Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
བཅོམ་ལྡན་མི་འཁྲུགས་པའི་སྒོམ་བཟླས་སྒྲིབ་གཉིས་སྦྱོང་བའི་བདུད་རྩིའི་ཁྲུས་རྫིང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་མི་འཁྲུགས་པའི་སྒོམ་བཟླས་སྒྲིབ་གཉིས་སྦྱོང་བའི་བདུད་རྩིའི་ཁྲུས་རྫིང་། next

བཅོམ་ལྡན་མི་འཁྲུགས་པའི་སྒོམ་བཟླས་སྒྲིབ་གཉིས་སྦྱོང་བའི་བདུད་རྩིའི་ཁྲུས་རྫིང་།

༈ བཅོམ་ལྡན་མི་འཁྲུགས་པའི་སྒོམ་བཟླས་སྒྲིབ་གཉིས་སྦྱོང་བའི་བདུད་རྩིའི་ཁྲུས་རྫིང་བཞུགས་སོ། །

ན་མོ་གུ་རུ་ཨ་ཀྵོ་བྷྱ། མཚན་ཙམ་ཐོས་པས་སྡིག་ལྟུང་དག་བྱེད་ཅིང༌། །གཟུངས་སྔགས་ལུས་ལ་བཏགས་པས་ངན་འགྲོ་སྒྲོལ། །བཅོམ་ལྡན་བླ་མ་མི་འཁྲུགས་མགོན་པོ་ཡིས། །བདག་སོགས་འགྲོ་ཀུན་ཐར་བའི་ལམ་དུ་དྲོངས། ། དང་པོ་སྐྱབས་སེམས་ནི། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །སོགས་ལན་གསུམ། ཧཱུྂཿ ཆོས་རྣམས་རང་བཞིན་དམིགས་མེད་སྟོང་པ་ཉིད། །དེ་ཡི་ངང་ལས་རྟེན་འབྱུང་སྒྱུ་མའི་འཕྲུལ། །གཟུངས་དང་དད་མོས་ཐུགས་རྗེ་ཆེན་པོའི་མཐུ། །འགྱུར་མེད་རང་བྱུང་ཧཱུྂཿམཐིང་རྣམ་པར་གསལ། །དེ་ལས་འོད་འཕྲོས་རྒྱལ་བའི་ཞིང་ཀུན་ཁྱབ། །འཕགས་རྣམས་མཆོག་ཅིང་དེ་དག་བྱིན་རླབས་སྟོབས། །སྐུ་ཡིག་ཕྱག་མཚན་རྣམ་པར་ཧཱུྂཿལ་ཐིམ། །འོད་ཟེར་སླར་འཕྲོས་ཁམས་གསུམ་སྣོད་བཅུད་ཁྱབ། །འགྲོ་བའི་ཉེས་ལྟུང་སྡིག་སྒྲིབ་མ་ལུས་སྦྱང༌། །དག་པ་རབ་འབྱམས་མངོན་པར་དགའ་བའི་ཞིང༌། །རྒྱན་དང་བཀོད་པ་བསམ་ལས་འདས་པར་གྱུར། །འོད་ཟེར་ཚུར་འདུས་ཧཱུྂཿཡིག་གནས་འགྱུར་བ། །རབ་བརྗིད་གླང་པོ་པདྨ་ཟླ་བའི་ཁར། །བཅོམ་ལྡན་མི་འཁྲུགས་མགོན་པོ་ནམ་མཁའི་མདངས། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་རྡོར་སྐྱིལ་བཞུགས། །ཕྱག་གཡས་ས་གནོན་ཕྱག་ཕྱག་རྒྱས་འགྲོ་བ་འདུལ། །གཡོན་པ་མཉམ་བཞག་རྡོ་རྗེ་རྩེ་ལྔ་བ། །ཡེ་ཤེས་ལྔ་ཡི་ངོ་བོར་ལངས་ཐབས་འཛིན། །སྐུ་ལ་ལོངས་སྤྱོད་རྫོགས་པའི་ཆས་ཀུན་ལྡན། །རང་དང་མདུན་བསྐྱེད་སྐུ་ཡི་གནས་གསུམ་ལས། །འོད་འཕྲོས་ཆོས་དབྱིངས་ཞིང་ནས་ཡེ་ཤེས་པ། །སྤྱན་དྲངས་འཛིན་པའི་རྣམ་རྟོག་མ་ལུས་སྤྱང༌། །མདུན་བསྐྱེད་རྟེན་དང་དབྱེར་མེད་རོ་གཅིག་གྱུར། །རང་ཉིད་ལྷ་བུ་དར་དཀར་ནབ་བཟའ་ཅན། །ཐལ་སྦྱར་ཕྱག་རྟེན་པད་དཀར་འཛིན་པ་ཡི། །སྙིང་དབུས་ཧཱུྂཿལས་དད་དམ་མོས་པའི་ཟེར། །འོད་ལྔ་འཕྲོས་ཏེ་མདུན་བསྐྱེད་ཐུགས་རྒྱུད་བསྐུལ། ། དད་མོས་མཆི་མ་འཁྲུགས་པས་འབོད་པ་ནི། ཀྱེ་ཀྱེ་བླ་མ་མི་འཁྲུགས་མགོན། །འཁོར་བ་དུག་སྦྲུལ་ཚང་གི་ནང༌། །དུག་ལྔས་བླང་དོར་དབང་པོ་སྒྲིབ། །སྐྱེ་རྒ་ན་འཆིའི་ནད་གྱིས་མནར། །སྡིག་ལྟུང་ཁུར་གྱིས་བདག་ནོན་ནོ། །མི་རྟག་འཆི་བས་མདུན་ནས་བསུས། །དེ་རིང་མི་འཆིའི་གདེངས་མེད་ན། །སྔར་བྱས་རང་གི་ཉེས་པ་དེས། །དམྱལ་བའི་བུད་ཤིང་བྱེད་ཉེ་འོ། །ཁྱོད་ཀྱིས་མཚན་ཙམ་ཐོས་པའམ། །གཟུངས་སྔགས་ལས་ལ་བཏགས་པ་ཡིས། །ངན་སོང་གནས་ལས་སྐྱོབས་པ་ཡི། །ཞལ་བཞེས་དྲན་ཞིང་སྐྱབས་སུ་མཆི། །སྔར་བྱས་སྡིག་པ་ཁྱོད་ལ་བཤགས། །ཕྱིན་ཆད་མི་བགྱིད་དམ་བཅའ་འོ། །ཚད་མེད་སྙིང་རྗེ་བདག་ཉིད་ཅན། །ད་ལྟ་ཉིད་དུ་བྱིན་གྱིས་རློབས། །ཅི་ནུས་བརྗོད། །གསོལ་བ་བཏབ་པས་མགོན་པ་དགྱེས་པའི་གསུང༌། །བུ་ཁྱོད་གྲོལ་བ་ཐོབ་ཅེས་ཞལ་བཞེས་གནང༌། །མདུན་བསྐྱེད་གནས་བཞིར་གཟུངས་སྔགས་འཁོར་བའི་སྒྲས། །ཁམས་གསུམ་འཁོར་བ་རྨོངས་པའི་གཉིད་ལས་སད། ། དང་པོ་སྐུ་ཡི་བཟླས་པ་ནི། མདུན་བསྐྱེད་སྤྱི་བོར་འཁོར་ལོ་ཨོཾ་ཀྱིས་མཚན། །དེ་མཐར་གཟུངས་དཀར་པོ་འཁོར་བ་ཡིས། །འོད་ཟེར་དཀར་པོ་བདག་གི་དཔྲལ་བར་ཐིམ། །བདག་སོགས་འགྲོ་ཀུན་ཚེ་རབ་ཐོགས་མེད་ན། །བསག་པའི་ལས་དང་ཁྱད་ལུས་ཀྱི་ལས། །སྲོག་གཅོད་མ་བྱིན་ལེན་དང་མི་ཚང་སྤྱོད། །སོ་ཐར་ཚུལ་ཁྲིམས་ཉམས་པ་མཐའ་དག་སྦྱང༌། །གཟུངས་རིང་ཅི་ནུས་བཟླ། །གཉིས་པ་གསུང་གི་བཟླས་པ་ནི། །མདུན་བསྐྱེན་མགྲིན་པར་པདྨར་ཨཱཿཡིས་མཚན། །དེ་མཐར་གཟུངས་སྔགས་དམར་པོ་འཁོར་བ་ཡིས། །འོད་ཟེར་དམར་པོ་བདག་གི་ལྕེ་ལ་ཞུགས། །བདག་སོགས་འགྲོ་ཀུན་ཚེ་རབས་ཐོགས་མེད་ན། །བསག་པའི་ལས་དང་ཁྱད་པར་ངག་གི་ལས། །རྫུན་དང་ཕྲ་མ་ཚིག་རྩུབས་ངག་འཆལ་དང༌། །བྱང་སེམས་བསླབས་པ་ཉམས་པ་མཐའ་དག་སྦྱང༌། །གཟུངས་རིངས་ནུས་ཚད་བཟླ། །གསུམ་པ་ཐུགས་ཀྱི་བཟླས་པ་ནི། །མདུན་བསྐྱེད་ཐུགས