Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
འཇམ་དཔལ་ཁྲོས་པ་གཤིན་རྗེ་ལྕགས་འདྲ་སྡིག་གི་དགོངས་པ་ཆིག་སྒྲིལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་རྒྱུན་ཁྱེར་བསྟན་དགྲའི་སྙིང་འབྱིན་རྡོ་རྗེའི་ཐོག་མདའ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་ཁྲོས་པ་གཤིན་རྗེ་ལྕགས་འདྲ་སྡིག་གི་དགོངས་པ་ཆིག་སྒྲིལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་རྒྱུན་ཁྱེར་བསྟན་དགྲའི་སྙིང་འབྱིན་རྡོ་རྗེའི་ཐོག་མདའ། next

འཇམ་དཔལ་ཁྲོས་པ་གཤིན་རྗེ་ལྕགས་འདྲ་སྡིག་གི་དགོངས་པ་ཆིག་སྒྲིལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་རྒྱུན་ཁྱེར་བསྟན་དགྲའི་སྙིང་འབྱིན་རྡོ་རྗེའི་ཐོག་མདའ།

༈ འཇམ་དཔལ་ཁྲོས་པ་གཤིན་རྗེ་ལྕགས་འདྲ་སྡིག་གི་དགོངས་པ་ཆིག་སྒྲིལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་རྒྱུན་ཁྱེར་བསྟན་དགྲའི་སྙིང་འབྱིན་རྡོ་རྗེའི་ཐོག་མདའ་བཞུགས། །

