Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྡོ་རྗེའི་གུར་ཁང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྡོ་རྗེའི་གུར་ཁང་། next

སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྡོ་རྗེའི་གུར་ཁང་།

༈ སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྡོ་རྗེའི་གུར་ཁང་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་ར་ཝེ། ཡེ་ཤེས་པདྨའི་མཚོ་ཆེན་རྒྱས་པ་ལ། །འཕྲིན་ལས་ངང་མོའི་བདེ་བའི་རོལ་རྩེད་མཁན། །འཛམ་གླིང་འདི་ནས་གཏེར་བརྒྱའི་སྒོ་འབྱེད་པ། །དངོས་བརྒྱུད་བླའི་ཚོགས་ལ་གུས་ཕྱག་འཚལ། །གཞི་དུས་ཡེ་ཤེས་ལྔ་ཡི་རང་བཞིན་ལ། །ལམ་དུས་དུག་ལྔ་སྦྱོང་བྱ་སྦྱོང་བྱེད་ཚུལ། །མཐར་ཐུགས་རྒྱལ་བསྐུ་ལྔར་བྱང་ཆུབ་པའི། །སྲུངས་བའི་ལྔ་མོ་ལྔ་ལ་ཕྱག་འཚལ་ལོ། །ཉོན་མོངས་མ་ལུས་སྦྱོང་དང་བསྒྱུར་བའི་ཚུལ། །ཡུལ་འཁོར་སྲུང་ཞིང་བསྟན་པ་རྒྱས་མཛད་ཅིང༌། །ས་ལམ་བར་ཆད་སེལ་མའི་མཁའ་འགྲོ་ལྔའི། །སྒྲུབ་ཐབས་རྡོ་རྗེའི་གུར་ཁང་འདིར་བཤད་བྱ། །ཞེས་མཆོད་པར་བརྗོད་པ་སྔོན་དུ་འགྲོ་བས་རྒྱལ་ཁམས་ཀུན་ཏུ་ནད་མུག་མཚོན་འཁྲུགས་གཅན་གཟན་སོགས་ཀྱི་གནོད་པ་ཞིང་ཆབ་སྲིད་བརྟན་ཅིང་བསྟན་པ་རྒྱས་པ་སོགས་སེམས་བསྐྱེད་བཟང་བོའི་སྲུང་བའི་ལྷ་མོ་ལྔའམ་གཟུངས་གྲ་ལྔ་ཉམས་སུ་ལེན་པ་ལ། ཐོག་མར་ས་ཕྱོགས་བཟང་བོར་སྒྲུབ་པའི་དཀྱིལ་འཁོར་གཅིག་དང་མཆོད་པའི་དཀྱིལ་འཁོར་གཅིག་བཅས་གཉིས་བྱ་བའམ། ཡང་ན་དཀྱིལ་འཁོར་གཅིག་ཏུ་འདུ་བར་བྱས་ཀྱང་རུང་གིས། དྲི་བཟང་དང་བ་བྱུང་གིས་རྐྱང་ནུལ་ལེགས་པར་བྱས་ཤིང༌། གདུགས། རྒྱལ་མཚན། བ་དན། མདའ་དར། བླ་བྲེ། འཕུར་མ་སོགས་ཕུན་སུམ་ཚོགས་པ་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལྟར་བཀོད་པའི་དབུས་སུ་ལྷ་མོ་ལྔའི་རྡུལ་མཚོན་རས་བྲིས་ཀྱི་དཀྱིལ་འཁོར་བཀོད། སྟབས་བདེ་བྱེད་ན་ཚོམ་བུ་ལྷ་གྲངས་མཉམ་པས་ཀྱང་རུང༌། གཙོ་བོ་རྟེན་གཏོར་ནི། སྟེགས་ཟུར་བཞི་བང་རིམ་ལྔའི་དང་པོའི་ཁར་མཁའ་འགྲོའི་སྤྱི་གཏོར་འདབས་བཞི་དཀར་པོ་ལ་བྲང་རྒྱན་པདྨ་འདབ་བརྒྱད། རྩེ་རྒྱན་ཀ་ཀ་ནཱིའི་མཆོད་རྟེན་བུམ་པ་པྲེ་དང་ཆོས་འཁོར་ཉི་ཟླ་ནོར་བུར་བཅས་པ་དགོས་ཀྱང༌། བསྡུ་ན་འཁོར་གྱི་རྒྱན་ལྟར་བྱས་ཀྱང་རུང༌། འཁོར་རང་འདྲ་བཞི། བྲང་རྒྱན་པདྨ་འདབ་བཞི་ལ་རྩེ་ཉི་ཟླ་ནོར་བུ་ཅན། བང་རིམ་གཉིས་པར་ཕྱོགས་སྐྱོང་བཅུ་ལ་དཀར་གཏོར་བྷ་ལིང་རིལ་བུ་བཅས་པ་བཅུ། བང་རིམ་གསུམ་པར་གཟའ་ཆེན་དགུ་ལ་དམར་གཏོར་གཡས་དཀྱུས་དགུ། བང་རིམ་བཞི་བར་རྒྱུ་སྐར་ཉེར་བརྒྱད་ལ་དཀར་གཏོར་བྷ་ལིང་ཅན་ཕྱོགས་རེར་བདུན་བྱས་པས་ཉེར་བརྒྱད། བང་རིམ་ལྔ་བར། རྒྱལ་ཆེན་སྡེ་བཞི་ལ་དཀར་གཏོར་འདབ་བཞི་བཞི་བར་དག་ཏུ་བྷ་ལིཾ་མཆོད་རྫས་སོགས་ཀྱིས་མཛེས་པར་བྱས་པ་དཀྱིལ་དུ་བཤམས། མཆོད་པའི་དཀྱིལ་འཁོར་ལ་དཀྱིལ་དུ་མཁའ་འགྲོའི་སྤྱི་གཏོར་སྤྱི་འགྲོས་རྒྱབ་ཏུ་འབྱུང་བ་ལྔ་ལྡན་གྱི་ནམ་མཁའ། མཐར་འབུལ་གཏོར་ནི། གཙོ་མོ་རྣམས་དང་ཕྱོགས་སྐྱོང་རྒྱུ་སྐར་བཅས་ལ་དཀར་གཏོར་བྷ་ལིཾ་རིལ་བུ་ཅན། གཟའ་རྣམས་ལ་གཡས་དཀྱུས་རེ་རེ་དགོས་སོ། བརྒྱ་རྩ་སོགས་གྲངས་ལྡན་བྱེད་ན་སྔགས་གྲངས་ཀྱི་གཏོར་མ་དང༌། རྒྱུན་དུ་ཚན་པ་རེ་ལ་གསུམ་རེ་འབུལ་བས་འཐུས་སོ། །ཕྱོགས་སོ་སོར་འབྱུང་བཞི་བསྐྱེད་པའི་མདོང་དང༌། ཕོ་མདོང་མོ་མདོང༌། སྲོག་ལུས་དབང་ཀླུང་བསྐྱེད་པའི་མདོང་རྣམས་སོ་སོར་བཀོད། སྤེལ་ཚིག་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་འཇིག་རྟེན་ཁམས་ཀྱི་ལེགས་ཚོགས་སྤེལ་ཅིག ཅེས་པའམ་ཡུལ་རིས་དང་རྒྱལ་ཁབས་མི་ཚང་འདིའི་ལེགས་ཚོགས་སྤེལ་ཅིག་ཅེས་འབྲི། གང་ཟག་དམིགས་བསལ་བ་ཡོད་ན། འདི་ཞེས་བྱ་བའི་སྲོག་བསྐྱེད་ཅིག་སོགས་རིམ་པར་སྦྱོར། བསྟོད་པའི་མགོར་མཆོད་པ་རྒྱས་པ་འབུལ་ན་འཕགས་མོད་ཀྱི་མདོ་རྒྱུད་ཁུངས་ལྡན་གྱི་ཚིག་དོན་བཞིན་མཆོད་པའི་ལྷ་མོའི་གྲངས་བཞིན་འདོད་ཡོན་ཀྱི་ཚོགས་མཆོད་པའི་དཀྱིལ་འཁོར་ལ་འབུལ་བའམ་སྐབས་དེ་དང་དེར་ཆབ་བྲན་ལ་ཕུལ། མཆོད་པའི་དཀྱིལ་འཁོར་ཟུར་དུ་མེད་ན་མཆོད་པ་རྣམ་ལྔ་དང༌། ནམ་མཁའ་ཚོན་མདོག་ལྔ་བ་གཅིག་གི་གི་མདུན་དུ་མདོང་བསྡུས་པ་བཀོད། མདོང་བསྡུས་པ་འབྲི་སྟངས་ནི་ཕྱི་རི་མོ་སྤྱི་ལྟར་ལ། སྲོག་སོག་བཞི་ལྷན་ཅིག་བཀོད་པའི་སྤེལ་ཚིག་བསྡུས་པའི་འོག་རི་རབ། དེའི་འོག་མིག་གཉིས། རིམ་པར་མེ། བྲག ཆུ། རླུང༌། ཉི་ཟླའི་རི་མོ་བཅས་འོག་ནས་འོག་ཏུ་བྲིས་པ་ཡིན། །མཆོད་གཏོར་སོགས་རང་གིས་ནུས་ཚོད་ལས་གྲངས་ཀྱིས་ངེས་པ་མེད། ཡང་ན་གཏོར་མའི་ཚམ་གཟ་ལ་བྷ་ལིང་གྲུ་གསུམ་དང་དང་གཞན་རྣམ་ལ་རིལ་བུ་ཁོ་ན་ཕུལ་ཀྱང་རུང་ངོ༌། །ཐམས་ཅད་བཀོད་ལེགས་པ་བཤམ་ཞིང་སྤོས་དུད་ཀྱིས་ཕྱོགས་ཐམས་ཅད་དུ་དྲི་བཟང་གི་ངད་པ་འཐུལ་ཞིང་ལྷ་མིར་བཅས་པའི་སྣང་་བ་སྤྲོ་བར་བྱས་ཏེ་གཞུང་གི་ཆོ་ག་ལ་འཇུག་པར་བྱའོ། ། ༈ རང་ཉིད་ལྷ་བུ་དར་དཀར་ནབ་བཟའ་ཅན་རིན་པོའི་པྲོག་ཞུ་ཅན་ལག་གཉིས་ཐལ་མོ་སྦྱར་བའི་ནང་དུ་པདྨ་རྡོ་རྗེའི་མཚན་པ་བསྣམས་པ། པུས་ཚུགས་ཀྱི་ཚུལ་དུ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྂཿ་གསུམ་གསལ་བ་ལས་འོད་ཟེར་འཕྲོས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་སྲུང་བའི་ལྷ་མོ་ལྔའི་རྣམ་པར་བཛྲ་ས་མ་ཡ་ཛཿ དང་པོ་སྐྱབས་སེམས་ནི། །ན་མོ་སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རྣམ་པ་གསུམ། །སྲུང་བའི་ལྷ་མོའི་ཚོགས་ལ་སྐྱབས་སུ་མཆི། །སྡུག་བསྔལ་ཁོར་མོར་སྤྱོད་པའི་འགྲོ་བ་ཀུན། །རྣམ་མཁྱེན་སངས་རྒྱས་ཐོབ་པར་སེམས་བསྐྱེད་དོ། །ལན་གསུམ་བརྗོད། གནས་གསུམ་ལས་བྱུང་བའི་འོད་ཟེར་དཀར་དམར་མཐིང་གསུམ་ཀྱི་གུར་ཁང་དུ་བདག་དང་སྲུང་བྱ་ཐམས་ཅད་ཆུད་པར་བསམ། ཨོཾ་ཨཱཿཧཱུྂཿབཛྲ་རཀྵ་རཀྵ་ཧཱུྂཿཕཊསྭཱ་ཧཱཿ རྡོ་རྗེ་རྩེ་གཅིག་པའི་རྒྱ་གཡས་སུ་སྐོར་བ་བཅས་ལན་གསུམ་བརྗོད་པས་བསྲུང༌། གཞན་ཡང་ལུས་རྡུལ་རྙེད་དུ་སྤྲུལ་ཞིང༌། ཨོཾ་ཨཱཿཧཱུྂཿ དངོས་འབྱོར་ཡིད་སྤྲུལ་མཆོད་རྫས་ཡོངས་རྫོགས་འབུལ། །ཕྱག་འཚལ་ཐོག་མེད་གསག་པའི་ཉས་ལྟུང་བཤགས། །དགེ་ལ་ཡི་རང་མྱ་ངན་མི་འདའ་བར། །ཆོས་གསུང་བསྐུལ་བའི་དགེ་ཚོགས་འགྲོ་ལ་བསྔོ། །ཞེས་དམིགས་པ་རེ་རེ་ནས་བྱས་པ་དང་མདུན་བསྐྱེད་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་ནས་བདག་ལ་ཐིམ་པས་རང་ཉད་སོ་སོར་འབྲང་མའི་སྐུར་གྱུར་བར་བསམ་དེ་དག་སྔོན་འགྲོའི་རིམ་པའོ། ། དངོས་གཞི་ལྷ་བསྐྱེད་པ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ་྅་ཧྂ། ཞེས་སྟོང་ཉིད་དུ་ཅི་གནས་སུ་མཉམ་པར་འཇོག བྂཿ དད་དང་གཟུངས་རིགས་ཐུགས་བསྐྱེད་བདེན་པའི་མཐུས། །མདུན་ཀྱི་ནམ་མཁར་ཞིང་ཁམས་ཆེན་པོའི་དབུས། །པྂ་ལས་པདྨ་རྂ་ལས་ཉི་མ་དང༌། །ཧཱུྂཿལས་སྣ་ཚོགས་རྡོ་རྗེའི་དཀྱིལ་འཁོར་ཤར། །དེ་དབུས་འབྱུང་བཞིའི་སྲུང་བའི་འཁོར་ལོར་གྱུར། །ནང་དུ་བྷྲཱུྂཿལས་གཞལ་མེད་ཁང་ཆེན་པོ། །སྒོ་བཞི་གདུགས་དང་རིན་ཆེན་དྲ་བ་དང༌། །ཆོས་འཁོར་ལ་སོགས་བཀོད་པ་རྫོགས་པར་གསལ། །དེ་དབུས་པད་སྡོང་ཡལ་ག་ལྔ་བའི་ལྟེར། །དཀྱིལ་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་ལ། །གཏི་མུག་གནས་འགྱུར་པྲྂཿཡིག་དཀར་པོ་ལས། །གཟུགས་ཕུང་རྣམ་དག་རྡོ་རྗེ་རིགས་ཀྱི་ཡུམ། །མེ་ལོང་ཡེ་ཤེས་རྒྱལ་ཀུན་གསུང་གི་རིགས། །སོ་སོར་འབྲང་མ་ཞལ་བཞི་ཕྱག་བརྒྱད་དཀར། །གཡས་ནག་གཡོན་དམར་རྒྱབ་ཞལ་གསེར་གྱི་མདོག །ཕྱག་གཡས་འཁོར་ལོ་རྡོ་རྗེ་མདའ་རལ་གྲི། །གཡོན་བཞི་ཞགས་པ་རྩེ་གསུམ་གཞི་དགྲ་སྟ། །ཞབས་གཉིས་སེམས་དཀྱིལ་གཙུག་ན་མཆོད་རྟེན་འཆང༌། །ལོངས་སྐུའི་ཆས་རྫོགས་བྱང་ཆུབ་ཤིང་དྲུང་བཞུགས། བྱད་སྟེམ་མཐུ་དཔུང་འཇོམས་པའི་སྐུ་རུ་གསལ། །༡ཤར་དུ་ཉི་མའི་གདན་ལ་ཧཱུཾ་མཐིང་ལས། །རྣམ་ཤེས་གནས་འགྱུར་ཞེ་སྡང་དག་པའི་ལྷ། །ཆོས་དབྱིངས་ཡེ་ཤེས་རྒྱལ་ཀུན་ཐུགས་ཀྱི་རིགས། །སྟོང་ཆེན་རབ་འཇོམས་ཞལ་བཞི་ཕྱག་བརྒྱད་མཐིང༌། །གཡས་དཀར་གཡོན་ལྗང་རྒྱབ་ཞལ་གསེར་གྱི་མདོག །ཕྱག་གཡས་རྡོ་རྗེ་ལྕགས་ཀྱུ་མདའ་རལ་གྲི། །གཡོན་བཞི་ཞགས་པ་དགྲ་སྟ་གཞུ་རིན་ཆེན། །ཉི་མར་རོལ་སྟབས་བགེགས་དང་འབྱུང་བོ་མནན། །སྟག་ཤམ་སྦྲུལ་རྒྱན་ཏཱ་ལའི་ཤིང་དྲུང་བཞུགས། །དུས་མིན་འཆི་བ་བཟློག་པའི་སྐུ་རུ་གསལ། །༢ལྷོ་རུ་ཟླ་བའི་གདན་ལ་མྂ་སེར་ལས། །ཚོར་བ་གནས་འགྱུར་སེར་སྣ་དག་པའི་ཡུམ། །མཉམ་ཉིད་ཡེ་ཤེས་རྒྱལ་ཀུན་ཡོན་ཏན་རིགས། །རྨ་བྱ་ཆེན་མོ་ཞལ་གསུམ་ཕྱག་བརྒྱད་སེར། །གཡས་ནག་གཡོན་དམར་དབུས་ཞལ་གསེར་གྱི་མདོག །ཕྱག་གཡས་མཆོག་སྦྱིན་བུམ་པ་འཁོར་ལོ་གྲི། །ལྷུང་བཟེད་རྨ་སྒྲོ་བུམ་པ་རྒྱལ་མཚན་གཡོན། །རིན་ཆེན་རྒྱན་སྤྲས་མྱ་ངན་མེད་དྲུང་དུ། །རྨ་བྱ་པད་ཟླར་སེམས་དཔའི་སྐྱིལ་དྲུང་བཞུགས། །དུག་དང་དམོད་པ་སེལ་བའི་སྐུ་རུ་གསལ། །༣ནུབ་དུ་པད་ཟླའི་གདན་ལ་ཤྂཿདམར་ལས། །འདུ་ཤེས་གནས་འགྱུར་འདོད་ཆགས་དག་པའི་ཡུམ། །སོར་རྟོག་ཡེ་ཤེས་རྒྱལ་ཀུན་གསུང་གི་རིགས། །གསང་སྔགས་རྗེས་འཛིན་ཞལ་གསུམ་བཅུ་གཉིས་ཕྱག །དམར་མོ་གཡས་ནག་གཡོན་པ་ཟླ་བའི་མདོག །བཅུ་གཉིས་ཕྱག་གི་དང་པོ་གཉིས་ཆོས་འཆད། །དེ་འོག་གཉིས་ནི་མཉམ་པར་བཞག་པའི་རྒྱ། །གཡས་དྲུག་མཆོག་སྦྱིན་སྐྱབས་སྦྱིན་རྡོ་རྗེ་མདའ། །གཡོན་དྲུག་ཞགས་པ་པདྨ་བུམ་སྙེ་མ། །རིན་ཆེན་རྒྱན་ལྡན་ཤིར་ཤིའི་ཤིང་དྲུང་བཞུགས། །ལྷ་ཀླུ་མི་ཡི་ཚོགས་ཀུན་དབང་སྡུད་ཅིང༌། །སྔགས་ཀྱིས་འགྲོ་བ་འདུལ་བའི་སྐུ་རུ་གསལ། །༤པད་ཟླའི་གདན་ལ་གྂ་ལྗང་ལས། །འདུ་བྱེད་གནས་འགྱུར་ཕྲག་དོག་དག་པའི་ཡུམ། །བྱ་གྲུབ་ཡེ་ཤེས་རྒྱལ་ཀུན་འཕྲིན་ལས་རིགས། །བསིལ་བའི་ཚལ་མ་ཞལ་གསུམ་ཕྱག་དྲུག་ལྗང༌། །ཕྱག་གཡས་མི་འཇིགས་སྐྱབས་སྦྱིན་རྡོ་རྗེ་མདའ། །གཡོན་གསུམ་ཞགས་པ་རིན་ཆེན་རྒྱལ་མཚན་གཞུ། །རིན་ཆེན་རྒྱན་སྤྲས་ཙམ་པའི་ཤིང་དྲུང་བཞུགས། །སྨྱོ་བྱེད་འབྱུང་བོ་འདུལ་བའི་སྐུ་རུ་གསལ། །༥ཕྱི་རོལ་སྟེང་འོག་པདྨ་འདབ་བཅུའི་ནང༌། །བརྒྱ་བྱིན་གཤིན་རྗེ་ཆུ་ལྷ་གནོད་སྦྱིན་དང༌། །དབང་ལྡན་སྲིན་པོ་མེ་ལྷ་རླུང་གི་ལྷ། །སྟེང་དུ་ཚངས་པ་འོག་ཏུ་སའི་ལྷ་མོ། །དེ་ཡི་ཕྱི་རོལ་པདྨ་འདབ་བརྒྱད་ལ། །ཉི་ཟླ་དགྲ་གཅན་ལ་སོགས་གཟའ་ཆེན་བརྒྱད། །ཕྱོགས་མཚམས་ཡངས་པའི་དཀྱིལ་འཁོར་ཆེན་པོ་རུ། །སྒྱུ་སྐར་ཉེར་བརྒྱད་ལྷ་མོའི་ཚོགས་སྣམས་གསལ། །སྒོ་བཞིར་རིན་ཆེན་ཁྲི་ལ་རྒྱལ་ཆེན་བཞི། །སྣ་ཚོགས་སྤྲུལ་བའི་བཀོད་པ་འབྱམས་སུ་ཀླས། །གནས་གསུམ་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་ཀུན། །སྲུང་བའི་ལྷ་ལྔའི་རྣམ་པར་སྤྱན་འདྲེན་ནོ། ། སྤོས་རོལ་བཅས། མ་ལུས་སེམས་ཅན་ཀུན་ཀྱིས་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཅི་བཞིན་མཁྱེན་གྱུར་པའི། །བཅོམས་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཡ་ཛཿ ཛ་ཧཱུཾ་བཾ་ཧོཿ དམ་ཡེ་དབྱེར་མེད་དུ་མོས་ལ་བསྡུ་བའི་ཕྱག་རྒྱ་བྱ། སླར་ཡང་གནས་གསུམ་འོད་ཀྱིས་དབང་ལྷ་དྲངས། །དངོས་བྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །རིགས་ལྔར་དབང་མཆོག་བསྐུར་བར་གསོལ་བ་འདེབས། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱྂ། །རྒྱལ་རྣམས་ཀྱིས་བདུད་རྩིས་དབང་བསྐུར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྂཿ བདུད་རྩིའི་ལུས་གང་ཆུ་ལྷག་ཡར་ལུད་པ། །ལྷ་མོ་ལྔ་ལ་རྡོར་སེམས་རིགས་ལྔ་དང༌། །འཁོར་ལ་ཕྱག་ན་རྡོ་རྗེ་རིགས་བདག་གྱུར། །འཛིན་མེད་གསལ་སྟོང་སྐུ་ལ་མཉམ་པར་འཇོག །བཟླས་པ་ནི་རང་གི་ལས་དང་མཐུན་པའི་ཕྲེང་བ་ཐོགས་ལ། རང་གི་སྙིང་གའི་ཧཱུྂཿལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། མདུན་ཀྱི་ལྷ་སོ་སོའི་ཐུགས་གར་རང་གི་སྲོག་ཡིག་ལ་སྔགས་ཕྲེང་གཡས་པསུ་འཁོར་བར་ཐིམ་པས་ཐུགས་རྒྱུད་བསྐུལ། སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་ཅིང་བྱིན་རླབས་བསྡུས། སེམས་ཀྱི་དོན་མཛད། སླར་འདུས་སོ་སོའི་ཐུགས་བསྐྱེད་དང་འཕྲིན་ལས་དང་མཚུངས་བའི་ལས་སྒྲུབ་པར་དམིགས། སོ་སོར་འབྲང་མའི་ཐུགས་ཀའི་པྲྂཿདཀར་པོ་ལ་དམིགས་ནས། ཨོཾ་མ་ཎི་དྷ་རི་བཛྲཱི་ན། མ་ཧཱ་པྲ་ཏི་སཱ་རེ་ཧཱུྂཿཧཱུྂཿཕཊ་ཕཊ་སྭཱ་ཧཱ། ཅི་ནུས་སུ་བཟླ། སྟོང་ཆེན་མོའི་ཐུགས་གར་ཧཱུཾ་མཐིང་ལ་དམིགས་ནས། ཨོཾ་ཨ་མྲྀ་ཏ་བ་ར་བ་ར་བ་ར་པྲ་བ་རེ་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྨ་བྱ་ཆེན་མོའི་ཐུགས་གར་མྂ་སེར་པོར་དམིགས་ནས། ཨོཾ་ཨ་མྲྀ་ཏ་བི་ལོ་ཀི་ནཱི། གརྦྷེ་སཾ་རཀྵ་ན། ཨཱ་ཀརྵ་ནི་ཧཱུྂ་ཧཱུྂ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་རྗེས་འཛིན་མའི་ཐུགས་གར་ཤྂཿདམར་པོར་དམིགས་ནས། ཨོཾ་བི་མ་ལེ་བི་པཱུ་ལེ། ཛ་ཡ་བ་རེ་ཨ་མྲི་ཏ་བི་ཛ་རེ་ཧཱུྂ་ཧཱུྂ་ཕཊ་ཕཊ་སྭཱ་ཧཱ། བསིལ་བའི་ཚལ་ཆེན་མོའི་ཐུགས་གར་གྂ་ལྗང་ཁུར་དམིགས་ལ། ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར། ཨིནྡྲཱ་ཡ་བ་ལ་བི་ཤོ་དྷ་ནི་ཧཱུྂ་ཧཱུྂ་ཕཊ་ཕཊ་སྭཱ་ཧཱ། རེ་རེ་བཞིན་ཐུགས་བསྐྱེད་རྗེས་སུ་དྲིན་ཞིང་དམིགས་པ་དང་མ་བྲལ་བར་ཅི་ནུས་སུ་བཟླའོ། །འཁོར་རྣམས་ལ་རང་རང་སྲོག་ཡིག་གི་སྟེང་དུ་རིགས་བདག་གི་སྲོག་ཡིག་བསྐྱེད་ཅིང་བཀའ་བགོས་པ་ལྟར་དམིགས་ཀྱང་རུང་ལ། འདིར་གཙོ་འཁོར་གྱི་སྲོག་གཅིག་ཏུ་བསྲེས་ཤིང་བསྒོམ་ན་འཁུ་ལྡོག་ཆུང་ལ་དངོས་གྲུབ་མྱུར་བས། རང་གི་སྙིང་གིས་འོད་ཀྱིས་དཔལ་ཕྱག་ན་རྡོ་རྗེའི་ཐུགས་རྒྱུད་བསྐུལ། དེས་ཐུགས་ལས་ཧཱུྂ་ཡིག་མཐིང་ནག་ཐོག་ལྟར་བབ་ཏེ་འཁོར་གྱི་ལྷ་རྣམས་ཀྱི་སྙིང་ལ་ཞུགས་སྣང་སྲིད་དྲེགས་པ་ཡོངས་ཀྱི་མཐུ་སྟོབས་གཅིག་ཏུ་འདུས་པས་ཅི་བཅོལ་བའི་ལས་ཐོགས་མེད་སྒྲུབ་པར་བསམ། ཕྱོགས་སྐྱོངས་བཅུའི་སྔགས་ནི། ཨོཾ་སིདྲཱ་ཡ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཡ་མཱ་ཡ་སྭཱ་ཧཱ། ཨོཾ་ནཻ་རི་ཏྱ་ཡ་སྭཱ་ཧཱ། ཨོཾ་བ་རུ་ཎཱ་ཡ་སྭཱ་ཧཱ། ཨོཾ་བཱ་ཡ་བེ་སྭཱ་ཧཱ། ཨོཾ་ཀུ་བེ་རཱ་ཡ་སྭཱ་ཧཱ། ཨོཾ་ཨཱི་ཤ་ནཱ་ཡ་སྭཱ་ཧཱ། ཨོཾ་པྲ་ཧྨ་ཎཱ་ཡ་སྭཱ་ཧཱ། ཨོཾ་པྲི་ཐཱི་ཡེ་སྭཱ་ཧཱ། གཟའ་ཆེན་རྣམས་ཀྱི་སྔགས་ནི་གོང་བཞིན་དམིགས་ལ། ཨོཾ་མཻ་གྷོལྒཱ་ཡ་སྭཱ་ཧཱ། ཨོཾ་ཤཱི་ཏྂ་ཤ་བེ་སྭཱ་ཧཱ། ཨོཾ་རཀྟ་ཨཾ་ག་ཀུ་མཱ་རཱ་ཡ་སྭཱ་ཧཱ། ཨོཾ་བུདྷཱ་ཡ་སྭཱ་ཧཱ། ཨོཾ་བྲི་ཧསྤ་ཏ་ཡེ་སྭཱ་ཧཱ། ཨོཾ་ཤུ་ཀྲཱ་ཡ་སྭཱ་ཧཱ། ཨོཾ་ཀྲྀཥྞ་ཝརྞཱ་ཡ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་པྲྀ་ཡཱ་ཡ་སྭཱ་ཧཱ། ཨོཾ་ཛྱཽ་ཏི་ཀེ་ཏ་བེ་སྭཱ་ཧཱ། དེ་ནས་རྒྱུ་སྐར་རྣམས་ཀྱི་སྔགས་ཀྱང་གོང་བཞིན་དམིགས་ཏེ། དང་པོ་ཤར་གྱི་རྒྱུ་སྐར་བདུན་ནི། ཨོཾ་ཀཱརྟི་ཀཱ་ཡཻ་སྭཱ་ཧཱ། ཨོཾ་རོ་ཧི་ཎ་ཡེ་སྭཱ་ཧཱ། ཨོཾ་མྲྀ་ག་ཤི་རཱ་སེ་སྭཱ་ཧཱ། ཨོཾ་ཨརྡཱར་ཡ་སྭཱ་ཧཱ། ཨོཾ་པུ་ནརྦ་ས་ཝེ་སྭཱ་ཧཱ། ཨོཾ་པུ་ཥྱཱ་ཡ་སྭཱ་ཧཱ། ཨོཾ་ཨ་ཤླེ་ཥཱ་ཡ་སྭཱ་ཧཱ། ལྷོའི་རྒྱུ་སྐར་བདུན་གྱི་སྔགས་ནི། ཨོཾ་མ་གྷཱ་ཡཻ་སྭཱ་ཧཱ། ཨོཾ་པཱུར་བ་ཕལྒུ་ན་ཡེ་སྭཱ་ཧཱ། ཨོཾ་ཨུཏྟར་ཕ་ལྒུ་ན་ཡེ་སྭཱ་ཧཱ། ཨོཾ་ཧསྟཱ་ཡཻ་སྭཱ་ཧཱ། ཨོཾ་ཙི་ཏྲཱ་ཡ་སྭཱ་ཧཱ། ཨོཾ་སྭ་སྟི་ཡེ་སྭཱ་ཧཱ། ཨོཾ་བི་ཤཱ་ཁཱ་ཡ་སྭཱ་ཧཱ། ནུབ་ཀྱི་རྒྱུ་སྐར་བདུན་གྱི་སྔགས་ནི། ཨོཾ་ཨ་ནུ་དྷ་རཱ་ཡ་སྭཱ་ཧཱ། ཨོཾ་ཛྱེ་ཥྛཱ་ཡ་སྭཱ་ཧཱ། ཨོཾ་མཱུ་ལཱ་ཡ་སྭཱ་ཧཱ། ཨོཾ་པཱུརྦ་ཥཱ་ཌྷའ་ཡ་སྭཱ་ཧཱ། ཨོཾ་ཨུཏྟ་ར་ཥ་ཌྷའ་ཡ་སྭཱ་ཧཱ། ཨོཾ་ཤྲ་ཝ་ནཱ་ཡ་སྭཱ་ཧཱ། ཨོཾ་ཨ་བྷི་ཛི་ཏཱ་ཡ་སྭཱ་ཧཱ། བྱང་གི་རྒྱུ་སྐར་བདུན་གྱི་སྔགས་ནི། ཨོཾ་དྷ་ནིཥྛཱ་ཡ་སྭཱ་ཧཱ། ཨོཾ་ཤ་ཏཱ་བྷི་ཥཱ་ཡ་སྭཱ་ཧཱ། ཨོཾ་པཱུརྦ་བྷ་དྲཱ་པ་དཱ་ཡ་སྭཱ་ཧཱ། ཨོཾ་ཨུཏྟ་ར་བྷ་དྲཱ་པ་དཱ་ཡཻ་སྭཱ་ཧཱ། ཨོཾ་རེ་ཝ་ཏཱི་ཡེ་སྭཱ་ཧཱ། ཨོཾ་ཨ་ཤྭི་ན་ཡེ་སྭཱ་ཧཱ། ཨོཾ་བྷ་ར་ཎཱི་ཡེ་སྭཱ་ཧཱ། རྒྱལ་པོ་ཆེན་པོ་བཞིའི་དམིགས་པ་སྔར་བཞིན་ལ་སྔགས་ནི། ཨོཾ་དྷྲྀ་ཏ་རཱཥྚཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་ཊ་ཀཱ་སྭཱ་ཧཱ། ཨོཾ་བི་རུ་པཀྵཱ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་བ་ཎཱ་ཡ་སྭཱ་ཧཱ། ཚན་པ་རེ་རེ་ནས་བརྒྱ་རྩ་དང་ཉེར་གཅིག་བདུན་དང་གསུམ་སོགས་ཅི་ནུས་བཟླ། །ཐུན་མཐར་ཨ་ཀྵ་དང་ཡིག་བརྒྱ་རྟེན་འབྲེལ་སྙིང་པོས་བརྟན་པར་བྱས་ལ། མཆོད་པ་བསྡུས་པར་བྱ་ན་གཙོ་འཁོར་ཡོངས་ལ་མཆོད་འབུལ་འདི་ལྟར་བྱ། རང་གི་སྙིང་གིའི་ཧཱུྂཿཡིག་ལས། །རྂ་འཕྲོས་མ་དག་འཛིན་པ་བསྲེག །ཡྂཿའཕྲོས་བག་ཆགས་གཏོར། །ཁྂཿལས་ཆུ་བྱུང་རྟོག་སྒྲིབ་བཀྲུས། །ཨོཾ་དཀར་ཨཱཿདམར་ཧཱུྂཿ་མཐིང་གིས། །མདུན་གྱི་མཆོད་གཏོར་མ་ལུས་པ། །སྦྱང་སྦར་བདུད་རྩིའི་རྒྱ་མཚོར་གྱུར། །འདོད་ཡོན་ནམ་མཁའ་ཁྱབ་པར་འཕྲོ། །བླ་མ་དཀོན་མཆོག་རིགས་ཀྱི་བདག །སྲུང་བའི་ལྷ་མོ་རྣམ་ལྔ་དང༌། །ཕྱོགས་སྐྱོང་གཟའ་སྐར་རྒྱལ་ཆེན་བཞི། །འགོ་བའི་སྲུང་མ་རྣམས་ལ་འབུལ། །ནམ་མཁའ་མཛོད་ཀྱི་སྔགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུདྒ་ཏེ། སྥ་ར་ཎ་ཨི་མཾ་གག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་ཏེ་སྭཱ་ཧཱ། ཞེས་པ་ཅི་མང་དང༌། ཨོཾ་ཨ་ཀཱ་རོ་མུ་ཁྂ་སརྦ་དྷརྨཱ་ཎྂ། ཨཱདྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྂཿཕཊ་སྭཱཧཱ། ཞེས་ལན་བདུན་ནམ་གསུམ་གྱིས་བྱིན་གྱིས་བརླབས། སོ་སོའི་སྔགས་ལ་སྭཱ་ཧཱ་དོར་བའི་མཐར་ནམ་མཁའ་མཛོད་སྔགས་བཏགས་ལ། གཙོ་མོ་ལྔ་ལ་ལན་བདུན། ཕྱོགས་སྐྱོང་ལ་ལན་གསུམ། གཞན་རྣམས་ལ་ལན་གཅིག་གིས་ཕུལ། སླར་ཡང་ཕྱག་རྒྱ་བཅས། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་དྷུ་པེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱེ་པྲ་ཏཱི་ཙྪ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་པྲ་ཏཱི་ཙྪ་སྭཱ་ཧཱ། དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་བའི། ། བསྟོད་པར་འོས་པ། ཧོ། སྲུང་བའི་ལྷ་མོ་ལྔ་དང་ཕྱོགས་སྐྱོང་གཟའ་དང་རྒྱུ་སྐར། རྒྱལ་པོ་ཆེན་པོ་སྡེ་བཞི་སོགས་དམ་པའི་ཆོས་ཀྱི་སྲུང་མར་བཅས་པར་གསོལ་ལོ། མཆོད་དོ། བསྟོད་དོ། དགྱེས་པར་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དཔུ་འཕང་བསྟོད། དམ་པའི་ཆོས་སྤེལ། སེམས་ཅན་ལ་བདེ་སྐྱིད་སྩོལ། ཡུལ་རིས་དང་རྒྱལ་ཁབ་སྲུངས། གཞན་ཡང་འཁོར་དང་བཅས་པར་འཚེ་བའི། སྡང་པའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཕྱི་ནང་གི་བར་ཆད་སོལ། ནད་གདོན་འཇིགས་བརྒྱད་ཞི། ཚེ་བསོད་འབྱོར་དྲུག་རྒྱས། ཁམས་གསུམ་དབང་དུ་སྡུས། མདོར་ན་བཅོལ་བའི་ལས་དང་འདོད་པའི་དོན་ཐམས་ཅད་དུས་རྣམས་ཀུན་ཏུ་འགྲུབ་པའི་འཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །ཅེས་འདོད་དོན་གསོལ་ལ། གཏོར་མ་བཏེགས་ཤིང༌། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་བསྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུང༌། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་ལ་རྣམས་དང༌། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག ། བདག་གི་བསོད་ནམས་སྟོབས་དག་དང༌། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་ཀྱིས་སུ། །དོན་སེམས་ཅན་རྣམས་ལ་ཕན་འདོགས་པའི། །དོན་རྣམས་གང་དག་བསམ་པ་ཀུན། །འཇིག་རྟེན་ཁམས་ནི་མ་ལུས་འདིར། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཞེས་བརྗོད་ནས་གཏོར་མ་རི་གསུམ་གྱི་རྩེ་དང་ཆུ་ཆེན་གྱི་འགྲམ། ཡང་ན་མེའི་དཀྱིལ་འཁོར་དུ་འབུལ། གཙོ་འཁོར་ཡོངས་ལ་མཆོད་པ་རྒྱས་པ་འབུལ་ན་གོང་ལྟར་བྱིན་གྱིས་བརླབས་ལ། རེ་རེ་ནས་མཐུན་པའི་གཏོར་མར་རང་སྔགས་མཐར་སྭཱ་ཧཱ་དོར་བའི་ཨི་དཾ་བཱ་ལིཾཏ་ཁ་ཁ་ཁཱ་ཧཱི་ཁཱ་ཧཱི་ཞེས་བཏགས་པ་དང༌། ཚན་པ་རེ་བཞིན་ནམ་མཁའ་མཛོད་སྔགས་དང་ཨ་ཀ་རོས་བྱིན་གྱིས་བརླབས་ལ་ཕུལ། རྒྱས་བསྡུས་གང་ཡང་རུང་མཐར། མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། ། ཡིག་བརྒྱ་བརྗོད། རྟེན་ཡོད་ན་རྟེན་འབྲེལ་སྙིང་པོ་བརྗོད་ཅིང༌། ཨོཾ། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་བསྩལ་ཏུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མཐར་འཇིག་རྟེན་པ་གཤེགས་གསོལ་ནི། ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུ། ཞེས་སེ་གོལ་བརྡབས་པས་དཀྱིལ་འཁོར་བསྡུས་བའི་ཚུལ་མཛད། བུམ་པའི་ནང་དུ་འོ་མ་དང་དྲི་བཟང་གི་ཆུས་བཀང་ཞིང༌། ཨོཾ་བྷ་ག་ཝ་ཏཱི་རུ་རུ་སྥུ་རུ། ཛྭཱ་ལ་ཏིཥྛཱ་སིདྡྷི་ལོ་ཙ་ནཱི། སརྦ་ཨརྠ་སཱ་དྷ་ན་ཡེ་སྭཱ་ཧཱ། ཞེས་སྤྱན་མའི་སྔགས་ལན་ཉེར་གཅིག་སོགས་བརྗོད་ཅིང་བུམ་དཀྱིལ་འཁོར་དང་ཕྱོགས་ཐམས་ཅད་དུ་གཏོར་ནས་ཉེས་ཚོགས་ཞི་ཞིང་བཀྲ་ཤིས་པར་བྱ། བསྔོ་བ་དང་སྨོན་ལམ་ནི། འབྱུང་པོ་གང་དག་འདིར་ནི་ལྷག་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་ཀྱང་རུང༌། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་པ། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང༌། །མུ་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང༌། །མཐུན་པ་འགྲུབ་ཅིང་ཐུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག །ཉིད་དང་མཚན་མོ་ཆོས་ལ་སྤྱོད་པར་ཤོག །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །

ཞེས་ཆོས་ཀྱི་རྒྱལ་པོའི་གདུང་རྒྱུད་དམ་པའི་ཚུལ་ལྡན་གློ་བོའི་རྒྱལ་པོ་ཨ་མགོན་བསྟན་འཛིན་དང་མཆོག་ཏུ་དགེ་བའི་བློ་ཅན་བློན་པོའི་ཚོགས་ཀྱིས་ཡུལ་ཁམས་དང་གཅན་གཟན་ནད་མཚོན་སོགས་སྲུང་བའི་ཆོ་ག་ཞིག་དགོས་ཞེས་གོས་དར་དྷར་ཎིའི་ཕུང་པོ་སྤུང་ཞིང་གསོལ་བ་བཏབ་ཚེ་གནས་སྐོར་བ་ཞིག་གི་ལག་ནས་སྲུང་བའི་སློབ་དཔོན་ཙནྟྲ་བྱ་བས་མཛད་པའི་ལྷ་མོ་ལྔའི་བསྟོད་པའི་རྒྱ་དཔེ་ཕུལ་བ་རྟེན་འབྲེལ་དང་བརྟགས་པ་མཆོག་ཏུ་དགེ་བས་བལ་ཡུལ་མཆོད་རྟེན་སྨོན་ལམ་ཐམས་ཅད་ཡོངས་སུ་འགྲུབ་པ་བྱ་རུང་ཁ་ཤོར་ཆེན་པོའི་འགྲམ་དུ་ས་འབྲུག་ས་ག་ཟླ་བའི་དུས་མཆོད་ཉིན་འཕྲལ་དུ་འགྲུབ་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག


previousསྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྡོ་རྗེའི་གུར་ཁང་། next