Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
འཇམ་དཔལ་གྱི་སྒྲུབ་ཐབས་ཁྱེར་བདེ་མཁྱེན་རབ་གཏེར་མཛོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཇམ་དཔལ་གྱི་སྒྲུབ་ཐབས་ཁྱེར་བདེ་མཁྱེན་རབ་གཏེར་མཛོད། next

འཇམ་དཔལ་གྱི་སྒྲུབ་ཐབས་ཁྱེར་བདེ་མཁྱེན་རབ་གཏེར་མཛོད།

༈ འཇམ་དཔལ་གྱི་སྒྲུབ་ཐབས་ཁྱེར་བདེ་མཁྱེན་རབ་གཏེར་མཛོད་ཞེས་བྱ་བ་བཞུགས་སོ། །

ན་མོ་མཉྫུ་ཤྲཱི་ཡེ། སངས་རྒྱས་ཆོས་དང་སོགས་སྐྱབས་སེམས་སྙིང་ཐག་པ་ནས་ལན་གསུམ་མཐར། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ་྅་ཧྂ། རང་ཉིད་སྐད་ཅིག་འཕགས་མ་དབྱངས་ཅན་མ། །དཀར་མོ་མཛེས་འཛུམ་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཉིས་རྒྱུད་སྟོང་ལྡན་པའི་པུ་ཝཾ་སྦྲེང༌། །ལོངས་སྐུའི་ཆས་རྫོགས་ཞབས་གཉིས་ཙོག་པུར་བཞུགས། །མདུན་གྱི་ནམ་མཁར་སྤྲིན་དཀར་འཇའ་འོད་ཀློང༌། །དྲིན་ཅན་བླ་མ་འཇམ་དབྱངས་གསེར་གྱི་མདོག །ཞལ་གཅིག་ཕྱག་གཉིས་རལ་གྲི་པུ་སྟི་བསྣམས། །དར་དང་རིན་ཆེན་རྒྱན་སྤྲས་སྐྱིལ་ཀྲུང་བཞུགས། །ཐུགས་ཀར་ཉི་མར་དྷཱིཿམཐར་སྔགས་ཀྱིས་བསྐོར། །གནས་གསུམ་འོད་ཀྱིས་རྒྱལ་ཀུན་སྤྱན་དྲངས་བསྟིམ། །རང་གི་སྙིང་དབུས་ཟླ་བར་ཧྲཱིཾཿགིས་མཚན། །དེ་ལས་འོད་འཕྲོས་འཇམ་དབྱངས་ཐུགས་གར་ཕོག །ཐུགས་དམ་རྒྱུད་བསྐུལ་འོད་ཟེར་བདག་ལ་སྤྲོས། །རྒྱལ་བ་སྲས་བཅས་གསང་གསུམ་ཡེ་ཤེས་དང༌། །ཟབ་གསལ་རྣོ་མྱུར་ཤེས་རབ་མི་བརྗེད་གཟུངས། །མ་ལུས་དྷཱིཿཡིས་རྣམ་པར་བདག་སྙིང་ཐིམ། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཅེས་སྙིང་པོ་དང༌། ན་མོ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ་བི་ར་ཛེ། ཤུདྡྷེ་བི་ཤུདྡྷེ། ཤོ་དྷ་ནེ་བི་ཤོ་ནེ། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཛ་ཡ་ཝ་རེ། རུ་རུ་ཙ་ལེ་ཧཱུྂ་ཧཱུྂ་ཧཱུྂ་ཕཊ་ཕཊ་ཕཊ་སྭཱཧཱ། །ཅེས་ཤེས་རབ་བློ་འཕེལ་གྱི་གཟུངས་འདི་ཅི་མང་བཟླ། འདི་ཉིད་འབུམ་ཕྲག་བཞི་སོག་ཆད་ལྷག་ནོར་འཁྲུལ་མེད་པར་དམིགས་པ་དང་མ་བྲལ་བར་བཟླས་ན་འཕགས་པ་འཇམ་དཔལ་གྱི་ཞལ་མཐོང་བའམ་རྗེས་སུ་འཛིན་པ་འཇམ་དཔལ་རང་གིས་དམ་བཅས་པས་བྱིན་རླབས་མཆོག་ཏུ་ཆེའོ། །ཐུན་མཐར། བརྩེ་ལྡན་ཁྱོད་ཀྱིས་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ། །ཅེས་ལན་གསུམ་སོགས་བཟླ། བསྔོ་བ་ནི། བདག་གིས་འཇམ་དབྱངས་བཟླས་པའི་མཐུ་ལ་བརྟེན་ནས་སེམས་ཅན་ཐམས་ལ་ལེགས་པའི་ཤེས་རབ་རྒྱས་ཤིང་དགེ་སྡུག་འཇུག་ལྡོག་ཚུལ་བཞིན་ནུས་པར་ཤོག་སྙམ་པས། འཇམ་དཔལ་དཔའ་བོའི་ཅི་ལྟར་མཁྱེན་པ་དང༌། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་ཀྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཅེས་རྟ་ར་སྡེ་བའི་ལྕམ་མོ་ཤེལ་དཀར་མཚོས་གསེར་གྱི་གདུ་བུ་དང་སྨིན་གླིང་བདུག་སྤོས་བཅས་འགྲོ་ལ་ཕན་ཕྱིར་བསྐུལ་བ་ལྟར་རིག་འཛིན་ཚེ་དབང་ནོར་བུས་ཆུ་ཕག་དབོ་ཟླའི་ཡར་ཚེས་དགའ་བ་དང་པོ་ལ་གུ་རུའི་གནས་ཆེན་ལྗོན་པ་ལུང་དུ་བྲིས་པ་བཀྲ་ཤིས་སོ། ། ༈ རྒྱལ་བ་ཀུན་ཀྱི་གཙུག་ཏོར་དབྱིངས་ལས་སྤྲུལ། །དྲན་པ་ཙམ་གྱིས་མི་མཐུན་མཐའ་དག་འཇོམས། །རིགས་སྔགས་ལྷ་མོ་ཡོངས་ཀྱི་འཁོར་ལོས་བསྒྱུར། །ཁྱོད་ཀྱིས་བདག་ཅག་འཁོར་དང་བཅས་ཏེ་སྲུངས། །ཧཱུྂ་མ་མ་ཧཱུྂ་ནི་སྭཱ་ཧཱ། ཅེས་པ་འང་རིག་འཛིན་ཚེ་དབང་ནོར་བུས་བྲིས།


previousའཇམ་དཔལ་གྱི་སྒྲུབ་ཐབས་ཁྱེར་བདེ་མཁྱེན་རབ་གཏེར་མཛོད། next