ཨྱེེ། སྐྱབས་གནས་ཀུན་འདུས་བླ་མ་འཇམ་དཔལ་དབྱངས། །ཕྱག་རྒྱ་ཟིལ་གནོན་ལྷ་ལ་སྐྱབས་སུ་མཆི། །ལས་ཉོན་དབང་གིས་འཁོར་བར་འཁྱམ་པའི་འགྲོ། །ཐར་བའི་ས་ལ་སྒྲོལ་བར་སེམས་བསྐྱེད་དོ། །ལན་གསུམ། གནས་གསུམ་ཡི་གེས་སྣོད་བཅུད་བྱིན་གྱིས་བརླབས། །དག་པ་རབ་འབྱམས་མཆོད་སྤྲིན་ཨོཾ་ཨཱཿ་ཧཱུཾཿ ཨྱེ་ཨྱེ་ཨྱེཿ སྟོང་པའི་ངང་ལས་ཨེ་ཀློང་ཟླ་གམ་གསུམ། །གཞོམ་མེད་འབྱུང་བཞི་རྡོ་རྗེའི་གུར་ཁང་ནང༌། །ལྕགས་མཁར་བཅུ་གཉིས་བཅུ་དྲུག་རྩིབས་དང་ལྡན། །ཀླུ་གཉན་ས་བདག་རུ་དྲ་གཅལ་དུ་བཀྲམ། །མ་ཧེ་ཉི་ཟླ་པདྨའི་གདན་གྱི་སྟེང༌། །རྒྱུ་ལས་མ་བསྐྱེད་རང་བྱུང་ཧེ་རུ་ཀཿ །ཚེ་བདག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་བསྒྲད། །འཁོར་ལོ་རལ་གྲི་རྡོ་རྗེ་གཡས་ན་འཛིན། །གཡོན་པ་བེ་ཅོན་གཏུན་ཤིང་སྡིག་མཛུབ་མཛད། །ཞབས་བཞིས་འདོར་སྟབས་སྣང་སྲིད་ཟིལ་གྱིས་གནོན། །སྤྱི་གཙུག་མཁའ་ལྡིང་ཕྲག་གོང་འཇིགས་པའི་ཁྱུང༌། །སོག་ཁར་སྟག་མོ་ནུ་ཁར་སེངྒེ་དང༌། །སྟ་ཟུར་དུག་སྦྲུལ་དཔལ་གྱི་ཆས་བཅུ་རྫོགས། །ཡུམ་ཆེན་གསོད་བྱེད་མཐིང་ནག་དྲག་ཏུ་འཁྲོས། །ཙིཏྟ་བྷན་དམར་འཛིན་པ་གཡོན་ནས་འཁྲིལ། །མཐའ་སྐོར་སྤྲུལ་བ་འཆི་སྲོག་ཚེ་བདག་གསུམ། །གཤིན་རྗེ་སྲིན་པོ་ཀླུ་དང་གནོད་སྦྱིན་བཞི། །མོན་པ་བཞི་དང་བདུད་ཀྱི་གཤེད་ཆེན་བཞི། །ཕོ་གཤེད་མོ་གཤེད་ཤ་ཟ་ཀིང་མ་མོ། །སྒོ་བཞིར་རྒྱལ་པོ་མགོན་པོ་བདུད་གནོད་སྦྱིན། །འོབས་སྲུང་བཅུ་དྲུག་ལས་མཁན་སྣ་ཚོགས་རྒྱུ། །ཐམས་ཅད་འཇིགས་གཟུགས་ཁྲོ་བོ་མཚོན་ཆ་ཅན། །གནས་གསུམ་འོད་དང་ཡིག་གེ་འབྲུ་གསུམ་གྱིས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་བྱེར་མེད་བསྟིམས། །ཕྱི་ནང་གསང་བ་བླ་མེད་བསྒྲལ་མཆོད་འབུལ། །གསང་གསུམ་ཡེ་ཤེས་ཡོན་ཏན་དྲན་པས་བསྟོད། །ཐུགས་གར་ཡ་མཱ་རཱ་ཛ་སྨུག་ནག་འབར། །ཕྱག་གཉིས་འཁོར་ལོ་འཛིན་པའི་སྙིང་དབུས་སུ། །ཕྱག་རྡོར་རྡོ་རྗེ་ཙིཏྟ་འཛིན་པ་ལྗང༌། །ཐུགས་ཀློང་རུས་སྦལ་ཁོག་པར་ཉི་ཟླའི་ནང༌། །ཧཱུཾ་མཐིང་མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །འོད་འཕྲོས་རྒྱལ་བའི་མཐུ་སྟོབས་བྱིན་རླབས་བསྡུས། །སྡིག་སྒྲིབ་ཉམས་ཆག་བར་ཆད་མཐའ་དག་བྱང༌། །རང་ལུས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་་གྱུར། །ཨེ་ཀ་ཧེ་དུན་ཡ་མ་སྙིང་ཁྲག་ར་མ་ཙ་ཡཿ ཕྱི་སྐོར་སྐུ་ཡི་བཟླས་པའོ། །རང་གི་ལྗགས་ཀྱི་རྩེ་མོ་ལས། །མེ་ལྕེ་འཕྲོས་པས་བག་ཆགས་བསྲེག །ཨེ་མྱགས་ཡ་རྔུབས་མུག་ཤག་ཀ་དུནཿ །ནང་སྐོར་གསུང་གི་བཟླས་པའོ། །སྔགས་འཕྲེང་ལས་བྱུང་འོད་ཟེར་གྱིས། །ལུས་གང་སྡིག་སྒྲིབ་ཐམས་ཅད་བསྲེག །ཨེ་དུན་ཀ་ཡཾཿ །གསང་སྐོར་ཐུགས་ཀྱི་བཟླས་པའོ། །རང་གི་སྙིང་དབུས་ཨེ་མཐིང་ལ། །སྔགས་ཕྲེང་འཁོར་བས་དོན་གཉིས་བྱས། །བཀའ་ཉན་སྤྲུལ་བའི་དམག་ཚོགས་ཀྱིས། །ཕྱི་ནང་དགྲ་བགེགས་ཚར་བཅད་དོ། །ཨོཾ་ཨྱེ་ཨྱེ་ཨྱེ་ཨ་ཀྲོ་ཏེ་ཀ་ཡ་མཱནྟ་ཀ་ཡ་མ་ཡེཿ ཀཱ་ལ་རཱུ་པ་ཀ་པ་ཡེཿ ཧྲཱིཿཥྚི་ཨ་པ་ཡེཿ ཨ་ཨ་ནེ་ཨ་ནེཿ ཨུ་ཨུ་ནེ་ཨུ་ནེཿ དུ་དུ་ནེ་དུ་ནེཿ ཨ་ཨི་ཨུ་ཨེ་ཨོ་ཨཾཿ ར་རཱིཿ ལ་ལཱི་དུ་རུ་ཡེཿ བྱ་ཙ་ཡེཿ སིཧཾ་ཡེཿ ཧྲཱྀ་ད་ཡེཿ བྷི་ཏ་ཡེཿ ཙིཏྟ་ཡེཿ ཧ་ལ་ཡེཿ མུ་ཀ་ཡེཿ ཨུ་ཨུ་ནེཿ ཨུ་ཨུ་ནེཿ བྱི་ཏྲི་ཏཿ ཨ་ཨ་ན་ནཿ ཡ་མ་རཱ་ཛཿ ཡ་མ་རཀྵཿ ཡ་མ་རཀ་ཨཿ ཡ་མ་རཀྵཿ བེ་ཏ་ལེཿ ཀྲོ་ཏཱི་ཤྭ་རཱིཿ མ་མོ་ཨེ་ཀ་ཙ་ཏིཿ དེ་མ་ཁ་ལ་བཾ་རིལཿ རུ་ལུ་རུ་ལུཿ ཤྲཱི་བཛྲ་ཀྲོ་དྷཿ ཡ་མ་ཀརྨ་རོ་ཥ་ཎཿ ཀྲོ་དྷི་ཙཎྜ་རཀྵ་མོན་ཏ་ཨཱཿཧཱུཾཿ

