་པའི་མན་ངག་གི་ཐུས་ཀ་ཟབ་མོ་ཡོད་པས་ཅིག་བརྒྱུད་ཀྱིས་ལ་སྤེལ་ཅིག་ས་མ་ཡཿ


previousཡང་ཟབ་ཨུ་པ་དེ་ཤའི་སྐོར་ལས་དཔལ་ཆེན་ཡང་དག་ཧེ་རུ་ཀ་དང་གཏུམ་ཆེན་རྡོ་རྗེ་ཕུར་བ་གཅིག་ཏུ་དྲིལ་བའི་མན་ངག་གི་ཆོ་ག་བདུད་འདུལ་དངོས་གྲུབ་འཁོར་ལོ། next