Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་མན་ངག་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་མན་ངག་ཟབ་མོ། next

འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་མན་ངག་ཟབ་མོ།

༈ འཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་མན་ངག་ཟབ་མོ་བཞུགས། །

ན་མོ་གུ་རུ་བྷྱ། ཐུགས་རྗེའི་ཉི་ཟེར་དྲག་པོ་ཡིས། །བདུད་དང་ཇག་རྐུན་འབྱུང་པོའི་བྱ། །ལོང་བར་བསྒྱུར་མཛད་འཕགས་མ་ཆེ། །འོད་ཟེར་ཅན་མར་ཕྱག་འཚལ་ལོ། ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་ཏུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ། ཨཿ སྟོང་པའི་ངང་ལས་སྐད་ཅིག་གིས། །ཨོཾ་ཡིག་དཀར་པོ་ཡོངས་གྱུར་བས། །རང་ཉིད་བཅོམ་ལྡན་རྣམ་སྣང་མཛད། །བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། །སྐྱིལ་ཀྲུང་དགྱེས་ཉམས་ལྡན་པར་བཞུགས། །སྐུ་ལུས་འོད་ཟེར་སྣ་ཚོགས་འཕྲོ། །ཕྱོགས་བཅུ་རྡོ་རྗེའི་མཆོད་རྟེན་གྱི། །སྲུང་བའི་འཁོར་ལོ་གཅིག་ཏུ་གྱུར། །ཨོཾ་སརྦ་བིད་ཧཱུཾ་ཕཊཿ དེ་ཉིད་གནས་འགྱུར་སྐད་ཅིག་གིས། །གསེར་ཕག་བདུན་འདྲེན་ཤིང་རྟའི་སྟེང༌། །པདྨ་ཉི་ཟླའི་གདན་གྱི་ཁར། །འོད་ཟེར་ཅན་མ་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་རོལ་སྟབས་བཞུགས། །ཕྱག་གཡས་མཆོག་སྦྱིན་གཡོན་པ་ནི། །མྱ་ངན་མེད་པའི་ལྗོན་ཤིང་བསྣམས། །ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་བརྒྱན། །མདུན་དུ་ཁྲོས་མ་རལ་གཅིག་ནག ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །ཕྱོགས་བཞིའི་མཁའ་འགྲོ་སྡེ་བཞི་ནི། །ཞལ་གཅིག་ཕྱག་གཉིས་བཞེངས་སྟབས་ཅན། །ཤར་ཕྱོགས་འགུགས་བྱེད་ལྕགས་ཀྱུ་དཀར། །ལྷོ་ཕྱོགས་འཆིང་བྱེད་ཞགས་པ་སེར། །ནུབ་ཕྱོགས་སྡོམ་བྱེད་ལྕགས་སྒྲོག་དམར། །བྱང་ཕྱོགས་སྨྱོས་བྱེད་དྲིལ་བུ་ལྗང༌། །གཡོན་པ་ཐམས་ཅད་ཧོཾ་ཁུང་ལ། །དར་དང་རིན་ཆེན་རུས་རྒྱན་གསོལ། །གྲུ་མོ་གཡོན་ན་ཁ་ཊྭཱཾ་བསྣམས། །གནས་གསུམ་ཨོཾ་ཨཱཿཧཱུཾ་གསུམ་ལས། །འོད་འཕྲོས་ཡེ་ཤེས་ལྷ་ཚོགས་དྲངས། །ཛ་ཧཱུཾ་བཾ་ཧོ་དབྱེར་མེད་གྱུར། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆགས་སྡིག་སྒྲིབ་སྙིང་ནས་བཤགས། །གསང་གསུམ་ཡོན་ཏན་རྒྱ་མཚོར་བསྟོད། །དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ། །ཐུགས་གསང་ཉི་ཟླའི་གའུ་ནང༌། །མཱཾ་ཡིག་གསེར་མདོག་སྔགས་ཀྱིས་བསྐོར། །འོད་ཟེར་འཕྲོས་པས་དོན་གཉིས་བྱས། །རིག་སྔགས་བདེན་པ་གྲུབ་པར་བསམ། །ཨོཾ་མཱ་རི་ཙྱཻ་མཾ་སྭཱ་ཧཱཿ རྩ་སྔགས་དང༌། །མཁའ་འགྲོ་སྡེ་ལྔའི་སྙིང་པོ། བཾ་ཧ་རི་ནི་ས་ཛ་ཧཱུཾཿ འོད་ཟེར་ཅན་མའི་གཟུང་ནི། ཨོཾ་མཱ་རི་ཙྱཻ་བཏྟཱ་ལི་པཏཱ་ལི་པ་རཱ་ལི་བ་ར་ཧ་མུ་ཥེ་སརྦ་དུཥཊཱནཾ་པྲ་དུཎཊཱནཾ། ཙཀྵུ་མུ་ཁི་བྷནྡྷ་བྷནྡྷ་སྭཱ་ཧཱཿ ཅེས་མི་ཚིག་གིས་བར་མ་ཆད་པར་འབུམ་ཕྲག་དྲུག་སོགས་ཅི་ནུས་བཟླ། ཐུན་མོང་མ་ཡིན་པའི་སྒྲུབ་པ་འདིར་ཐུན་མོང་གི་ལས་མཐའ་ལ་རྣམ་པ་དྲུག་སྟེ། དང་པོ་འགུགས་པ་ནི།མཁའ་འགྲོ་སྡེ་བཞི་གྲངས་མེད་པ་སྤྲོས་པས་དགྲ་བགེགས་མ་ལུས་བཀུགས་པར་བསམ་ལ། རྩ་སྔགས་མཐར་ནྲྀ་ཏྲི་ཤ་ཏྲཱུཾ་ཁུག་ཛཿ ཛ་ཧཱུཾ་བཾ་ཧོཿ ཞེས་ལྕགས་ཀྱུའི་ཕྱག་རྒྱ་བཅས་བདེན་བརྗོད་བྱ། གཉིས་པ་བསྐྲད་པཿ རལ་གཅིག་མའི་ཐུགས་ལས་ཁྲོ་མོ་འབར་བའི་དམག་ཚོགས་དང་སྔགས་དང་ཕྱག་མཚན་མེ་ཆུ་རླུང་གི་ཚོགས་དཔག་མེད་འཕྲོས་པས་དགྲ་ཇག་གི་ཚོགས་སྦུར་མ་རླུང་གིས་དེད་པ་ལྟར་བསྐྲད་པར་བསམ་ལ། རྩ་སྔགས་མཐར། ཀཱ་ར་ཡ་ཀཱ་ར་ཡ་ཨ་མུ་ཀ་ཕཊ་ཛཿ ཞེས་ཕུར་བུ་གདབ་ཅིང་ཐུན་གྱིས་བྲབ། གསུམ་པ་སྲུང་བ་ནི། གཙོ་འཁོར་ཐམས་ཅད་ཀྱི་ལྟེ་བ་ནས་འོད་ཟེར་སེར་པོ་འཕྲོས་འོད་ཟེར་པའི་གུར་ཁང་བྱ་མ་གསར་གྱི་རྒོང་ང་ལྟར་གོ་མཚམས་མེད་པས་ནང་དུ་བདག་དང་སྲུང་བྱ་ཐམས་ཅད་ཚུད་པར་བསམ། ཡང་དཔྲལ་བ་ལས་འོད་དཀར་པོ་འཕྲོས་པས་སེར་པོའི་མཐར་འོད་དཀར་གྱི་གུར་ཁང་དུ་གྱུར། མགྲིན་པ་ནས་འོད་དམར་འཕྲོས་པས་དཀར་པོའི་མཐར་འོད་དམར་གྱི་གུར་ཁང་དུ་གྱུར། གསང་བ་ནས་འོད་ལྗང་འཕྲོས་པས་དམར་པོའི་མཐར་འོད་ལྗང་གི་གུར་ཁང་དུ་གྱུར། ཐུགས་ཀ་ནས་འོད་མཐིང་འཕྲོས་པས་དམར་པོའི་མཐར་འོད་མཐིང་གི་གུར་ཁང་ཆོས་ཀྱི་དབྱིངས་ཀུན་ཁྱབ་པར་གྱུར། དེ་ལྟ་བུའི་གསལ་སྣང་ངང༌། རྩ་སྔགས་དང༌། ཨོཾ་ཨཱ་ལོ་ཏཱ་ལོ་ས་ཙྪ་ལོ་སཱཾ་བྷ་མུ་ཙ་དྷ་རི་བདག་ཅག་མི་ནོར་འཁོར་བཅས་རཀྵ་རཀྵ་མཾ་སྭཱ་ཧཱཿ རྡོ་རྗེ་རྩེ་གཅིག་པའི་རྒྱ་བཅས་བཟླ། བཞི་བ་བཟློག་པ་ནི། བདག་ཉིད་འཕགས་མ་འཁོར་བཅས་ཀྱི་སྐུ་ལས་རང་རྟགས་ཕྱག་མཚན་དང་ས་བོན་དང་འོད་ཟེར་འཕྲོས་པས་དགྲ་བོའི་མཐུ་བྱད་ཐམས་ཅད་རླུང་གིས་སྤྲིན་ཚོགས་གཏོར་བ་ལྟར་རང་གཤེད་དུ་དབབ་པར་བསམ་ལ། རྩ་སྔགས་དང༌། ཨོཾ་མཱ་རི་ཙྱཻ་བཏྟཱ་ལི་པཏཱ་ལི་པ་རཱ་ལི་བ་ར་ཧ་མུ་ཥེ་ཛམྦྷ་ཡཿ སྟམྦྷ་ཡཿ མོ་ཧཱ་ཡ་སརྦ་དུཥཊཱནཾ་པྲ་དུཎཊཱནཾ། བྷྱོ་བྷྱོབཟློག་བཟློགཿ ཞེས་བཟློག་པའི་འཁོར་ལོ་གཡོན་ཏུ་བསྐོར་ལ་ཐལ་མོ་སྡེབ། ལྔ་བ་རྨོངས་པར་བྱེད་པ་ནི། རང་གི་ཐུགས་ལས་ལྷ་མོ་ཁམ་རྐུད་ཐོགས་པ་མང་དུ་སྤྲོས་ཏེ་དགྲ་ཇག་ཆོམ་རྐུན་གཅན་གཟན་སོགས་ཀྱི་ཁ་མིག་ཚེམ། འཁོར་གྱི་ལྷ་མོ་བཞིས་འགུགས་འཆིང་སྡོམ་སྨྱོས་ཀྱིས་ལས་མཛད་ཅིང་བསམ་པ་ཐམས་ཅད་གོ་ལོག་དང༌། སྦྱོར་བ་ཐམས་ཅད་རང་ལ་གནོད་པར་བསམ་ལ། རྩ་སྔགས་མཐར། དགྲ་ཇག་ཆོམ་རྐུན་གྱིས་ལུས་ཆིངས་ཡིད་ཆིངས། མིག་ཚེམས། མགོ་སྐོར། དྲན་པ་ཉམས་པར་གྱིས་ཤིག ཙོ་ར་ཡཿ ན་ཤ་ཡཿ སྟམས་བྷ་ཡཿ མ་ར་ཡ་ནནཿ ཨོཾ་ཀ་ཤད་ཀ་ཤདཿ བྲག་ཐལ་བྲག་ཐལཿ སྙིང་ཆོངས་སྙིང་ཆོངསཿ ཡ་མ་ཙེ་ཙེཿ ཁ་ལ་རཀྵ་རྦདཿ རྩ་ལ་རཀྵ་རྦདཿ ལུས་ལ་རཀྵ་རྦདཿ དགྲ་ཇག་ཆོམ་རྐུན་གྱི་ལུས་ངག་ཡིད་གསུམ་མ་ར་ཡ་རྦདཿ ནན་ཆིངས་ཤིགཿ མགོ་སྐོར་ཅིག ཉི་ཟླ་གོ་ལྡོག་ཅིག ཤར་ནུབ་གོ་ལྡོག་ཐོངས། ལྷོ་བྱང་གོ་ལྡོག་ཐོངས། ཉིན་སྲིབ་གོ་ལྡོག་ཐོངས། འཁྲུལ་དུ་ཆུག སྨྱོ་རུ་ཆུག འབོག་ཏུ་ཆུག དཀོན་མཆོག་གསུམ་དང་ལྷ་མོ་འོད་ཟེར་ཅན་མའི་བཀའ་དང་བདེན་པའི་སྟོབས་ཀྱིས་དགྲ་ཇག་ཆོམ་རྐུན་གདུགས་པ་ཅན་རྣམས་ཀྱི་འགྲོ་བའི་རྐང་པ་ཆིངས་ཤིག རྙབ་པའི་ལག་པ་་ཆིངས་ཤིག བསམ་པའི་རྙིང་ཆིངས་ཤིག བལྟ་བའི་མིག་ཚེམས་ཤིག ལུས་ངག་ཡིད་གསུམ་སྐྱོབས་པར་བྱེད་པའི་་ལྷ་སྲུང་དང་བཅས་པ་ཆིངས་ཤིག