Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
སྐྱབས་སྡོམ་འབོགས་ཆོག་ཤིན་ཏུ་བསྡུས་པ་ཐར་བའི་སྒོ་ཆེན་འབྱེད་པའི་སྡེ་མིག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐྱབས་སྡོམ་འབོགས་ཆོག་ཤིན་ཏུ་བསྡུས་པ་ཐར་བའི་སྒོ་ཆེན་འབྱེད་པའི་སྡེ་མིག next

སྐྱབས་སྡོམ་འབོགས་ཆོག་ཤིན་ཏུ་བསྡུས་པ་ཐར་བའི་སྒོ་ཆེན་འབྱེད་པའི་སྡེ་མིག

༈ སྐྱབས་སྡོམ་འབོགས་ཆོག་ཤིན་ཏུ་བསྡུས་པ་ཐར་བའི་སྒོ་ཆེན་འབྱེད་པའི་སྡེ་མིག་བཞུགས་སོ། །

ན་མོ་གུ་རུ། ལས་དང་པོ་པ་ཐར་བའི་སྒོར་འཇུག་པའི་ཐབས་ཉག་གཅིག་སྐྱབསས་འགྲོར་ངེས་ལ། དེའང་འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩ་བ་ཡིན་པས་མེད་དུ་མི་རུང་ལ། གཞན་ཕན་སྨོན་པ་བྱང་ཆུབ་ཀྱི་སེམས་ཡང་སྔོན་དུ་སོང་ན་ཆེས་ལེགས་པས། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་ཕྱིར་ཐར་བའི་སྒོར་ཞུགས་ནས་བྱང་ཆུབ་ཀྱི་ལམ་ལ་བསྒྲོད་པར་བྱ། དེའི་ཆེད་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་སྒྲུབ་པར་བྱའོ་སྙམ་པའི་བློས། དཀོན་མཆོག་གསུམ་ལ་ཕྱག་དགུ་ཕྲུག་མཚལ་ཞིང༌། སློབ་དཔོན་གྱི་མདུན་དུ་ཙོག་པུར་འཁོད་ནས། སློབ་དཔོན་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་བཟུང་དུ་གསོལ། །ཞེས་གསོལ་བ་ལན་གསུམ་བཏབ་པ་དང༌། །སློབ་དཔོན་གྱིས་ཐབས་ཡིན་ནོ་གསུང་ནས་གནང་བ་སྦྱིན་པའི་ཚུལ་དུ་སེ་གོལ་གཏོག སློབ་མས་ལེགས་སོ་བརྗོད། འོ་བསྐལ་བ་དང་ལྡན་པ་ཁྱོད་ཉོན་ཅིག ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནསཀྱིས། ཀྱེ་རིགས་ཀྱི་བུ་རྣམས་ཡོན་ཏན་ཐམས་ཅན་ཀྱི་གཞི། །དམ་པའི་ཆོས་ཐེག་པ་ཆེན་པོ་ཉིད། སྡོམ་པ་གསུམ་ལས་བྱུང་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། ཞེས་གསུང་བ་ལྟར་སྐྱབས་སུ་སོང་བ་ཙམ་གྱིས་འཁོར་བ་མཐའ་ཅན་དུ་བྱེད། ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་གྱིས་རྗེས་སུ་འཛིན། ཚེ་འདིར་ཡང་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས་སྲུང༌། རང་གཞན་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་སྤེལ་ནུས་པ་ཡིན་པས་དགའ་བ་དང་བཅས། མདུན་གྱི་ནམ་མཁར་སྟོན་པ་ཟླ་མེད་ཤཱཀྱ་སེངྒེ་ལ་ཕྱོགས་བཅུའི་བླ་མ་རྒྱལ་བ་སྲས་དང་བཅས་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། མ་ལུས་སེམས་ཅན་ཀུན་ཀྱིས་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཅི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ། ཞེས་དང་ཕྱག་འཚལ་བ་དང་མཆོད་ཅིག་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་ཅུང་ཟད་བདག་གིས་ཅི་བསག་པ། །ཐམས་ཅད་བབྱ་མེད་བྱང་ཆུབ་ཕྱིར་བསྔོ་འོ། །ས་གཞི་སྤོས་ཆུའི་སོགས་བརྗོད་པ་དང༌། སྐྱབས་སུ་འགྲོ་བའི་ཚིག་འདིའི་རྗེས་བཟློས་ལན་གསུམ་མཛོད། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་བརྗོད་པའི་མཐར། ཐབས་ཡིན་ནོ་ལ། ལེགས་སོ་ཞེས་ལན་བཏབ། དེང་ནས་བཟུང་སྟེ་ཁྱོད་ནི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་རྗེས་འཇུག །སེམས་ཅན་ཐམས་ཅད་ཀྱི་སྐྱབས་དང་མགོན་དུ་གྱུར་བ་ཡིན་པས། རྒྱུན་དུ་སངས་རྒྱས་ལ་སྟོན་པ་དང༌། ཆོས་ལ་ལམ། འཕགས་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་མོས་པས་གསོལ་འདེབས་ཀྱི་ཚིག་འདི་མ་ཆགས་པར་མཛོད་ཅིག ན་མོ་གུ་བྷྱཿ ན་མོ་བུདྷ་ཡ། ན་མོ་དྷརྨ་ཡ། ན་མོ་སངྒ་ཡ། ཞེས་ལན་གསུམ་བརྗོད། སླར་ནན་ཏན་གྱི་ཚུལ་དུ་སྐྱབས་འགྲོའི་སྡོམ་པ་རྣམས་ཚུལ་བཞིན་སྲུང་སྙམས་པ་འདིའི་རྗེས་བཟློས་མཛོད། །བདག་གིས་སྡོམ་པ་མ་ལུས་བཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བྱ། །མ་གྲོལ་བ་རྣམས་གྲོལ་བར་བྱ། །དབུག་མ་དབྱུང་རྣམས་དབུག་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདའ་ལ་འགོད། །ཞེས་ལན་གསུམ་བརྗོད། སྐྱབས་འགྲོའི་སྡོམ་པ་བཤད། སྐྲ་ཕུད་ལེན་པ་ལ། འོ་ཚེ་དང་ལྡན་པ་ཁྱོད་ཀྱི་གཙུག་ཕུད་དཀོན་མཆོག་ལ་མཆོད་པས་མ་འོངས་པར་ཉོན་མོངས་མ་ལུས་བསལ་བ་དང༌། མུ་ཤེས་མ་ལུས་འཇོམས་པའི་རྟེན་འབྲེལ་ཡོད་པས། གཙུག་ཕུད་འབྲེག་པར་སྤྲོའམ། ཞེས་དྲིས་པར། སྤྲོ་ལགས། ཞེས་ལན་བཏབ་ཚེ་སྐྲ་ཕུད་ཚོགས་ཞིང་ལ་གཏོར་བའི་ཚུལ་མཛད། བུམ་ཆུ་མགོ་ལ་འཐོར། ཨོཾ་ཨ་མོ་གྷ་ཤི་ལ་དང༌། ཁྲིམས་ཀྱི་ཚུལ་ཁྲིམ་སྐྱོན་མེད་ཅིང༌། །ཚུལ་ཁྲིམ་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག ཅེས་བརྗོད། སློབ་དཔོན་ནམ་བརྒྱུད་པའི་བླ་མའི་མཚན་གྱིས་དྲངས་བའི་མིང་འདོགས་པ་ལ། རིགས་ལྔ། ཡུམ་ལྔ། ས་བཅུ། ལམ་ལྔ། ཚད་མེད་བཞི། ལས་བཞི། འབྱོར་དྲུག སྟོན་པའི་མཚན་བརྒྱ་དང༌། སྒྲོལ་མའི་མཚན་བརྒྱ་སོགས་བཀྲ་ཤིས་པའི་མིང་འདོགས། རང་གི་ཉེ་གནས་སོགས་ལ་བསྟན་འཛིན་དང༌། དར་རྒྱས། ཐར་བ། བསོད་ནམས་སོགས་སྨོན་པའི་མཚན་ལས་ཡི་དམ་གྱི་མཚན་མི་འདོགས་པར་གསུངས། བླ་མ་དགོངས་པ་འདུས་པ་ལས། གུ་རུ་པདྨའི་རྗེས་འཇུག་ལ་པདྨའི་སྒྲ་ལས་དྲངས་ན་ཕན་ཡོན་ཆེ་ཚུལ་གསུངས་པ་ལྟར་བྱ། གཞན་ཚེ་ཐར་བྱེད་ཚེ་དུད་འགྲོ་ལའང་བཀྲ་ཤིས་པའི་མིང་ལས་འཕགས་པའི་མཚན་འདོགས་སྲོལ་མེད་དོ། །མཐར་བསྔོ་བ་ནི། བསོད་ནམས་འདི་ཡིས་སོགས་བརྗོད། མཐར་བཀྲ་ཤིས་ནི། ཨོཾ་ཡེ་དྷརྨ་དང༌། སྟོན་པ་སངས་རྒྱས་རྣམས་ཀྱིས་བཀྲ་ཤིས་ཤོག །སྐྱོབས་པ་དམ་ཆོས་རྣམས་ཀྱིས་བཀྲ་ཤིས་ཤོག །འདྲེན་པ་དགེ་འདུན་རྣམས་ཀྱིས་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག ཅེས་པའང་དམ་པའི་གདུང་རིགས་ཀུན་བཟང་རིག་འཛིན་དབང་པོས་བསྐུལ་ངོར་རིག་འཛིན་ཚེ་དབང་ནོར་བུས་ཤིང་སྟག་ལོའི་སྣོན་ཟླའི་ཚེས་བཅུ་གཉིས་སྤྱོད་འཆང་དབང་པོས་ཆོ་འཕྲུལ་བསྟན་པའི་དུས་བཟང་ལ་བྲིས་པ་མངྒ་ལཾ།


previousསྐྱབས་སྡོམ་འབོགས་ཆོག་ཤིན་ཏུ་བསྡུས་པ་ཐར་བའི་སྒོ་ཆེན་འབྱེད་པའི་སྡེ་མིག next