་ཀར་རྡོ་རྗེ་ཧཱུྂཿགིས་མཚན། །དེ་མཐར་གཟུངས་སྔགས་སྔོན་པོ་འཁོར་བ་ཡིས། །འོད་ཟེར་སྔོན་པོ་བདག་གི་སྙིང་གར་ཐིམ། །བདག་སོགས་འགྲོ་ཀུན་ཚེ་རབ་ཐོགས་མེད་ན། །བསག་པའི་ལས་དང་ཁྱད་པར་ཡིད་ཀྱི་ལས། །གནབ་སེམས་གནོན་སེམས་ལོག་པར་ལྟ་བ་དང༌། །གསང་སྔགས་དམ་ཚིག་ཉམས་པ་མཐའ་དག་སྦྱང༌། །གཟུངས་རིངས་སྔར་བཞིན་བརྗོད། །བཞི་བ་གཉིས་སུ་མེད་པའི་བཟླས་པ་ནི། །དེ་ལྟར་བཟླས་པས་མགོན་པོའི་གནས་གསུམ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་འཕྲོས། །བདག་གི་སྒོ་གསུམ་སྒྲིབ་དང་བག་ཆགས་སྦྱང༌། །བདག་ཉིད་མི་འཁྲུགས་མགོན་པའི་སྐུ་རུ་གྱུར། །སྙིང་དབུས་ཟླ་བའི་གདན་ལ་རྡོ་རྗེའི་ལྟེར། །ཧཱུྂཿམཐིང་མཐའ་མར་གཟུངས་སྔགས་གཡས་སུ་འཁོར། །འོད་ཕྲོས་འཕགས་མཆོད་འགྲོ་བའི་ལས་ཉོན་སྦྱང༌། །ཀུན་ཀྱང་མི་འཁྲུགས་མགོན་པོ་ཉིད་དུ་གྱུར། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཀཾ་ཀ་ནི་ཀཾ་ཀ་ནི། རོ་ཙ་ནི་རོ་ཙ་ནི། ཏྲོ་ཊ་ནི་ཏྲོ་ཊ་ནི། ཏྲཱ་ས་ནི་ཏྲཱ་ས་ནི། པྲ་ཏི་ཧ་ན་པྲ་ཏི་ཧ་ན། སརྦ་ཀརྨ་པ་རཾ་པ་རཱ་ཎི་སརྦ་ས་ཏྭ་ནཱཉྩ་སྭཱ་ཧཱ། ཅེས་དམིགས་པ་རྩེ་གཅིག་ཏུ་འབུམ་ལ་སོགས་པ་བཟླས་པས་མཚམས་མེད་པའི་ལས་བྱང་བ་རྒྱུད་དང་འཕགས་བོད་ཀྱི་མཁས་གྲུབ་དུ་མས་མཛད་པ་བཞིན་ཉམས་སུ་ལེན་པར་འཚལ། ཐུན་མཐར། དམིགས་བསལ་སྔོ་དགོས་ཡོད་ཚེ། འདི་ཞེས་བྱ་བའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཅི་ནུས་བརྗོད་པའི་མཐར། །ཚེ་འདས་ངན་སོང་སྡིག་བསྔལ་མི་མྱོང་ཞིང༌། །དཀའ་བ་སྤྱད་པ་མེད་པ་ཡང༌། །ལྷ་ཡི་ལྷག་པའི་ལུས་ཐོབ་ནས། །དེ་ཡང་སངས་རྒྱས་ཉིད་འགྲུབ་ཤོག །

ཅེས་ཏིཥྛ་བཛྲ་གྱིས་རང་དང་རོ་གཅིག་ཏུ་བྱ། བཛྲ་མུས་ལྷ་གཤེགས་གསོལ་མཐར་བསྔོ་སྨོན་བྱ། །ཞེས་པའང་མཚུར་ཕུ་ཀཽ་ཤྲིར་ཆེན་པོས་རིང་མོའི་དུས་ནས་བསྐུལ་ངོར་རིག་པ་འཛིན་པ་ཚེ་དབང་ནོར་བུས་ཁ་འབབ་ཆུ་བཞི་འབྱུང་བའི་གནས་གངས་ཏི་སེའི་ངོགས་སུ་ལྕགས་ཁྱི་སྣྲོན་ཟླའི་དཀར་ཕྱོགས་ཚེས་བཅུར་དགེ་བར་བྲིས། །


previousབཅོམ་ལྡན་མི་འཁྲུགས་པའི་སྒོམ་བཟླས་སྒྲིབ་གཉིས་སྦྱོང་བའི་བདུད་རྩིའི་ཁྲུས་རྫིང་། next