ཉི་མ་ཕྱོགས་བཞི་མཚམས་བརྒྱད་ནས་གནོད་པར་བྱེད་པའི་དགྲ་རྐུན་ཉེ་ས་ཚེ་ཟད་སྲོག་ཟད་མིང་ཟད་རུས་ཟད་ཀྱི་གནོད་འཚེའི་བསམ་སྦྱོར་ངན་པ་ཐམས་ཅད་རྩ་བ་གསུམ་དང་ལས་བྱེད་རླུང་ལྷ་ཡབ་ཡུམ་ཀྱི་བདེན་པའི་སྟོབས་ཀྱིས་ཕྱིར་བསྐྲོད་ཅིག མ་ར་ཡ་ཙི་ཊ་ཡ་ཕཊཿ ཅེས་ལྷ་ལྔ་རང་གཤེད་དུ་འབེབ་པའི་ཐུན་ལ་གྲི་རུས་ཀྱིས་ཕུར་བས་གདབ་པར་བྱའོ། །དྲུག་པ་བསད་པ་ནི། ཉ་བོའི་གཟུགས་ལ་འགོམ་ཆོག་ནག་པོའི་འཁོར་ལོས་མནན་ཅིང༌། དུས་གཉན་རང་སྲུང་སོགས་རྟེན་འབྲེལ་གྱི་གནན་ཤེས་ཤིང༌། ལྷ་ཡུལ་སྔགས་སྟེ་གསལ་བ་གསུམ་ལྡན་གྱིས། འགུགས་བསྟིམས་དབྱེ་བ་སོགས་གཞུང་བཞིན་བྱས། ཟད་པ་ཟིལ་གྱིས་གནོན་པའི་ཏིང་འཛིན་གྱིས། རྩ་སྔགས་མཐར༌། མཱ་ར་མཱ་ར་ཡཿ ཤ་ཏྲཱུཾ་ཏྲིག་ནན་རྦདཿ བཏགས་པ་ཅི་ནུས་དང༌། བརྟན་པའི་སྔགས་ཀྱི་ཚབ་གནོད་བྱེད་ཨ་མུ་ཀ་མྱག་ཐུམ་རིལཿ ཏྲིག་ནནཿ སྤུར་ཡ་ནནཿ ཨེ་ཧུར་ཐུམ་ཛཿ ཁཾ་ཤག་རོ་མྱགས་མུགས་ཏི་རྦད་ཡཿ ཅེས་བཟླས་ཤིང་ཉ་བོ་དཀྱིལ་འཁོར་ལྷ་ཚོགས་ཀྱི་ཞལ་དུ་བསྟབས་པར་བྱའོ། །མཐར་མཆོད་བསྟོད་དང་བཀྲ་ཤིས་པའི་མཐའ་བསྡུས་ཤིང་རྫས་དང་འཁོར་ལོ་འབྲི་ཚུལ་གྱི་མན་ངག་ཟུར་དུ་ཡོད་པ་ལས་ཤེས་དགོས་སོ། །ལས་ཐམས་ཅད་ལ་དཀྱིལ་འཁོར་དང་རྫས་དང་འཁོར་ལོ་ཆ་ཚང་བ་དགོས་སོ། དེ་ལྟར་མ་ཡིན་པར་ཆོ་ཀའི་ཡན་ལག་ཉམས་པ་བྱུང་ན་སྔགས་ཀྱི་ནུས་པ་མི་འབྱུང་བས་བསྙེན་པ་བསྐྱར་ལ་དམ་ཚིག་བསྐང་བའི་རིམ་པ་བཅས་འགྲུབ་པ་དང་སླར་དང་ལས་ལ་འཇུག་པར་བྱའོ། །ཞེས་རྩ་བའི་དཀྱིལ་འཁོར་གཅིག་ལ་ལས་ཚོགས་དྲུག་དང་བཅས་པ་མན་ངག་རྗེན་པར་བྱུང་བ་འདི་ཉིད་གངས་རིའི་ལྗོངས་ཀྱི་ས་ཡི་ཚངས་པ་ཆེན་པོ་བསོད་ནམས་སྟོབས་ཀྱི་རྒྱལ་པོ་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་མཆོག་བའི་སྡེས་བཀའ་ལུང་གིས་བསྐུལ་བས་དགོས་པ་གལ་ཆེན་གཞིར་བཟུང་བླ་མའི་མན་ངག་ཟབ་མོ་འགའ་ཞིག་ཀྱང་རྗེན་པར་བཀྲལ་བའི་ཐུན་མིན་གྱི་སྒྲུབ་ཐབས་འདི་ཉིད་དཔལ་ཀཿཐོག་པའི་རིག་འཛིན་ཚེ་དབང་ནོར་བུས་མེ་ཡོས་སྨིན་དྲུག་ཟླ་བའི་སྟོང་ཕྱོགས་རྒྱལ་བ་གཉིས་པར་སྦྱར་བའོ། སརྦ་མངྒ་ལཾ། །


previousའཕགས་མ་འོད་ཟེར་ཅན་མའི་སྒྲུབ་ཐབས་མན་ངག་ཟབ་མོ། next