Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
དཔལ་ཁྲོ་བོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཚར་གཅོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཁྲོ་བོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཚར་གཅོད། next

དཔལ་ཁྲོ་བོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཚར་གཅོད།

༈ དཔལ་ཁྲོ་བོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཚར་གཅོད་བཞུགས། །

ན་མོ་མ་ཧཱ་གུ་རུ་ཝེ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་ལན་གསུམ་མཐར། །ཧཱུྂཿ ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །ཡེ་ཤེས་སྒྱུ་མའི་རོལ་བ་ཧཱུྂཿམཐིང་ནག །དམར་ནག་མེ་ཡི་ཚྭ་ཚྭས་ལོག་འདྲེན་བསྲེག །ཡེ་ཤེས་འོད་ལྔས་འཕགས་མཆོད་བྱིན་བརླབས་བསྡུས། །སྐད་ཅིག་གནས་འགྱུར་ཁྲོ་ཆེན་མི་གཡོ་མགོན། །མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཅན། །ཞབས་གཉིས་བདུད་བཞི་བརྩེགས་དབུས་འདོར་སྟབས་བསྒྲད། །ཕྱག་གཡས་རལ་གྲི་གཡོན་པ་ཞགས་བསྣམས། །སྟག་ལྤག་ཤམ་ཐབས་རུས་པའི་རྒྱན་གྱིས་བརྒྱན། །གནས་གསུམ་འོད་ཀྱིས་རྒྱལ་ཀུན་བྱིན་རླབས་བསྡུས། །རང་འོད་འཇའ་གུར་འབྱུང་ལྔ་རྡོ་རྗེའི་གུར། །སྲུང་འཁོར་དབུས་སུ་ཧཱུཾ་ཕཊ་ང་རོ་སྒྲོགས། །སྐུ་སྤྲུལ་སྤྲེའུ་བརྒྱད་བསེ་རག་ཡི་དག་འདུལ། །གསུང་སྤྲུལ་སྟག་བརྒྱད་རྒྱལ་བསེན་ཆམ་ལ་འབེབས། །ཐུགས་སྤྲུལ་ཁྱུང་བརྒྱད་ཀླུ་གཉན་སྲོག་གི་གཤེད། །རིག་སྔགས་འཆང་བ་ཕོ་མོ་སྤྲིན་ལྟར་འཁྲིགས། །སླར་ཡང་འོད་འཕྲོས་ཆོས་དབྱིངས་ཁམས་ནས། །རང་འདྲའི་ཡེ་ཤེས་སྤྱན་དྲངས་ཏིཥྛ་ལྷན། །སྙིང་དབུས་ཉི་མའི་གདན་ལ་ཧཱུྂཿམཐིང་མཐར། །སྔགས་ཕྲེང་འགལ་མེད་ལྟ་བུར་གཡས་སུ་འཁོར། །གཡེངས་དང་རྨུགས་དང་རང་དབང་ཉམས་པ་དང༌། །ཏིང་འཛིན་གཡེལ་བའི་ཉེས་པ་མཐའ་དག་སེལ། །གཟུངས་དང་དྲན་དང་མངོན་ཤེས་རྫུ་འཕྲུལ་དང༌། །ཁྲོ་བོ་ཀུན་ཀྱི་ནུས་པ་ཐོབ་པར་དམིགས། །ཨོཾ་བཛྲ་ཙཎྚ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊཿ

ཅི་ནུས་བཟླས་མཐར་དགེ་བ་བསྔོ། །གཡོ་མེད་ཏིང་འཛིན་འཕེལ་བར་འགྱུར། །ཅེས་པའང་སྤོ་རོང་ས་དབང་ཆེན་མོ་རྡོ་རྗེ་ལྷ་སྐྱབས་གྱིས་ཁོ་བོའི་སྣང་བརྙན་མི་གཡོ་མགོན་དང་རྡོ་རྗེ་ཁྲོ་ལོད་སོགས་གཅིག་འདུས་ཞལ་ཐང་རི་མོར་བགྱིད་ཚེ་ཡི་གེའི་ལམ་ནས་བསྐུལ་བ་ལྟར་རིག་འཛིན་ཚེ་དབང་ནོར་བུས་ཤིང་ཕོ་ཁྱི་ལོའི་དབོ་ཟླའི་དམར་ཕྱོགས་རྒྱལ་བ་གཉིས་པ་ལ་བྲིས་པ་དགེ་བར་གྱུར་ཅིག །


previousདཔལ་ཁྲོ་བོ་ཆེན་པོ་མི་གཡོ་བའི་སྒྲུབ་ཐབས་བདུད་བཞི་ཚར་གཅོད། next