ཅེས་པ་སྟོང་རེ་བཟླས་པའི་མཐར། །མཆོད་ཅིང་བསྟོད་དེ་གསོལ་བ་གཏབ། །ཧཱུཾ་གིས་སྣོད་བཅུད་དབྱིངས་སུ་བསྡུ། །ཕཊ་ཀྱིས་སྒྱུ་འཕྲུལ་ལྷ་སྐུར་ལྡང༌། །དགེ་བ་བསྔོ་ཞིང་བཀྲ་ཤིས་བརྗོད། །འཇམ་དཔལ་སྐུ་ནི་གྲངས་མེད་ཀྱང༌། །མཐུ་སྟོབས་འདི་ལས་ཆེ་བ་མེད། །གཤིན་རྗེའི་ཆོས་སྒོ་མཐའ་ཡས་ཀྱང༌། །མན་ངག་འདི་ལས་ཟབ་པ་མེད། །པདྨའི་རྗེས་འཇུག་བརྒྱུད་པ་ཡི། །དགྲ་མགོ་བཅོམ་པའི་ཐོ་བ་ཡིན། །ནུས་མཐུ་གཞན་ལ་ངོམ་པས་ཆོག །ད་ལྟ་གངས་རིའི་ལྗོངས་འདི་ན། །ཁ་ཕོ་མཐོ་བའི་སྔགས་པ་མང༌། །ཆོས་འདིའི་མཐུ་དང་ནུས་པ་ལ། །འགྲན་དུ་བཟོད་པ་འགའ་ཡང་མེད། །མ་གཤིན་ཕུར་གསུམ་རྣོ་སོ་ལ། །མི་འཇིགས་རྒྱ་བོད་གཉིས་ན་སུ། །དག་པའི་ས་ཡི་བྱང་སེམས་ལས། །གཞན་དག་འདི་ཡི་ནུས་པས་འཇིག །ལྐོག་ཆོས་ཐུན་མིན་གདམས་པ་འདི། །དམ་ལྡན་སློབ་མས་ནན་བསྐུལ་ངོར། །དབང་ལུང་སྤེལ་ཞིང་སྒྲུབ་ཐབས་བྲིས། །བསྟན་པ་སྲུང་བའི་མཐུ་ཐོབ་ཤོག །ཅེས་གནས་ཀྱི་རྒྱལ་པོ་བྲག་དཀར་རྟ་སོའི་རྡོ་རྗེ་འཛིན་པ་ཀརྨ་ཆོས་འཕེལ་བཟང་བོའི་སྤྲུལ་སྐུ་མཆོག་གིས་བསྟན་དགོན་ལུས་ངག་བཅས་ཕུལ་ཞིང་ནན་བསྐུལ་བྱུང་བ་དང་སྲོག་བདུད་ཚེ་བདག་ཟིལ་གནོན་གྱིས་བསྟན་པ་དང་སློབ་མའི་དགྲར་གྱུར་བའི་དམིགས་བྱའི་བླ་ཚེ་འཕྲལ་དུ་བཅད་པའི་མཚན་མ་བྱུང་བ་བས་རིག་པ་འཛིན་པ་ཚེ་དབང་ནོར་བུ་རྡོ་རྗེ་གཟི་བརྗིད་རྩལ་གྱིས་རྗེ་བཙུན་མི་ལ་རས་པ་མཆོག་གི་དངོས་གྲུབ་བརྙེས་པའི་གནས་བྲག་དཀར་རྟ་སོའི་སྒོམ་ཁང་དུ་ཆུ་སྤྲེལ་ནག་ཟླའི་ཉེར་དགུའི་ཉིན་གུང་རྟ་ཡི་དུས་སུ་བྲིས་པ་དགེ། །


previousའཇམ་དཔལ་ཁྲོས་པ་གཤིན་རྗེ་ལྕགས་འདྲ་སྡིག་གི་དགོངས་པ་ཆིག་སྒྲིལ་ཚེ་བདག་ཕྱག་རྒྱ་ཟིལ་གནོན་གྱི་རྒྱུན་ཁྱེར་བསྟན་དགྲའི་སྙིང་འབྱིན་རྡོ་རྗེའི་ཐོག་མདའ། next